—— བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་བགྲང་བྱ་ལྔ་བཅུ་ལོན་པའི་རྗེས་དྲན་དུ།
[ནང་དོན་གནད་བསྡུས།]རྩོམ་འདིར་སྔོན་བྱུང་མཁས་པ་དག་གིས་བརྩམས་པའི་ལོ་རྒྱུས་དེབ་ཐེར་ལ་གཞི་བཅོལ་ནས། རང་རེའི་བོད་ཀྱི་ལོ་ཙཱའི་བྱུང་འཕེལ་སྲོང་བཙན་སྒམ་པོའི་ཡར་སྔོན་དང་། སྲོང་བཙན་སྒམ་པོ་ནས་དགའ་ལྡན་ཕོ་བྲང་བར། དེ་ནས་བཅིངས་འགྲོལ་རྗེས་ཞེས་དུས་རིམ་གསུམ་དུ་དབྱེ་ནས་མདོ་ཙམ་བརྗོད་ཡོད།
[བརྡ་ཆད་གཙོ་བོ།] ལོ་ཙཱའི་བྱུང་འཕེལ། ཞང་བོད་ལོ་ཙཱ། སཾ་བོད་ལོ་ཙཱ། སྔ་འགྱུར། ཕྱི་འགྱུར།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2015-03-0064-13
དང་པོ། སྲོང་བཙན་སྒམ་པོ་ཡར་སྔོན་གྱི་ལོ་ཙཱ།
(སྤྱི་ལོ་སྔོན་གྱི་དུས་རབས་4པ་ནས་དུས་རབས་6པའི་བར)
སྤྱིར་བཤད་ན། ལོ་ཙཱར་ངག་ཐོག་གི་ལོ་ཙཱ་དང་ཡིག་ཐོག་གི་ལོ་ཙཱ་གཉིས་ཡོད་ཅིང་། བོད་ཀྱི་ངག་ཐོག་གི་ལོ་ཙཱ་དུས་ནམ་ཞིག་ནས་འགོ་ཚུགས་ཚུལ་སུས་ཀྱང་བརྗོད་དཀའ། ངག་ཐོག་གི་ལོ་ཙཱ་ནི་ལོ་ཙཱའི་ལོ་རྒྱུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས་རང་རེའི་ལོ་ཙཱའི་ལོ་རྒྱུས་སུ་འགོད་ཆོག་ཆོག་ཡིན་པ་གདོན་མི་ཟ། ཡིན་ཡང་། སྐབས་སུ་བབ་པ་ནི་ཡིག་ཐོག་ལོ་ཙཱའི་ལོ་རྒྱུས་ཡིན་པས་གཤམ་དུ་བྱུང་བའི་ལོ་ཙཱ་དང་ལོ་ཙཱའི་ལོ་རྒྱུས་ཐམས་ཅད་ཡིག་ཐོག་གི་ལོ་ཙཱ་དང་ཡིག་ཐོག་ལོ་ཙཱའི་ལོ་རྒྱུས་ལ་གོ་དགོས།
རང་རེའི་བོད་དུ་ལོ་ཙཱའི་སྲོལ་དར་བ་ཅུང་སྔ་སྟེ། ཡོངས་གྲགས་སུ་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་སྐབས་སུ་ཞང་བོད་ཀྱི་ལོ་ཙཱའི་སྒོ་འཕར་ཕྱེས་པ་དེ་བོད་ཀྱི་ཐོག་མའི་ལོ་ཙཱའི་ལག་ལེན་ཡིན་པར་འདོད། དེ་ཡང་《རྒྱལ་རབས་བོན་གྱི་འབྱུང་གནས་》ལས་“གཉའ་ཁྲི་བཙན་པོའི་རིང་ལ། རྒྱུའི་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་བོན་དར་ཏེ།མགོན་ཤེས་ལྷ་བོན། གཡང་ཤེས་ཕྱཱ་འདོད། འགྲོ་ཤེས་གླུད་གཏོང་། འདུར་ཤེས་སྲིད་གཤེན། གཙང་ཤེས་སེལ་འདེབས།སྒྲོལ་ཤེས་ལྷ་དཔྱད། ཕན་ཤེས་སྨན། ལྟོ་ཤེས་རྩིས་མཁན། སྒྲ་ཤེས་ལྟོ་དགུ། ལྡིང་ཤེས་ཤ་བ། འཕུར་ཤེས་འཇུ་ཐིག འགྲོ་ཤེས་འཕྲུལ་བོན་དེ་རྣམས་ལ་ཤེས་པ་ཅན་བཅུ་གཉིས་ཟེར་རོ།ཤིན་ཏུ་དར་ཆེ་བ་བྱུང་ངོ་། དེ་ནས་ནམ་མཁའ་སྣང་བ་མདོག་ཅན་ལ་བོན་གྱི་སྤུངས་ཞུས་ནས་གསུངས་སོ། དེའི་སྲས་མུ་ཁྲི་བཙན་པོས་བསླབ་པའི་དོན་གོ བསྒྲུབས་པའི་དོན་གྲུབ། བསྒོམས་པའི་དོན་རྟོགས་ནས་སྟག་གཟིག་ལ་སོགས་འཛམ་བུ་གླིང་གི་ལོ་ཙཱ་བསྒྱུར། ཞང་ཞུང་ནས་མཁས་པ་ཆེན་པོ་བརྒྱ་དང་བརྒྱད་གདན་དྲངས། བོད་དུ་བོན་གྱི་འདུ་གནས་ཆེན་པོ་སུམ་ཅུ་རྩ་བདུན་བཙུགས།”①ཞེས་བཀོད་པ་ལས་གཉའ་ཁྲི་བཙན་པོའི་སྐབས་སུ་ཞང་བོད་ཀྱི་ལོ་ཙཱ་ཐོག་མ་བྱུང་བ་གསལ་པོར་མཐོང་ཐུབ།
《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་》ལས་“དེ་ཡང་སྟག་གཟིག་གི་ལོ་ཙཱ་བ་དམུ་ཙ་ཏྲ་ཧེར། ཁྲི་ཐོག་སྤར་ཙ།ཧུ་ལུ་སྤ་ལེགས་དང་གསུམ་གྱིས་སྟག་གཟིག་སད་སྤུངས་དུན། གྱེར་སང་གཙུག་ཕུད། དམུ་ཙོ་ཏིང་རིམ། དམུ་པན་བརྟན། དམུ་མཁའ་ལྡིང་ནམ། དམུ་རྗེ་སྤལ་པ་དགུ་འབྱུང་དང་དྲུག་ལ་སྒྲ་བསྒྱུར་ནས་བཤད། དེ་དྲུག་གིས་ཞང་ཞུང་གི་བོན་པོ་མུ་ཁོད། རྒྱ་གར་གྱི་གཤེན་པོ་ལི་ཤ། ཁ་ཆེའི་གཤེན་པོ་བྲ་བ་མེ་རི་ཅན། ཐོ་གར་གྱི་གཤེན་པོ་པ་ཝ་ཤང་ཤང་། བྲུ་ཤ་གེ་ལྟེ་ནེ་ལོ་རྒྱ་རྣམས་ལ་བསྟན་ཏེ་བསྒྱུར་རོ།། ལེགས་ཏང་སྨང་པོས་རྒྱ་ནག་གི་གཤེན་པོ་གཙུག་ལག་དཔལ་གེ པ་གོར་བཻ་རོ་ཙ་ན་གཉིས་ལ་བཤད་དེ་རྒྱ་ནག་ཏུ་དར་རོ།། གསེར་ཐོག་ལྕེ་འབྱམས་ཀྱིས་གེ་སར་རྔམ་པ་ལྕེ་རིང་། སུམ་པ་མུ་སྤུངས་གསལ་ཏང་། བོད་ཤ་རི་དབུ་ཆེན། མི་ཉག་ལྕེ་ཚ་མཁར་བུ་རྣམས་ལ་བརྒྱུད་དེ་རང་རང་གི་སྐད་དུ་བསྒྱུར་ནས་དར་རོ།།”②ཞེས་དང་། 《རྒྱལ་རབས་གསལ་བའི་མེ་ལོང་》དུ་“རྒྱལ་(བཙན་པོ་སྤུ་དེ་གུང་རྒྱལ་)བློན་འདི་གཉིས་ཀྱི་དུས་སུ། གཡུང་དྲུང་གི་བོན་བྱུང་སྟེ། སྟོན་པ་གཤེན་རབས་མི་བོ་བྱ་བ་སྟག་གཟིག་འོལ་མོའི་ལུང་རིངས་སུ་སྐྲུ་འཁྲུངས།ཁམས་ཆེན་པོ་བརྒྱད་ལ་སོགས་པ་བོན་པོའི་ཆོས་ཐམས་ཅད། ཞང་ཞུང་གི་ཡུལ་ནས་བསྒྱུར་ཏེ། དར་ཞིང་རྒྱས་པར་མཛད།”③ཅེས་བཀོད་པ་ལས་བོད་ཀྱི་ཐོག་མའི་ལོ་ཙཱ་ནི་བོན་ཆོས་གཙོ་བོར་བཟུང་སྟེ་ཞང་བོད་བར་གྱི་ལོ་ཙཱ་ཡིན་པ་རྟོགས་ཐུབ། རང་རེའི་ཆོས་འབྱུང་དག་ལས། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་སོ་གཉིས་པ་གནམ་རི་སྲོང་བཙན་བར་གྱི་རྒྱལ་པོ་རེ་རེར་ཆབ་སྲིད་འཛིན་པའི་རྒྱལ་པོའི་སྐུ་གཤེན་རེ་དང་། ཐར་ལས་འདྲེན་པའི་བོན་གྱི་བླ་གཤེན་རེ། ཆོས་ཀྱི་གཞུང་ལུགས་བསྒྱུར་བའི་ལོ་པཎ་རེ། བྱ་གཞག་ཐབས་ལ་འཇུག་པའི་གསུང་རབ་རེ་ཡོད་ཅེས་གསུངས་འདུག ལོ་རྒྱུས་ཀྱི་དཔྱད་གཞི་འདི་དག་ལ་རྒྱབ་བཅོལ་ནས་གནའ་དེང་བོད་ཀྱི་མཁས་པ་དག་གིས་གཉའ་ཁྲི་བཙན་པོའི་སྐབས་ཏེ་སྤྱི་ལོའི་སྔོན་གྱི་ལོ་360ཡས་མས་ནས་བོད་ཀྱི་ལོ་ཙཱའི་སྲོལ་བྱུང་བར་འདོད་དོ།།
གཉའ་ཁྲི་བཙན་པོའི་སྐབས་སུ་ཞང་བོད་བར་དུ་ལོ་ཙཱའི་སྒོ་འཕར་ཕྱེས་ནས་ལོ་ཙཱ་བ་མང་པོ་ཞིག་བྱུང་བ་སྟེ། ལོ་རྒྱུས་ཀྱི་དཔྱད་གཞི་ལྟར་ན། སྤྱི་ལོ་སྔོན་གྱི་དུས་རབས་བཞི་པ་ནས་དུས་རབས་དྲུག་པའི་བར། སྔ་རྗེས་སུ་“བོན་གྱི་ཤེས་པ་ཅན་བཅུ་གཉིས་”དང་། “བོན་བསྟན་སྒྲ་སྐད་བསྒྱུར་བའི་ལོ་ཙཱ་བ་དགུ།” “ཞང་ཞུང་མཁས་པ་དགུ་” “རིག་འཛིན་ས་ལ་གནས་པའི་ལོ་པཎ་དགུ།” “རྒྱུད་ལུང་མན་ངག་སྦྱོང་བའི་མཁས་པ་ཉི་ཤུ།” “འཛམ་གླིང་བསྟན་པའི་རྒྱན་དྲུག” “ཞང་བོད་ཀྱི་མཁས་པ་མི་བཞི་”སོགས་བྱུང་། ལོ་རྒྱུས་ཆོས་འབྱུང་དག་ཏུ་མཁས་པ་འདི་དག་གི་རིགས་བགར་སྟངས་དང་མཚན་བགྲང་སྟངས་ཅུང་མི་འདྲ་བ་ལས་ཁྱད་པར་ཆེན་པོ་མི་འདུག གང་ལྟར་ཡང་ཁོང་ཚོས་བོད་ཀྱི་ལོ་ཙཱའི་འཕྲིན་ལས་དང་སྒོས་སུ་ཞང་བོད་ལོ་ཙཱའི་འཕེལ་རྒྱས་དང་བོན་ཆོས་དར་སྤེལ་གཏོང་བར་བླ་ན་མེད་པའི་མཛད་རྗེས་བཞག་ཡོད་པ་ནི་ལོ་རྒྱུས་ཀྱི་དོན་དངོས་ཤིག་རེད། དཔེར་ན། འཛམ་གླིང་བསྟན་པའི་རྒྱན་དྲུག་དང་ཞང་བོད་མཁས་པ་མི་བཞི་ཡིས་སྔ་གཞུག་ཏུ་བོན་ཆོས་མང་པོ་སྟག་གཟིག་དང་ཞང་ཞུང་ནས་བོད་དུ་བསྒྱུར་བ་དང་། བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོས་རྒྱལ་སྲིད་སྐྱོང་སྐབས་བོན་གྱི་ཤེས་པ་ཅན་བཅུ་གཉིས་ཀྱིས་བོན་ཆོས་འབོར་ཆེན་བོད་དུ་བསྒྱུར་ཡོད། འགྱུར་ཡིག་འདི་དག་གིས་བོན་ཆོས་དར་སྤེལ་དང་། གདོད་མའི་བོད་ཀྱི་ཤེས་རིག་འཕེལ་རྒྱས། སྤྱི་ཚོགས་ཡར་ཐོན་ཡོང་བ་ལ་སོགས་པའི་ཐད་ཕྱག་རྗེས་གཞལ་དུ་མེད་པ་བཞག་ཡོད།
དེ་ཡང་དམིགས་སུ་བཀར་ནས་བརྗོད་འོས་པ་ཞིག་ལ།དུས་སྐབས་འདིར་བོད་ཀྱི་ལོ་རྒྱུས་ཐོག་གི་ཡིག་རིགས་གཉིས་ཤན་སྦྱར་གྱི་ལོ་ཙཱའི་ཚིག་མཛོད་ཐོག་མ་བྱུང་། 《མཛོད་》ལས། “མུ་ཁྲི་བཙན་པོའི་སྐབས་སུ་ཞང་ཞུང་ནས་མཁས་པ་བརྒྱ་རྩ་བརྒྱད་གདན་དྲངས་ནས་བོད་དུ་བོན་གྱི་འདུ་གནས་ཆེན་པོ་སུམ་ཅུ་རྩ་བདུན་བཙུགས་ཏེ་བོན་བསྟན་རྒྱ་ཆེར་སྤེལ་བ་དང་བསྟུན་ཞང་ཞུང་གི་སྟོང་རྒྱུང་མཐུ་ཆེན་དང་བོད་ཤ་རི་དབུ་ཆེན་གཉིས་ཡུལ་བྱེ་མ་གཡུང་དྲུང་ཆུ་མིག་བརྒྱད་ཅུ་རྩ་གཉིས་ཀྱི་འགོར་སྟོན་པ་གཤེན་རབ་ཀྱི་བཀའ་གཞུང་ལས་ཞང་བོད་ཚིག་གི་ཚོམས་བསྡེབ་ནས་སྣང་སྲིད་གཏན་ལ་ཕབ་”④ཅེས་པ་ལྟར་སྟོང་རྒྱུང་མཐུ་ཆེན་དང་ཤ་རི་དབུ་ཆེན་སོགས་ཀྱིས་ཞང་བོད་ཀྱི་སྒྲ་མདོ་《ཤ་རིའི་སྒྲ་མདོ་》ཞེས་པ་བརྩམས། དེ་ནས་ཡུན་རིང་མ་འགོར་བར་རྣལ་འབྱོར་ཉི་མ་གྲགས་ཀྱིས་《ཞང་བོད་སྒྲ་ཡི་དོན་སྡེབ་སྣང་གསལ་སྒྲོན་མེ་》⑤བརྩམས། ཞང་བོད་ཀྱི་སྒྲ་འགྲེལ་འདི་གཉིས་བྱུང་བ་ལས་བོད་ཀྱི་ལོ་ཙཱ་དུས་སྐབས་གསར་པ་ཞིག་ཏུ་སྐྱོད་འགོ་བརྩམས་པ་མཚོན།
གཉིས་པ། སྲོང་བཙན་སྒམ་པོ་ནས་དགའ་ལྡན་ཕོ་བྲང་བར་གྱི་ལོ་ཙཱ།
(སྤྱི་ལོ་དུས་རབས་7པ་ནས་དུས་རབས་20པའི་བར)
རང་རེའི་བོད་ཀྱི་ཐོག་མའི་ལོ་ཙཱ་ནི་བོན་ཆོས་གཙོ་བོར་བཟུང་སྟེ་ཞང་བོད་བར་གྱི་ལོ་ཙཱ་ཡིན་ཟེར་ན། དུས་སྐབས་འདིའི་ལོ་ཙཱ་ནི་ནང་བསྟན་གཙོ་བོར་བཟུང་སྟེ་སཾ་བོད་བར་གྱི་ལོ་ཙཱ་གཙོ་བོ་དང་རྒྱ་བོད་བར་གྱི་ལོ་ཙཱ་ཕལ་བར་གྱུར་བའི་དུས་སྐབས་ཤིག་ཡིན། ལོ་རྒྱུས་དེབ་ཐེར་རྣམས་སུ་སྐབས་འདིའི་ནང་བསྟན་འཕེལ་རྒྱས་ལ་བསྟན་པ་སྔ་དར་དང་ཕྱི་དར་ཞེས་གཉིས་སུ་ཕྱེས་པ་ལྟར། སྐབས་འདིའི་ལོ་ཙཱ་ཡང་ལོ་ཆེན་རིན་ཆེན་བཟང་པོ་དབྱེ་མཚམས་སུ་བཟུང་ནས་གསང་སྔགས་རྙིང་མ་(སྔ་འགྱུར་)དང་གསང་སྔགས་གསར་མ་(ཕྱི་འགྱུར་)གཉིས་སུ་ཕྱེས་ཡོད། གཤམ་དུ་དུས་སྐབས་འདི་གཉིས་ཀྱི་ནང་བསྟན་ཆོས་གཞུང་གཙོར་བྱས་པའི་ལོ་ཙཱའི་ལག་ལེན་བརྗོད་པར་བྱ་སྟེ།
གཅིག སྔ་འགྱུར་གྱི་སྐབས། སྔ་འགྱུར་སྐབས་ཀྱི་ལོ་ཙཱ་ནི་དུས་རབས་7པ་ནས་དུས་རབས་10པའི་དུས་འགོའི་སྐབས་ཀྱི་ལོ་ཙཱའི་ལག་ལེན་ལ་གོ་ཞིང་། དུས་སྐབས་འདི་ནི་ནང་བསྟན་ཆོས་གཞུང་གི་ལོ་ཙཱ་དར་རྒྱས་ཤིན་ཏུ་ཆེ་བའི་སྐབས་ཡིན་ཏེ། རྒྱལ་རབས་སོ་སོའི་བཙན་པོའི་རྒྱབ་སྐྱོར་འོག་ལོ་ཙཱ་བའི་སྡེ་གསོ་སྐྱོང་དང་། སྒྲ་སྒྱུར་གླིང་འཛུགས་པ། ལོ་ཙཱའི་བཀས་བཅད། ལོ་ཙཱའི་གཞུང་ལུགས་གསར་གཏོད་སོགས་ཀྱི་ཐད་ནས་གྲུབ་འབྲས་རྒྱ་ཆེན་པོ་བླངས་ཡོད། ངོ་ལོ་300རིང་གི་དུས་སྐབས་འདིའི་ལོ་ཙཱའི་ལག་ལེན་ལ་བལྟས་ན། སྲོང་བཙན་སྒམ་པོའི་སྐབས་ནི་ལོ་ཙཱའི་རྟོག་ཞིབ་ཀྱི་དུས་རིམ་དང་། ཁྲི་སྲོང་ལྡེ་བཙན་སྐབས་ནི་ལོ་ཙཱ་དར་རྒྱས་ཆེན་པོ་བྱུང་བའི་དུས་རིམ། ཁྲི་ལྡེ་སྲོང་བཙན་སྐབས་ནི་ལོ་ཙཱའི་གྲུབ་འབྲས་སྨིན་པའི་དུས་རིམ་ཡིན་པར་འདོད།
དང་པོ། སྲོང་བཙན་སྒམ་པའི་སྐབས། བཙན་པོ་སྲོང་བཙན་སྒམ་པོའི་སྐབས་ནས་བཟུང་རང་རེའི་བོད་ཁམས་ནི་སྔར་གྱི་རྙིང་ཞེན་དང་བག་འཁུམ་གྱི་རྒྱ་ལས་གྲོལ་ཏེ་ཕྱོགས་བཞིའི་མངའ་ཁོངས་རྒྱ་བསྐྱེད་པ་དང་སྲིད་འབྱོར་དམག་གསུམ་འཕེལ་རྒྱས་འགྲོ་བའི་ལམ་དུ་སྐྱོད་འགོ་བརྩམས། དེ་ཡང་《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ། “ཤར་ཕྱོགས་རྒྱ་དང་མི་ཉག་ནས།། བཟོ་དང་རྩིས་ཀྱི་དཔེ་རྣམས་བླངས།། ལྷོ་ཕྱོགས་དཀར་པོའི་རྒྱ་གར་ནས།། དམ་པའི་ཆོས་ཀྱི་སྒྲ་རྣམས་བསྒྱུར།། ནུབ་ཕྱོགས་སོག་པོ་བལ་པོ་ནས།། ཟས་ནོར་ལོངས་སྤྱོད་གཏེར་ཁ་ཕྱེ།། བྱང་ཕྱོགས་ཧོར་དང་ཡུ་གུར་ནས།། ཁྲིམས་དང་ལས་ཀྱི་དཔེ་རྣམས་བླངས།། དེ་ལྟར་ཕྱོགས་བཞིར་དབང་སྒྱུར་ནས།། མཐའ་ཡི་ལོངས་སྤྱོད་དབང་དུ་སྡུད།། འཛམ་གླིང་ཕྱེད་ལ་ཁ་ལོ་སྒྱུར།།”⑥ཞེས་བཀོད་པ་བཞིན་ཡིན། སྒོས་སུ་སྲོང་བཙན་སྒམ་པོས་ཐོན་མི་སམ་བྷོ་ཊ་གཙོ་བྱས་པའི་བོད་མི་བཅུ་དྲུག་རྒྱ་གར་དུ་སློབ་གཉེར་བྱེད་པར་མངགས་ཏེ། བོད་ཀྱི་ཡི་གེ་སྒོ་ཀུན་ནས་གསར་བཅོས་གནང་སྟེ་བོད་ཁམས་ཡོངས་ལ་སྤྱོད་བདེ་བའི་གཅིག་གྱུར་གྱི་སྐད་ཡིག་བཟོས་པ་དང་། བློ་རིག་གསལ་བའི་གཞོན་ནུ་མང་པོ་རྒྱ་ནག་གི་རིག་གནས་སྦྱོང་བར་མངགས་པ་སོགས་ཐབས་ལམ་མང་པོ་སྤྱད་པས། ནང་བསྟན་ཆོས་གཞུང་བོད་དུ་འགྱུར་བར་རྨང་གཞི་བརྟན་པོ་བཏིང་། སྐབས་དེར་ལོ་ཙཱ་གནང་བའི་ཚུལ་ནི་“རྒྱ་བལ་མཁས་པ་དུ་མ་སྤྱན་དྲངས་ཏེ།། གསུང་རབ་དུ་མ་བསྒྱུར་ཅིང་དར་བར་མཛད།། རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་དང་བྲམ་ཟེ་ཤང་ཀ་ར་དང་། ཁ་ཆེ་ཏ་ནུ་དང་། བལ་པོ་ཤཱི་ལ་མཉྫ་དང་། རྒྱ་ནག་ཧ་ཤང་མ་ཧ་དེ་ཝ་ཆེ་རྣམས་བྱོན། ལོ་ཙཱ་བ་ཐོན་མི་སམ་བྷོ་ཊ་དང་། དེའི་མཆན་བུ་དྷ་རྨ་ཀོ་ཥ་དང་ལྷ་ལུང་རྡོ་རྗེ་དཔལ་སོགས་ཀྱིས་འདུས་པ་རིན་པོ་ཆེ་ཏོག་གི་གཟུངས། ཟླ་བ་སྒྲོན་མ། དཀོན་མཆོག་སྤྲིན་སོགས་བསྒྱུར་ཅིང་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ཡང་བསྒྱུར་བར་གྲགས། གཙོ་བོར་ཐུགས་རྗེ་ཆེན་པོའི་མདོ་རྒྱུད་ཉི་ཤུ་རྩ་གཅིག་བསྒྱུར།”⑦ཞེས་བཀོད་པ་ལོ་རྒྱུས་དེབ་ཐེར་གཞན་དང་མི་འདྲ་བ་ཅུང་ཙམ་ཡོད་ཀྱང་། སྐབས་དེར་ཐོན་མི་སམ་བྷོ་ཊ་དང་ཁོང་གི་མཆན་བུ་རྣམས་ཀྱིས་རྒྱ་གར་སོགས་ནས་ཕེབས་པའི་མཁས་པ་དག་གི་རོགས་རམ་འོག་ནང་བསྟན་ཆོས་གཞུང་གི་ལོ་ཙཱའི་སྲོལ་ཕྱེས་པར་བོད་ཀྱི་གནའ་དེང་མཁས་པ་རྣམས་ཀྱིས་མགྲིན་གཅིག་གིས་མོས་མཐུན་བྱས་དང་བྱེད་ཀྱིན་ཡོད། སྐབས་འདིར་ནང་བསྟན་ཆོས་གཞུང་འབོར་ཆེན་བོད་དུ་བསྒྱུར་ཡོད་ཀྱང་། སཾ་བོད་ལོ་ཙཱའི་སྒོ་འཕར་ཐོག་མར་ཕྱེ་པའི་སྐབས་ཡིན་པས་ཐ་སྙད་གཅིག་གྱུར་མིན་པ་དང་འགྱུར་སྤུས་ཀྱང་དེ་འདྲ་ཚད་ལྡན་མིན་པ་སོགས་ཀྱི་སྣང་ཚུལ་བདོག་པ་གོར་མ་ཆག དེའི་ཕྱིར། སྐབས་འདི་ནི་ནང་བསྟན་ཆོས་གཞུང་ལོ་ཙཱའི་རྟོག་ཞིབ་ཀྱི་དུས་རིམ་ཡིན་པ་ལས་ད་དུང་འཐུས་སྒོ་ཚང་ཞིང་ཚད་ལྡན་པའི་གཞུང་ལུགས་ཅན་གྱི་ཆུ་ཚད་དུ་སླེབས་ཐུབ་མེད།
《ཆོས་འབྱུང་མཁས་པའི་དགའ་སྟོན་》ལྟར་ན། སྐབས་འདིར་རྒྱ་བོད་ལོ་ཙཱའི་སྒོ་འཕར་ཡང་ཕྱེས་ཡོད། རྒྱ་ནག་གི་ཧ་ཤང་མ་ཧཱ་དེ་ཝ་དང་བོད་ཀྱི་ལོ་ཙཱ་བ་དྷ་རྨ་ཀོ་ཥ་གཉིས་ཀྱིས་རྒྱ་བཟའ་ཀོང་ཇོས་ཁྱེར་ཡོང་བའི་《སྨན་དཔྱད་ཆེན་མོ་》⑧སོགས་བོད་དུ་བསྒྱུར། དེ་ལས་གཞན། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་འགའ་ལས། ཏུན་ཧོང་གཏེར་ཡིག་ཏུ་བྱུང་བའི་《ཧྲང་ཧྲུའུ་》⑨དང་《ཀྲན་གོ་ཚེ་》⑩ཡང་སྐབས་འདིར་བསྒྱུར་བར་གྲགས།
སྲོང་བཙན་སྒམ་པོ་སྐུ་གཤེགས་རྗེས་སྔ་གཞུག་ཏུ་མང་སྲོང་མང་བཙན་དང་འདུས་སྲོང་མང་པོ་རྗེ་ཡིས་རྒྱལ་སྲིད་སྐྱོང་སྐབས། བོན་པོའི་སྟོབས་ཤུགས་ཆེ་རུ་ཕྱིན་ནས་ནང་བསྟན་ལ་ངོ་རྒོལ་བྱས་པས། སྐབས་ཤིག་རིང་ནང་བསྟན་ཆོས་གཞུང་ལོ་ཙཱའི་འཕྲིན་ལས་ལ་ཤན་ཤུགས་ཆེན་པོ་ཐེབས། དེ་བས། སྲོང་བཙན་སྒམ་པོ་སྐུ་མྱ་ངན་ལས་འདས་ནས་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱིས་རྒྱལ་སྲིད་སྐྱོང་བའི་བར་གྱི་དུས་རབས་ཕྱེད་ཙམ་རིང་། ནང་བསྟན་ཆོས་གཞུང་གི་ལོ་ཙཱའི་གོམ་ཁ་ཕལ་ཆེར་མཚམས་བཞག་ཅེས་ཀྱང་བཤད་ཆོག་པར་སེམས།
བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱིས་རྒྱལ་སྲིད་བཟུང་རྗེས། ནང་བསྟན་དར་སྤེལ་གཏོང་ཆེད་རྒྱ་གར་ནས་སངས་རྒྱས་གསང་བ་དང་སངས་རྒྱས་ཞི་བ་རྣམ་གཉིས་གདན་འདྲེན་པར་མི་མངགས་ཀྱང་ཕེབས་མ་ཐུབ། གདན་འདྲེན་དུ་ཕྱིན་པའི་ལོ་ཙཱ་བས་དེ་གཉིས་ཀྱི་མདུན་ནས་དམ་པའི་ཆོས་མདོ་སྡེ་ལས་རྣམ་འབྱེད་དང་། གསེར་འོད་དམ་པ། ཐེག་ཆེན་གྱི་ཆོས་དཔེ་ལྔ་ཞུས་པ་རྣམས་བོད་དུ་བསྒྱུར་ནས་རྒྱལ་པོར་ཕུལ་བས་ནང་བསྟན་འཕེལ་རྒྱས་ལ་མཛད་འཕྲིན་ཆེན་པོ་བཞགའདིའི་སྐོར་《བུ་སྟོན་ཆོས་འབྱུང་》ལས། “བྲན་ཀ་མུ་ལ་ཀོ་ཥ་དང་གཉགས་ཛྙྰ་ན་ཀུ་མཱ་རས་མདོ་སྡེ་ལས་བརྒྱ་པ་དང་། གསེར་འོད་དམ་པ་གཉིས་བསྒྱུར། རྩིས་དང་སྨན་དཔྱད་ལ་སོགས་པ་བསྒྱུར་ཏེ་ཆོས་སྲོལ་ཆེར་མཛད་དོ།”⑾ཞེས་བཀོད་པ་ལས་གསལ་པོར་རྟོགས་ནུས།
གཉིས་པ། ཁྲི་སྲོང་ལྡེ་བཙན་གྱི་སྐབས། དུས་རབས་8པའི་དུས་དཀྱིལ་དུ་བཙན་པོ་ཁྲི་སྲོང་ལྡེ་བཙན་རྒྱལ་ཁྲིར་འགོད་སྐབས། གཅིག་ནས་བཙན་པོ་སྐུ་ན་ཕྲ་བ་དང་གཉིས་ནས་སྐབས་དེར་བོན་པོའི་སྟོབས་ཤུགས་ཆེ་བའི་དབང་གིས་བོན་པོ་རྣམས་ཀྱིས་ཐབས་ཤེས་སྣ་ཚོགས་སྤྱད་ནས་ནང་བསྟན་གྱི་མགོ་གནོན་པར་བརྩམས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྲིད་དབང་ཡོངས་སུ་ཟིན་རྗེས་ནང་བསྟན་ཆོས་ལུགས་དར་སྤེལ་གཏོང་འགོ་བརྩམས་ཏེ། སྦ་གསལ་སྣང་མངགས་ནས་སྔ་རྗེས་སུ་མཁན་པོ་ཞི་བ་འཚོ་དང་སློབ་དཔོན་པད་མ་འབྱུང་གནས་གདན་དྲངས། སྤྱི་ལོ་762ལོར་མཁན་སློབ་ཆོས་གསུམ་ལྷན་འཛོམས་བྱུང་ནས་བོད་ཀྱི་དགོན་པ་ཐོག་མ་སྟེ་བསམ་ཡས་གཙུག་ལག་ཁང་བཞེངས་ཤིང་། བོད་ཀྱི་དགེ་སློང་གི་ཐོག་མ་སད་མི་བདུན་རབ་ཏུ་བྱུང་། སྐབས་འདི་ནས་བཟུང་བོད་ཀྱི་ལོ་ཙཱའི་འཕྲིན་ལས་དུས་རིམ་གསར་པ་ཞིག་ཏུ་གོམ་ཁ་བསྒྱུར།
བསམ་ཡས་གཙུག་ལག་ཁང་ཕྱག་བཏབ་ནས་བོད་ཀྱི་དགེ་སློང་གི་ཐོག་མ་བྱུང་བ་འདིས་ནང་བསྟན་ཆོས་ལུགས་བོད་ཀྱི་སྤྱི་ཚོགས་སྟེང་དངོས་སུ་རྐང་ཚུགས་པ་མཚོན་ཞིང་།ཡུལ་གྲུ་འདི་ནས་ནང་བསྟན་གཞུང་ལུགས་སྔར་ལས་གཞི་ཁྱོན་ཆེ་བའི་ལོ་ཙཱ་དང་དར་སྤེལ་གཏོང་བར་རྨང་གཞི་བརྟན་པོ་བཏིང་། བསམ་ཡས་སྒྲ་སྒྱུར་གླིང་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་སྒྲ་སྒྱུར་ཁང་ཐོག་མ་ཡིན་པར་མ་ཟད། དེས་བོད་བརྒྱུད་ནང་བསྟན་དགོན་པའི་སློབ་གསོ་དར་སྤེལ་གཏོང་བར་སྲ་ཞིང་བརྟན་པོའི་རྨང་གཞི་བཏིང་ཡོད། དགེ་སློང་གི་སྡེ་རིམ་བཞིན་རྒྱ་བསྐྱེད་པ་དང་ནང་བསྟན་ཆོས་གཞུང་སྦྱོང་བའི་དགོས་མཁོ་དངོས་དང་བསྟུན་ནང་བསྟན་ཆོས་གཞུང་ལོ་ཙཱར་སྔར་མེད་ཀྱི་འཕེལ་རྒྱས་བྱུང་།
《བོད་ཀྱི་ཆོས་ལུགས་ལོ་རྒྱུས་མདོར་བསྡུས་》ལས།“བསམ་ཡས་གཙུག་ལག་ཁང་བཞེངས་རྗེས། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྔར་བཞིན་རྒྱ་གར་དུ་མི་མངགས་ནས་སངས་རྒྱས་ཆོས་ལུགས་ཀྱི་དགེ་སློང་བ་གདན་དྲངས་པ་དང་ཆབས་ཅིག་ད་དུང་བོད་མི་སྐོར་ཞིག་རྒྱ་གར་དུ་སློབ་གཉེར་བྱེད་པར་མངགས། འདི་ཚང་མ་ནང་བསྟན་ཆོས་གཞུང་ལོ་ཙཱ་དང་དར་སྤེལ་གཏོང་བར་ཐད་ཀར་འབྲེལ་བ་ཡོད། རྒྱ་གར་ནས་གདན་དྲངས་པའི་མཁན་པོའི་ཁྲོད་དུ་སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས། ཁ་ཆེའི་ཨཱ་ནནྡ་སོགས་ཡོད། ཁོང་ཚོའི་འཕྲིན་ལས་གཙོ་བོ་ནི་ནང་བསྟན་ཆོས་གཞུང་ལོ་ཙཱ་བྱ་རྒྱུ་དེ་ལགས།”⑿ཞེས་བཙན་པོ་འདི་ཉིད་ཀྱི་སྐུ་རིང་ལ་“སྒྲ་སྒྱུར་རྒྱ་གར་གླིང་”ཞེས་སྒྱུར་གྲྭ་བཙུགས་ནས། རྒྱ་གར་དང་། ཁ་ཆེ། རྒྱ་ནག བལ་པོ་སོགས་ཕྱོགས་བཞིའི་ལོ་པཎ་གདན་དྲངས་ཏེ་གཞི་རྒྱ་ཆེ་བའི་སྒོ་ནས་ནང་བསྟན་ཆོས་གཞུང་ལོ་ཙཱ་མཛད་ཅིང་། ཕྱི་ནས་གདན་དྲངས་པའི་ལོ་ཙཱ་བའི་སྡེ་ལ་བོ་དྷི་ས་ཏྭ་དང་། ཀ་མ་ལ་ཤི་ལ། བི་མ་ལ་མི་ཏྲ། པདྨ་འབྱུང་གནས། སངས་རྒྱས་གསང་བ། ཛི་ན་མི་ཏྲ་སོགས་ཡོད་པ་ལས་གཞན་ད་དུང་བོད་རང་གི་སད་མི་བདུན་སོགས་བསྐྱངས་ཡོད་ལ། སད་མི་བདུན་གྱིས་སྐ་བ་དཔལ་བརྩེགས་སོགས་ལོ་ཙཱ་བ་108གསོ་སྐྱོང་མཛད་པ་དང་། དེ་དག་གིས་ཀླུའི་རྒྱལ་མཚན་སོགས་ལོ་ཙཱ་བ་1008གསོ་སྐྱོང་མཛད། སྐབས་འདིར་བྱུང་བའི་ལོ་ཙཱ་བ་ཆིག་སྟོང་ལྷག་ལས་ཆེས་སྙན་གྲགས་ལྡན་པ་ནི་ལོ་ཙཱ་བ་རྒན་དར་གཞོན་གསུམ་སྟེ་བཻ་རོ་ཙ་ན་དང་། ལྡན་མ་རྩེ་མང་། ཨཱ་ནནྡ། ཀུ་མ་ར་ཏ། འཁོན་ཀླུའི་དབང་པོ། རྨ་རིན་ཆེན་མཆོག སྐ་བ་དཔལ་བརྩེགས། ལྕོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་སོགས་ཡིན། བུ་སྟོན་རིན་ཆེན་གྲུབ་ལྟར་ན། སྐབས་དེར་ཕྱི་ནས་འོང་བའི་པཎྜིཏ་ཆེན་པོ་9དང་པཎྜིཏ་92ལྷག་ཡོད་ཅིང་། ཇོ་བོ་ཨ་ཏི་ཤའི་ཡར་སྔོན་དུ་བོད་ལ་ཕེབས་པའི་པཎྜིཏ་30ལྷག་ཡོད་སྐད།
སྐབས་དེར་ལོ་ཙཱ་བྱས་པའི་གནས་ཚུལ་《བཀའ་ཐང་སྡེ་ལྔ་》ལས། “ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐུ་རིང་ལ།། ལོ་ཙཱ་པ་གོར་བཻ་རོ་ཙ་ན་བྱོན།། རྒྱ་གར་ཐེག་ཆེན་དམ་ཆོས་བོད་དུ་བསྒྱུར།། ཟ་ཧོར་ཡུལ་ན་མཁས་པར་གྲགས་པ་ཡི།། བོ་དྷི་སཏྭ་བོད་དུ་གདན་དྲངས་ནས།། ལོ་ཙཱ་མཁས་པ་སྐ་བ་དཔལ་བརྩེགས་ཀྱིས།། མཁན་པོ་བོ་དྷི་ས་ཏྭའི་གསུང་བགྲོས་བསྒྱུར།། རྒྱ་ནག་ཡུལ་ན་མཁས་པར་གྲགས་པ་ཡི།། ཧྭ་ཤང་མ་ཧཱ་ཡ་ན་གདན་དྲངས་ནས།། རྒྱ་ནག་སྨན་དང་འབྱུང་བའི་རྩིས་ལ་སོགས།། ལོ་ཙཱ་སྣ་ནམ་ས་ལ་བཙུན་གྱིས་བསྒྱུར།། ཨུ་རྒྱན་ཡུལ་དུ་མཁས་པར་གྲགས་པ་ཡི།། པད་མ་འབྱུང་གནས་བོད་དུ་གདན་དྲངས་ནས།། གསང་སྔགས་ཟབ་མོ་བདེ་གཤེགས་འདུས་པའི་ཆོས།། མན་ངག་ཟབ་མོ་དཔག་མེད་གསུངས་པ་རྣམས།། ལོ་ཙཱ་ཆེན་པོ་བཻ་རོ་ཙ་ན་དང་།། ལོ་ཙཱ་ཆེན་པོ་ལྡན་མ་རྩེ་མང་གིས།། སྒྲ་སྒྱུར་རྒྱ་གར་གླིང་དུ་བསྒྱུར་ཅིང་བཀོད།། རྒྱ་གར་ཡུལ་ན་ཆེ་ཞིང་མཁས་པ་ཡི།། པཎ་ཆེན་བི་མཱ་མི་ཏྲ་གདན་དྲངས་ནས།།ལོ་ཙཱ་ཅོག་རོ་ཀླུ་ཡི་རྒྱལ་མཚན་དང་།། སྐད་སྣ་བདུན་ལ་མཁས་པར་སྦྱངས་པ་ནི།། གནུབས་ཀྱི་ལོ་ཙཱ་སངས་རྒྱས་ཡེ་ཤེས་ཀྱིས།། རྒྱ་གར་མཁས་པའི་དམ་ཆོས་བོད་དུ་བསྒྱུར།།གཞན་ཡང་སློབ་དཔོན་པད་མའི་ཞལ་སྔ་ནས།། ལོ་ཙཱ་གནུབས་བན་ནམ་མཁའི་སྙིང་པོ་དང་།། ལོ་ཙཱ་ཡེ་ཤེས་ཛྙྰ་ན་ཀུ་མཱ་ར།། ལོ་ཙཱ་རིན་ཆེན་མཆོག་ལ་སོགས་པ་ཡིས།།གསང་སྔགས་དོན་དམ་འབྲས་བུའི་དམ་ཆོས་བསྒྱུར།།”⒀ཞེས་གསུངས་པ་ལྟར་ཡིན། དེ་ལྟར་བཙན་པོའི་ཐད་ཀར་རྒྱབ་སྐྱོར་གནང་བར་བརྟེན། ནང་བསྟན་ཆོས་གཞུང་བགྲང་ལས་འདས་པ་ལོ་ཙཱ་བྱས་པ་ལས་གཞན་ད་དུང་རྩོམ་རིག་དང་། སྨན་དཔྱད། སྐར་རྩིས་སོགས་ཀྱི་བརྩམས་ཆོས་ཀྱང་མི་ཉུང་བ་ཞིག་ལོ་ཙཱ་བྱས་པས། རང་རེའི་བོད་ཀྱིས་ནང་བསྟན་ཆོས་ལུགས་ནང་འདྲེན་བྱེད་པ་དང་ཆབས་ཅིག་ཚན་རྩལ་དང་རིག་གནས་གཞན་དག་ཀྱང་ནང་འདྲེན་བྱས།
བསམ་ཡས་སྒྲ་སྒྱུར་གླིང་བཙུགས་རྗེས་བཙན་པོ་རང་ཉིད་ཀྱིས་དེའི་དབུ་འཛིན་པའི་འགན་བཞེས་ཤིང་། མཁན་པོ་བོ་དྷི་སཏྭ་དང་སློབ་དཔོན་པད་མ་འབྱུང་གནས་ཀྱིས་སློབ་ཁྲིད་བྱེད་འགན་གཙོ་བོའི་འགན་འཁུར་བ་དང་། བཻ་རོ་ཙ་ན་དང་། སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན་བཅས་ཀྱིས་སློབ་ཁྲིད་ཀྱི་ཕྱག་རོགས་གནང་སྟེ་ལོ་ཙཱ་བའི་སྡེ་གསོ་སྐྱོང་གང་ལེགས་མཛད། བོད་ཁམས་ཡོངས་ནས་སྙིང་རུས་ཆེ་ཞིང་བློ་རིག་བཀྲ་བའི་གཞོན་ནུ་བརྒྱ་དང་བརྒྱད་སློབ་མར་བསྡུས་ནས་ལེགས་སྦྱར་གྱི་སྐད་ཡིག་སློབ་གཉེར་བྱེད་དུ་བཅུག སློབ་མ་བསྡུ་བའི་ཐད་ཆ་རྐྱེན་དང་སྒྲིག་ལམ་གསལ་པོར་བཏོན་ཚུལ། 《པད་མ་བཀའ་ཐང་》ལས། “བློ་རྣོ་སྙིང་རུས་ཆེ་བའི་མཆོག་གྱུར་བ།། ལོ་ཙཱ་བརྒྱ་དང་རྩ་བརྒྱད་འཚོལ་དགོས་སྙམ།། མངའ་འོག་བོད་ཡུལ་རུ་བཞི་ཐམས་ཅད་ཀྱི།། ལོ་བརྒྱད་ཡན་ཆད་བཅོ་བརྒྱད་མན་ཆད་ཀྱི།། ལུས་ལ་སྐྱོན་མེད་སེམས་ལ་ཐག་མ་ཞུགས།། བློ་གསལ་གཡེར་ཞིང་དྲན་པ་གཞུངས་མང་བསྡུས།།”⒁ཞེས་གསུངས།སྐབས་དེར་ལོ་ཙཱའི་སློབ་མ་འདེམ་སྒྲུག་བྱེད་སྐབས་བཙན་པོ་སྐུ་དངོས་སུ་སློབ་མ་སོ་སོའི་ཁྱིམ་དུ་ཕེབས་ནས་ཚིག་འཛིན་དང་། དོན་བསམ། ལན་འདེབས། དབྱེ་ཞིབ་བཞིའི་སྒོ་ནས་བརྟག་དཔྱད་མཛད་དེ་ཕ་མར་སློང་བ་དང་། བསླུ་རིན་འདོད་པ་ཁེངས་ངེས་སྤྲོད་པ། ཡུལ་བབ་ཆ་རྐྱེན་ཞན་པའི་ཕ་མ་རྣམས་ཆ་རྐྱེན་བཟང་སར་སྤོས་ཆོག་པ། དཔྱ་ཁྲལ་ཡང་བཟོ་སོགས་ཀྱི་དམིགས་བསལ་གཟིགས་སྐྱོང་གནང་བ། རྒྱ་གར་དང་བལ་པོ་སོགས་སུ་ལོ་ཙཱ་སློབ་གཉེར་དུ་འགྲོ་མཁན་ཚང་མའི་འགྲོ་གྲོན་བཙན་པོའི་མཛོད་ནས་གཏོང་བ། ལམ་ཆས་ཆ་ཚང་དང་ཚ་བའི་སྨན་རྣམས་གཞུང་ནས་སྤྲད་ཅིང་།རྒྱ་གར་དང་བལ་པོའི་རྒྱལ་པོར་ཕྱག་བྲིས་ངོ་སྤྲོད་བཀའ་ཡིག་དང་ཕྱག་རྟགས་སོགས་བསྐུར་ནས་བརྫངས་པ་གནང་གིན་ཡོད། དེས་མི་ཚད། “སྒྲ་སྒྱུར་གྱི་ལོ་ཙཱ་བ་དེ་ལ་གསོལ་ཐང་ནི། བློན་པོ་ཆེན་པོ་ཀུན་དང་མཉམ་མོ། བློན་པོ་ཆེན་པོའི་ཟ་ཐང་ནི། རྒྱལ་པོས་གསོལ་བའི་སུམ་ཆ་གཅིག་ཡིན་ནོ། རྒྱལ་པོ་ཆེན་པོའི་གསོལ་ཐང་ནི། སྐུ་སྲུང་བརྒྱ་བརྒྱའི་ཆས་དང་བཅས་པ་ན་མ་རེ་རེ་ལ་ཡོད་དོ།”⒂ཞེས་པ་ལས་སྐབས་དེའི་ལོ་ཙཱ་བར་འཚོ་བའི་ཐོབ་ཐང་ཆེན་པོ་ཡོད་པ་རྟོགས་ནུས། ཐབས་ཤེས་འདི་དག་གིས་ལོ་ཙཱའི་སློབ་གཉེར་ལ་སྐུལ་མ་ཆེན་པོ་བཏང་བ་དང་ལྷན་དུ་བཙན་པོས་ལོ་ཙཱའི་འཕྲིན་ལས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གང་ལེགས་གནང་བའང་མཚོན། ལོ་ཙཱའི་སློབ་གཉེར་བྱེད་མཁན་སློབ་མ་བརྒྱ་རྩ་བརྒྱད་གསོ་སྐྱོང་གནང་བ་དག་ཀྱང་སོ་སོའི་རྒྱུད་ཀྱི་ཡོན་ཏན་ལྟར་ཞུས་ཆེན་ལོ་ཙཱ་བ་དང་། བར་ཞུས་ལོ་ཙཱ་བ། མཆན་བུ་ལོ་ཙཱ་བ་ཞེས་རིམ་པ་གསུམ་དུ་བཀར་ཡོད། བཙན་པོ་འདིའི་རིང་གསོ་སྐྱོང་གནང་བའི་ལོ་ཙཱ་བའི་ནང་ཞུས་ཆེན་འཕེར་བའི་སཾ་བོད་ཀྱི་ལོ་ཙཱ་བ་བཅོ་ལྔ་དང་། རྒྱ་བོད་ཀྱི་ལོ་ཙཱ་བ་དགུ་བྱུང་ཚུལ་《ཀློང་ཆེན་ཆོས་འབྱུང་》དུ་གསལ།
བཙན་པོ་རྒྱལ་རབས་ཀྱི་སྟོབས་ཤུགས་ལྡན་པའི་རྒྱབ་སྐྱོར་འོག་དང་། བོད་དང་མཐའ་བཞིའི་རྒྱལ་ཁབ་སོ་སོའི་ལོ་ཙཱ་བ་རྣམས་ཀྱི་ཐུན་མོང་གི་འབད་བརྩོན་ལ་བརྟེན་ནས། བོད་ཀྱི་ལོ་ཙཱ་བའི་སྡེ་ལ་ཐོལ་བརྒལ་གྱི་འཕེལ་རྒྱས་བྱུང་བར་མ་ཟད། ལོ་ཙཱའི་གོ་རིམ་དང་སྒྲིག་སྲོལ་ཐད་དུའང་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་ཡོད། དེ་ཡང་སྔོན་གྱི་ལོ་ཙཱའི་ཉམས་མྱོང་ཕྱོགས་སྡོམ་དང་འགྱུར་ཡིག་དག་བཅོས་བྱེད་པའི་མཐུན་རྐྱེན་འཛོམས་ནས་བཀས་བཅད་བཏང་ཚུལ་《ལི་ཤིའི་གུར་ཁང་》ལས། “བཙད་པོ་(བཙན་པོ)ཁྲིད་སྲོང་ལྡེ་བཙན་གྱི་དུས་དང་པོར་བྱས་པའི་འགྱུར་རྣམས་ནི། དང་པོའི་བཀས་བཅད་ཀྱིས་བསྒྱུར་བ་སྟེ། སངས་རྒྱས་ཕལ་པོ་ཆེ་དང་། ལུང་སྡེ་བཞི་དང་། མདོ་སྡེ་ཁ་ཅིག་དང་ཤེར་ཕྱིན་གྱི་མདོ་ཁ་ཅིག་སྟེ། སྐབས་གསར་བཅད་ཀྱིས་གཏན་ལ་མ་ཕབ་པ་རྣམས་སོ།”⒃ཞེས་གསུངས་པ་ལས་རྟོགས་ནུས། སྐབས་འདིར་སྲོང་བཙན་སྒམ་པོ་ནས་ཁྲི་སྲོང་ལྡེ་བཙན་རིང་གི་འགྱུར་ཡིག་རྣམས་ལས་ཆོས་ཀྱི་སྐད་བོད་ལ་མ་གྲགས་པ་མིང་དུ་བཏགས་པ་དག་སཾ་བོད་ཤན་སྦྱར་དུ་བསྒྲིགས་ནས་《བྱེ་བྲག་རྟོགས་བྱེད་ཆེ་མོ་》ཞེས་པ་འདི་བྱུང་ཞིང་། འདི་ནི་རང་རེའི་བོད་ཀྱི་ལོ་རྒྱུས་ཐོག་ཆེས་ཐོག་མར་བྱུང་བའི་སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད་ཆེན་པོ་ཞིག་ལགས། བཀས་བཅད་འདི་བརྒྱུད་ནས་སྔར་གྱི་འགྱུར་ཡིག་གི་ཐ་སྙད་གཅིག་གྱུར་མིན་པ་དང་དོན་གོ་མི་བདེ་བའི་གནད་དོན་ཐག་གཅོད་མཛད་པས། བོད་ཀྱི་ནང་བསྟན་ཆོས་གཞུང་གི་ལོ་ཙཱ་དེ་ཆེས་དར་རྒྱས་ཆེ་བའི་དུས་རིམ་དུ་སླེབས་པར་བགྱི་བ་མཚོན་ཐུབ།
གསུམ་པ། ཁྲི་ལྡེ་སྲོང་བཙན་གྱི་སྐབས། ཁྲི་ལྡེ་སྲོང་བཙན་སྲིད་ལ་བཀོད་རྗེས་མུ་མཐུད་ནས་ནང་བསྟན་ཆོས་ལུགས་འཕེལ་རྒྱས་གཏོང་བའི་སྲིད་ཇུས་ཀྱི་རྒྱུན་བསྐྱངས་ཏེ་སངས་རྒྱས་ཀྱི་གསུང་རབ་ལོ་ཙཱ་བྱེད་པའི་འཕྲིན་ལས་དེ་བས་དར་ཞིང་རྒྱས་པར་གྱུར། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་སོགས་ཀྱིས་བཙན་པོའི་དགོངས་དོན་ལྟར་ལོ་ཙཱའི་ཉམས་མྱོང་ཕྱོགས་སྡོམ་དང་ཐ་སྙད་གཅིག་གྱུར་བྱེད་པ་དང་། ལོ་ཙཱའི་ཁྲོད་བྱུང་བའི་གནད་དོན་ཐག་གཅོད་བྱེད་ཆེད། སཾ་བོད་ཐ་སྙད་ཤན་སྦྱར་དང་ལོ་ཙཱའི་གཞུང་ལུགས་སྤེལ་མའི་《སྒྲ་སྦྱོར་བམ་གཉིས་》བརྩམས། འདི་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་སྐད་གསར་བཅད་ཐེངས་གཉིས་པ་ཡིན། ཐེངས་འདིའི་བཀས་བཅད་ཀྱི་འབྲས་བུ་གཙོ་བོ་ནི་《སྒྲ་སྦྱོར་བམ་གཉིས་》སུ་བཀོད་པ་ནང་བཞིན། སྔོན་ལྷ་སྲས་ཡབ་ཀྱི་རིང་ལ་ཆོས་ཀྱི་སྐད་བོད་ལ་མ་གྲགས་པ་ལས་མིང་དུ་བཏགས་པ་མང་དག་ཅིག་མཆིས་པའི་ནང་ནས་ཁ་ཅིག་ཆོས་ཀྱི་གཞུང་དང་། བྱཱ་ཀ་ར་ཎའི་ལུགས་དང་མི་མཐུན་ཏེ། མི་བཅོས་སུ་མི་རུང་བ་རྣམས་ཀྱང་བཅོས། སྐད་ཀྱི་མིང་གཅེས་སོ་འཚལ་གྱིས་ཀྱང་བསྣན་ནས་ཐེག་པ་ཆེ་ཆུང་གི་གཞུང་ལས་ཇི་ལྟར་འབྱུང་བ་དང་། བྱྰ་ཀ་ར་ཎའི་སྒྲའི་ལུགས་ལས་ཇི་སྐད་དུ་འདྲེན་པ་དང་ཡང་བསྟུན་ཏེ། འཇལ་དཀའ་བ་རྣམས་ཀྱང་ཚིག་སོ་སོར་ཕྲལ་ནས་གཏན་ཚིགས་ཀྱིས་བཤད་དེ་གཞུང་དུ་བྲིས། དེ་ཡང་གསལ་པོར་བཤད་ན། གཞུང་འདིས་ཐེག་པ་ཆེ་ཆུང་ལས་བྱུང་ཞིང་མིང་དུ་བཏགས་པ་རྣམས་བཀས་བཅད་ཀྱིས་གཏན་ལ་ཕབ་ཅིང་། ཐེངས་དང་པོར་གཞུང་ལུགས་དང་རྩ་དོན་གྱི་མཐོ་ས་ནས་ལངས་ཏེ་ལོ་ཙཱའི་ལག་ལེན་ཁྲོད་ཕྲད་པའི་གནད་དོན་ལ་དྲིས་ལན་ཡང་དག་པར་བཏབ། 《སྒྲ་སྦྱོར་བམ་གཉིས་》བྱུང་བ་འདིས་བོད་ཀྱི་ལོ་ཙཱ་ནི་ལག་ལེན་ལས་གཞུང་ལུགས་བྱུང་ཞིང་གཞུང་ལུགས་ཀྱིས་ཡང་བསྐྱར་ལག་ལེན་ལ་མཛུབ་སྟོན་བྱེད་པའི་ཚན་རིག་དང་མཐུན་པའི་ལམ་དུ་འགྲིམ་པ་མཚོན།
《སྒྲ་སྦྱོར་བམ་གཉིས་》ལས་བསྟན་པའི་ལོ་ཙཱའི་རིགས་ལམ་མདོར་བསྡུས་ནས་བཤད་ན་འདི་ལྟ་སྟེ། ཐེག་པ་ཆེ་ཆུང་གི་ཆོས་གཞུང་ལེགས་སྦྱར་སྐད་ནས་བོད་སྐད་དུ་ཇི་ལྟར་སྒྱུར་བའི་ལོ་ཙཱའི་རྩ་དོན་དང་། “དོན་དང་ཡང་མི་འགལ་ལ་བོད་སྐད་ལ་གར་བདེ་བར་གྱིས་ཤིག་”ཅེས་པའི་ལོ་ཙཱའི་ཚད་གཞི། ཐད་སྒྱུར་དོན་སྒྱུར་སྒྲ་སྒྱུར་གསུམ་གྱི་ལོ་ཙཱའི་ཐབས་ལམ་གཙོ་བོ། བསྣོར་སྒྱུར་ཕྲལ་སྒྱུར་སྣོན་སྒྱུར་གསུམ་གྱི་ལོ་ཙཱའི་ཐབས་རྩལ་བྱེ་བྲག་པ་བཅས་བསྟན་པ་ལས་གཞན། འདི་དག་བོད་ཁམས་ཡོངས་ཀྱིས་ཆད་ལྷག་མེད་པར་ལག་ལེན་དུ་བསྟར་དགོས་ཤིང་མིང་གསར་པ་འདོགས་པའི་གོ་རིམ་རྣམས་བཙན་པོས་བཀས་བཅད་གནང་ཡོད།
གཉིས། ཕྱི་འགྱུར་གྱི་སྐབས། ཕྱི་འགྱུར་གྱི་སྐབས་ནི་དུས་རབས་10པའི་དུས་མཇུག་ནས་བཅིངས་འགྲོལ་སྔོན་གྱི་ལོ་ཙཱའི་ལག་ལེན་ལ་གོ། དུས་རབས་9པའི་དུས་མཇུག་ཏུ་ལྷ་ལུང་དཔལ་རྡོར་གྱིས་བཙན་པོ་གླང་དར་མ་བགྲོངས་ནས་བོད་ཀྱི་རྒྱལ་རབས་མཇུག་རྫོགས། དུས་རབས་10པའི་དུས་མཇུག་རྗེས་ཀྱི་ལོ་ངོ་70ལྷག་རིང་ནང་བསྟན་ཆོས་ལུགས་བོད་ཁམས་ཡོངས་ནས་བཀག་སྡོམ་བྱུང་ཚུལ་ལོ་རྒྱུས་དེབ་ཐེར་མང་པོའི་ནང་བཀོད་པ་ལྟར་རེད། དེ་ནས་བསྟན་པའི་མེ་རོ་སྨད་མདོ་ཁམས་དང་སྟོད་མངའ་རིས་ནས་གསོས་ཏེ་བསྟན་པ་ཕྱི་དར་གྱི་འགོ་བརྩམས་པ་དང་ཆབས་ཅིག་ཕྱི་འགྱུར་ལོ་ཙཱའི་དབུ་ཡང་ཚུགས།
གུ་གེ་རྒྱལ་པོའི་གདུང་རྒྱུད་ལྷ་བླ་མ་ཡེ་ཤེས་འོད་ནི་མངའ་རིས་ཡུལ་ནས་ཐེངས་དང་པོར་ཕྱི་ཕྱོགས་ཀྱི་པཎྜིཏ་གདན་དྲངས་ནས་ནང་བསྟན་ཆོས་གཞུང་ལོ་ཙཱ་མཛད་ཅིང་ནང་བསྟན་ཆོས་ལུགས་དར་རྒྱས་གོང་འཕེལ་གཏོང་མཁན་གཙོ་བོ་ཞིག་ལགས། ཁོང་གིས་བསམ་ཡས་གཙུག་ལག་ཁང་དཔེར་བླངས་ཏེ་མངའ་རིས་ཡུལ་ནས་མཐོ་ལྡིང་དགོན་པ་ཕྱག་བཏབ་ཅིང་། ལོ་ཙཱ་བ་རིན་ཆེན་བཟང་པོ་གཙོ་བྱས་པའི་གཞོན་ནུ་སྐོར་ཞིག་རྒྱ་གར་དང་ཁ་ཆེ་སོགས་སུ་སློབ་གཉེར་མཛད་པར་མངགས། དེ་ལས་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་རྔོག་ལེགས་པའི་ཤེས་རབ་རྣམ་གཉིས་མ་གཏོགས་གཞན་རྣམས་རྐྱེན་ལམ་དུ་ཤོར། ལོ་ཙཱ་བ་རིན་ཆེན་བཟང་པོ་སྔ་གཞུག་ཐེངས་གསུམ་ལ་ཕྱི་ཕྱོགས་སུ་ཕྱིན་ཏེ་དགེ་རྒན་75ལྷག་གི་མདུན་ནས་སློབ་གཉེར་མཛད་ཅིང་། མདོ་སྔགས་གཉིས་མ་ཟད་སྒྲ་དང་། ཚད་མ། གསོ་རིག་སོགས་ལའང་འབྲས་བུ་གཡུར་དུ་སྨིན་ནས་ཕྱིར་ཕ་ཡུལ་དུ་ལོག་རྗེས། ལོ་ཆེན་འདིས་རྒྱ་གར་གྱི་མཁས་པ་མི་ཉུང་བ་ཞིག་གདན་དྲངས་ཏེ་ཁོང་ཚོ་དང་ལྷན་དུ་ནང་ཆོས་ལོ་ཙཱ་མཛད། ལོ་རྒྱུས་དེབ་ཐེར་དུ་བཀོད་པ་ལྟར་ན། ལོ་ཙཱ་བ་རིན་ཆེན་བཟང་པོས་མདོ་སྡེའི་སྐོར་གྱི་གཞུང་ཆེན་པོ་17དང་། མངོན་པའི་གཞུང་33དང་རྒྱུད་ཀྱི་ལེ་ཚན་108བོད་དུ་ལེགས་པར་བསྒྱུར་ཅིང་། འགྱུར་བཅོས་ཀྱང་མང་དུ་མཛད་པས་བསྟན་པ་ཕྱི་དར་གྱི་ལོ་ཙཱ་བ་ཀུན་གྱི་རྒྱན་དུ་གྱུར། 《བཀའ་འགྱུར་》དང་《བསྟན་འགྱུར་》ནང་ལོ་ཆེན་འདིའི་འགྱུར་ཡིག་170ལྷག་འདུག ཁོང་ནི་བོད་ཀྱི་ལོ་རྒྱུས་ཐོག་དུས་རབས་ཀྱི་དབྱེ་མཚམས་འབྱེད་པའི་ལོ་ཆེན་ཞིག་ཡིན་ཏེ། ཁོང་གི་སྔོན་དུ་འགྱུར་བའི་གསང་སྔགས་ལ་གསང་སྔགས་རྙིང་མ་དང་རྗེས་ཀྱི་འགྱུར་རྣམས་ལ་གསང་སྔགས་གསར་མ་ཞེས་བརྗོད།1042ལོར། ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་ཕེབས་ནས་ལོ་ཙཱ་བ་རིན་ཆེན་བཟང་པོ་སོགས་བོད་ཀྱི་ལོ་ཙཱ་བ་རྣམས་དང་ལྷན་དུ་འགྱུར་ཡིག་147ལྷག་ལ་དག་ཞུས་མཛད། ལོ་ཆེན་འདིས་བོད་ཀྱི་ལོ་ཙཱའི་འཕྲིན་ལས་ཡར་རྒྱས་གོང་འཕེལ་ཡོང་བ་དང་ལོ་ཙཱའི་སྡེ་ཉམས་མེད་གསོ་སྐྱོང་བྱེད་པར་མཛད་རྗེས་བླ་ན་མེད་པ་བཞག་ཡོད།
ཇོ་བོ་རྗེ་ཨ་ཏི་ཤ་དང་དུས་མཉམ་པའམ་ཡང་ན་ཅུང་རྗེས་སུ་བྱུང་བའི་བོད་ཀྱི་ལོ་ཙཱ་བ་གྲགས་ཅན་འགའ་ལའང་འགྱུར་ཡིག་མི་ཉུང་བ་ཞིག་བདོག་སྟེ། འབྲོག་མི་ཤཱཀྱ་ཡེ་ཤེས་ལ་འགྱུར་ཡིག་60ལྷག་དང་འགོས་ལོ་ཙཱ་བ་ཁུག་པ་ལྷ་བཙས་ལ་འགྱུར་ཡིག་70ལྷག་ཡོད་ཅིང་། མར་པ་ཆོས་ཀྱི་བློ་གྲོས་ལ་འགྱུར་ཡིག་20ལྷག་དང་རྔོག་བློ་ལྡན་ཤེས་རབ་ལ་འགྱུར་ཡིག་40ལྷག་ཡོད།
དུས་རབས་13པའི་སྐབས་སུ་ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་གྱིས་ཁོང་གི་《མཁས་འཇུག་》ལས་སྔོན་བྱོན་ལོ་པཎ་རྣམས་ཀྱི་འགྱུར་ཡིག་གི་ཉམས་མྱོང་ཕྱོགས་སྡོམ་མཛད་ནས་ཁོང་གི་ལོ་ཙཱའི་ཐད་ཀྱི་ལྟ་བ་ལྷུག་པོར་བརྗོད་པ་སྟེ།《སྒྲ་སྦྱོར་བམ་གཉིས་》ཀྱི་གཞུང་ལྟར་སྔ་འགྱུར་རྣམས་ལ་ཚན་རིག་དང་མཐུན་པའི་སྤྱི་སྡོམ་དང་། ལོ་ཙཱ་བར་གདེང་འཇོག འགྱུར་གྱི་སྐྱོན་ཡོན་ལ་དབྱེ་ཞིབ་གང་ལེགས་བྱས་ཏེ། སྔ་འགྱུར་ནང་གནས་པའི་མ་འགྱུར་བ་དང་མ་གྲགས་པ། འགྱུར་ཆད་པ་དང་འགྱུར་ལྷག་པ། འགྱུར་ལོག་པ་དང་འགྱུར་འཁྲུགས་པ་སོགས་ལ་བློ་རིག་ཕྲ་མོས་དབྱེ་ཞིབ་ཀྱིས་སྐྱོན་བརྗོད་ཚ་པོ་མཛད་ཡོད། བོད་ཀྱི་ལོ་ཙཱའི་འཕེལ་རིམ་ལ་བལྟས་ན། ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་ནས་བཟུང་ལོ་ཙཱ་བའི་ལས་འགན་ལ་འཕོ་འགྱུར་བྱུང་ཡོད་དེ། སྔོན་བྱོན་ལོ་ཙཱ་བས་གཙོ་བོ་ལོ་ཙཱ་གཅིག་པུའི་ལས་སུ་གཞོལ་བ་དེ་སྐབས་འདི་ནས་བཟུང་ལོ་ཙཱ་དང་གསར་རྩོམ་ཟུང་འཇུག་དང་ཡང་ན་གཙོ་བོ་གསར་རྩོམ་གྱི་ལས་སུ་འཇུག་པའི་འགོ་བརྩམས།
འདི་དང་དུས་མཉམ་དུ་འགྲོ་མགོན་འཕགས་པའི་རོགས་སྐྱོར་འོག་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་བལ་བོར་ཕེབས་ནས་ལོ་ལྔར་སློབ་གཉེར་མཛད་དེ། ཕྱིར་བོད་དུ་འབྱོར་ནས་《སྙན་ངག་མེ་ལོང་མ་》དང་། 《བྱང་ཆུབ་སེམས་པའི་རྟོགས་པ་བརྗོད་པ་ལྷག་བསམ་འཁྲི་ཤིང་》 《རིག་པ་འཛིན་པ་སྤྲིན་གྱི་བཞོན་པའི་སྐྱེས་རབས་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་》སོགས་བསྒྱུར། སྐབས་འདི་ནི་ནང་བསྟན་ཆོས་གཞུང་དང་གཞུང་རིགས་གཞན་དག་མཉམ་དུ་ལོ་ཙཱ་བྱེད་པའི་དུས་སྐབས་ཤིག་ཏུ་བསླེབས་ཤིང་། ལོ་ཙཱའི་ཁྱབ་ཁོངས་རྒྱ་བསྐྱེད་ནས་བགྲོད་ལམ་གསར་པ་ཞིག་ཏུ་འགྲིམ་པའི་འགོ་བརྩམས།
དུས་རབས་14པར་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ཉམས་རྒུད་བྱུང་བ་དང་བསྟུན་སཾ་བོད་ལོ་ཙཱའི་འཕྲིན་ལས་ཀྱི་ཆུ་རྒྱུན་ཕལ་ཆེར་ཆད་སོང་། དེ་ནས་དུས་རབས་20པའི་དུས་འགོར། དགེ་འདུན་ཆོས་འཕེལ་རྒྱ་གར་དུ་འབྱོར་ནས་《རཱ་མ་ཎའི་རྟོགས་བརྗོད་》དང་《བྱ་ལེན་མའི་མངོན་པར་ཤེས་པའི་ཟློས་གར་》བོད་དུ་བསྒྱུར་པ་ལས་གཞན་ད་དུང་ཆོས་གཞུང་འགའ་ཡང་བསྒྱུར་ཡོད་པ་དེ་ནི་བོད་རང་གི་མཁས་པ་རྒྱ་གར་དུ་ཕེབས་ཏེ་སཾསྐྲི་ཏའི་སྐད་ནས་ཐད་ཀར་བོད་དུ་བསྒྱུར་བའི་ལོ་ཙཱའི་འཕྲིན་ལས་ཀྱི་མཇུག་མ་རེད།
སཾ་བོད་ལོ་ཙཱའི་འཕྲིན་ལས་མཇུག་གྲིལ་བ་དང་བསྟུན། ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་དགོས་མཁོའི་དབང་གིས་བོད་ཀྱི་ལོ་ཙཱ་དུས་རིམ་གཞན་ཞིག་ལ་ཞུགས་པ་སྟེ། རྒྱ་བོད་བར་གྱི་ལོ་ཙཱའི་བྱ་གཞག་གི་སྒོ་འཕར་ཕྱེ་པ་སྟེ། མིང་རྒྱལ་རབས་ཀྱི་སྐབས་སུ་གོང་མའི་ཕོ་བྲང་དུ་“སི་དབྱི་ཀོན་”⒄ཞེས་པའི་ལོ་ཙྭའི་ལས་ཁུངས་ཤིག་བཙུགས་ཤིང་། དེའི་ལས་འགན་གཙོ་བོ་ནི་མི་རིགས་སོ་སོའི་སྐད་ཡིག་ལོ་ཙཱ་བྱེད་པ་དེ་ལགས།“སི་དབྱི་ཀོན་”གྱི་འོག་ཏུ་རྒྱ་བོད་ལོ་ཙཱར་དམིགས་པའི་ལས་ཁུངས་ཤིག་ཡོད་པར་“ཞི་ཧྥེན་ཀོན་”⒅ཞེས་ཟེར། འདིས་གོང་མ་ནས་བོད་ཁམས་ལ་བཏང་བའི་གཞུང་ཡིག་བོད་དུ་བསྒྱུར་བ་དང་ཡང་ན་བོད་ཁུལ་ནས་གོང་མར་ཕུལ་བའི་སྙན་ཞུ་སོགས་རྒྱ་ཡིག་ཏུ་སྒྱུར་བའི་འགན་བཞེས་ཡོད། 1407ལོར།“སི་དབྱི་ཀོན་”གྱིས་“སི་དབྱི་འགྱུར་ཡིག་”⒆ཅེས་པའི་ཡིག་ཆ་ཕྱོགས་བསྡུས་རྩོམ་སྒྲིག་བྱས་པ་དེའི་ནང་དུ་སྐབས་དེའི་བོད་ཀྱི་བླ་དཔོན་ཁག་གིས་གོང་མར་ཕུལ་བའི་ཡིག་ཆ་ཁག་ཅིག་ཉར་ཡོད་སྐད། གཞན་ཡང་། སྐབས་དེར་རྒྱ་བོད་ཤན་སྦྱར་གྱི་ཐ་སྙད་740ལྷག་བསྡུས་པའི་“ཙ་ཙི” ⒇ཞེས་ཟེར་བའི་མིང་མཛོད་ཆུང་ཆུང་ཞིག་བསྒྲིགས། འདི་ལས་མིང་རྒྱལ་རབས་སྐབས་ཀྱི་རྒྱ་བོད་ལོ་ཙཱའི་གནས་ཚུལ་ཟུར་ཙམ་རྟོགས་ཐུབ་བོ།།
དུས་རབས་18པར། ལྕང་སྐྱ་རོལ་པའི་རྡོ་རྗེས་བོད་སོག་དང་བོད་མན་བར་གྱི་ནང་བསྟན་ཆོས་གཞུང་ལོ་ཙཱ་བྱེད་པའི་སྲོལ་ཕྱེས་པར་མ་ཟད། བོད་ཀྱི་ལོ་ཙཱའི་གཞུང་ལུགས་འཐུས་ཚང་དང་འཕེལ་རྒྱས་ཡོང་བར་བྱས་རྗེས་ཆེན་པོ་བཞག ཁོང་གིས་གོང་མ་ཆན་ལུང་གི་བཀའ་གསུང་བཞིན་རྒྱལ་ས་པེ་ཅིན་ནས་སྒྲ་སྒྱུར་ཁང་བཙུགས་ཤིང་། སྐབས་དེར་པེ་ཅིན་དུ་བཞུགས་པའི་ཆོས་ཕྱོགས་ཀྱི་མཁས་པ་རྣམས་བསྡུས་ནས་《བསྟན་འགྱུར་》སོག་ཡིག་ཏུ་བསྒྱུར་བ་དང་བཀའ་འགྱུར་མན་ཇུའི་སྐད་དུ་བསྒྱུར། དེའི་གནས་ཚུལ་《ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར་》དུ་གོང་མ་ཆན་ལུང་ནས་“རང་གི་རིགས་གཏོགས་མན་ཇུ་འདི་སྡེ་རྒྱ་ཆེ་ཞིང་ཆོས་ལ་དད་པ་ཐོབ་པ་མང་ནའང་། ཡི་གེ་དང་སྐད་རིགས་གཞན་དང་མི་འདྲ་ཞིང་སྔ་མ་མན་ཇུ་རང་སྐད་དུ་ཆོས་བསྒྱུར་པ་ཆེར་མེད་པས་རྒྱལ་བའི་བཀའ་འགྱུར་རོ་ཅོག་མན་ཇུའི་སྐད་དུ་བསྒྱུར་པ་ཞིག་བྱུང་ན་ཕྱི་རབས་ལ་ཕན་པར་དགོངས་ཏེ། རྗེ་བླ་མ་མཆོག་(ལྕང་སྐྱ་རོལ་པའི་རྡོ་རྗེ་)ལ་བཀའ་འགྱུར་རིན་པོ་ཆེ་མན་ཇུའི་སྐད་དུ་བསྒྱུར་དགོས་པའི་བཀའ་ཕབ། དེ་ནས་སློབ་གྲྭའི་མི་བཟང་རྣམས་དང་པེའི་ཅིང་གི་བླ་མའི་ཁྲོད་ནས་སྐད་རིགས་དང་ཡི་གེ་ལ་མཁས་པ་རྣམས་དང་། ཧྭ་ཤང་ཡོན་ཏན་བཟང་བ་ཁ་ཤས་བཅས་ཀྱིས་ཆོས་བསྒྱུར་པའི་འགོ་བཙུགས། པོ་ཏི་རེ་རེ་ཙམ་བསྒྱུར་ཟིན་པ་དང་རྗེ་བླ་མ་མཆོག་ནས་ཞུས་ཆེན་གནང་སྟེ་གོང་མ་ཆེན་པོར་གཟིགས་རྟོག་འབུལ་བ་དང་གོང་མ་ནས་ཀྱང་འགྱུར་བཅོས་གནང་དགོས་པ་དང་འགའ་ཞིག་འཆོས་པ་གནང་སྟེ་ཞིབ་གཟིགས་གྲུབ་ནས་བསྒྱུར་བྱང་སོགས་མཛད་དགོས་པའི་དབང་གིས་ཚང་མ་བསྒྱུར་གྲུབ་པ་ལ་ལོ་མང་པོ་ཞིག་གི་བར་འགོར་གཞི་བྱུང་འདུག གོང་མ་བདག་པོ་ཆེན་པོ་ཉིད་ས་ཆེན་པོ་ལ་དབང་བསྒྱུར་པའི་སྟོབས་ཀྱི་འཁོར་ལོས་བསྒྱུར་རྒྱལ་ཡིན་པས་སྲིད་སྐྱོང་གི་བྱ་བ་བློས་མི་འཁྱུད་པ་ཞིག་ཡོད་པ་གོར་མ་ཆག་ཅིང་། དེ་དག་མཛད་བཞིན་པར་རྒྱལ་བའི་བཀའ་འགྱུར་རོ་འཚལ་ལ་གཟིགས་རྟོག་གནང་བ་དང་། གཟིགས་པ་ཙམ་དུ་མ་ཟད་ཚིག་དོན་ཞིབ་དཔྱོད་ཀྱིས་འགྱུར་བཅོས་མཛད་པ་འདི་ལྟ་བུ་ནི་འཕགས་ཆེན་དམ་པའི་རྣམ་ཐར་རྨད་དུ་བྱུང་བ་ཡིན་པར་སྣང་ངོ་།།”(21)ཞེས་བཀོད་པ་བཞིན་ཡིན། ལྕང་སྐྱ་རོལ་བའི་རྡོ་རྗེ་ཡིས་གོང་མའི་བཀའ་བཞིན་ཆོས་བསྒྱུར་བའི་ལག་ལེན་དུ་འཇུག་སྐབས། སྐབས་དེའི་ཧོར་གྱི་ཡུལ་གྲུ་སོ་སོའི་སྐད་མི་འདྲ་བ་ཅུང་མང་ཞིང་སྒོས་སུ་ཆོས་སྒྱུར་བའི་མིང་བརྡ་རྣམས་བཀས་བཅད་མེད་པས་ཐ་སྙད་མི་འདྲ་བ་འབྱུང་སླ་བར་དམིགས་ཏེ། ཆོས་སྒྱུར་ཚུལ་གཏན་ལ་ཕབ་པའི་བོད་སོག་ཐ་སྙད་ཤན་སྦྱར་གྱི་《དག་ཡིག་མཁས་པའི་འབྱུང་གནས་》བརྩམས།
ཕྱི་འགྱུར་སྐབས་སུ་བོད་ཀྱི་ལོ་ཙཱའི་ལོ་རྒྱུས་ཐོག་ལོ་ཙཱ་བ་ཆེན་པོ་ཧ་ཅང་མང་པོ་ཞིག་བྱུང་བ་སྟེ། ལོ་རྒྱུས་དེབ་ཐེར་དུ་བཀོད་པ་ལྟར་ན། དུས་རབས་10པ་ནས་18པའི་དུས་འགོའི་བར། ལོ་ཙཱ་བ་གྲགས་ཅན་170ལྷག་བྱོན་པ་དེ་དག་ལས་ལོ་ཆེན་རིན་ཆེན་བཟང་པོ་དང་ས་སྐྱ་པཎྜི་ཏ། ལྕང་སྐྱ་རོལ་པའི་རྡོ་རྗེ་གསུམ་གྱི་མཛད་རྗེས་བླ་ལྷག་ཏུ་ཆེ། ལོ་ཆེན་འདི་གསུམ་ལ་སྤུས་དག་གི་འགྱུར་ཡིག་མང་པོ་ཡོད་པར་མ་ཟད། ཁོང་ཚོས་བོད་ཀྱི་ལོ་ཙཱའི་གཞུང་ལུགས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་འཕེལ་རྒྱས་དང་འཐུས་ཚང་གཏོང་བར་གཞན་གྱིས་འཐུས་ཚབ་བྱེད་ཐབས་བྲལ་བའི་མཛད་རྗེས་བཞག་ཡོད་པ་ཀུན་གྱི་མཁྱེན་གསལ་ལྟར་རེད།
མདོར་ན། རང་རེའི་བོད་དུ་ལོ་ཙཱའི་སྲོལ་དར་བ་ནས་བཅིངས་འགྲོལ་ཡར་སྔོན་གྱི་མི་ལོ་ཉིས་སྟོང་ལྷག་གི་རིང་།ལོ་ཙཱས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་སྤྱི་དང་སྒོས་སུ་ནང་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་མཛད་རྗེས་བླ་ལྷག་ཏུ་བཞག་ཡོད། ལོ་ཙཱའི་ལག་ལེན་ཁྲོད་ནས་ལོ་ཙཱའི་གཞུང་ལུགས་《སྒྲ་སྦྱོར་བམ་གཉིས་》དང་《དག་ཡིག་མཁས་པའི་འབྱུང་གནས་》གཉིས་བྱུང་ཞིང་། སྔ་མ་ནི་ཁྲི་ལྡེ་སྲོང་བཙན་ཡར་སྔོན་གྱི་སཾསྐྲི་ཏའི་སྐད་ནས་ནང་བསྟན་ཆོས་གཞུང་བོད་དུ་བསྒྱུར་བའི་ལོ་ཙཱའི་ཉམས་མྱོང་ཕྱོགས་བསྡོམས་ལས་བྱུང་བ་དང་། ཕྱི་མ་ནི་བོད་དུ་འགྱུར་བའི་ནང་བསྟན་ཆོས་གཞུང་མི་རིགས་གཞན་གྱི་སྐད་དུ་བསྒྱུར་བའི་དགོས་མཁོ་ལས་བྱུང་བ་ཞིག་ཡིན། མི་རིགས་གཞན་གྱི་ལོ་ཙཱའི་གཞུང་ལུགས་དང་བསྡུར་ནས་དཔྱད་ན་བོད་ཀྱི་ལོ་ཙཱའི་གཞུང་ལུགས་ལ་མངོན་གསལ་གྱི་ཁྱད་ཆོས་འགའ་ཡོད་དེ། གཞུང་ལུགས་སུ་གྲུབ་པའི་དུས་ཅུང་སྔ་བ་དང་གཅིག ཐ་སྙད་བཀས་བཅད་དང་ལོ་ཙཱའི་རྩ་དོན་སྤེལ་མ་ཡིན་པ་དང་གཉིས། འགྱུར་དཔྱད་ཀྱི་སྲོལ་དར་སྔ་བ་དང་གསུམ། ནང་བསྟན་ཆོས་གཞུང་གཙོར་བྱས་པའི་ལོ་ཙཱའི་ཆོས་ཉིད་ཕྱོགས་བསྡོམས་ལས་བྱུང་བ་དང་བཞིའོ།།
གསུམ་པ། བཅིངས་འགྲོལ་རྗེས་ཀྱི་ལོ་ཙཱ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། ཐོག་མར་ཀྲུང་དབྱང་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་(22)འོག་ཏུ་མི་རིགས་སྐད་ཡིག་ཡིག་སྒྱུར་དང་དཔེ་སྐྲུན་ལས་ཁུངས་བཙུགས་ཏེ། རྒྱལ་ཁབ་ཀྱི་སྲིད་ཇུས་དང་གཞུང་ཡིག རྒྱལ་ཁབ་ཀྱི་གཙོ་འཛིན་པའི་གསུང་རྩོམ་ཡིག་སྒྱུར་དཔེ་སྐྲུན་བྱས། 1953ལོར་ཀྲུང་དབྱང་མི་རིགས་དཔེ་སྐྲུན་ཁང་(23)བཙུགས་ཤིང་། 1955ལོར་ཀྲུང་དབྱང་མ་ལའེ་དང་མའོ་ཙེ་ཏུང་གསུང་རྩོམ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་(24)བཙུགས་པ་ནི་ཀྲུང་དབྱང་རིམ་པའི་ཏང་དང་རྒྱལ་ཁབ་ཀྱི་ཚད་ལྡན་ཡིག་ཆ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཏུ་སྒྱུར་བའི་ལས་ཁུངས་གཅིག་པུ་ལགས། འདིའི་ལས་འགན་གཙོ་བོ་ནི། གཅིག་ནས་མ་ཨེན་ལའེ་སིའི་གསུང་རྩོམ་དང་ཏང་དང་རྒྱལ་ཁབ་ཀྱི་གཙོ་འཛིན་པའི་གསུང་རྩོམ་མི་རིགས་སྐད་ཡིག་ཏུ་སྒྱུར་བ་དང་། གཉིས་ནས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཡིག་ཆ་གལ་ཆེན་མི་རིགས་སྐད་ཡིག་ཏུ་སྒྱུར་བ། གསུམ་ནས་ཏང་གི་འཐུས་མི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སམ་རྒྱལ་ཡོངས་སྲིད་གྲོས་ཚོགས་འདུའི་ཡིག་ཆ་སྒྱུར་བ་བཅས་སོ།། 1954ལོར་བོད་ཀྱི་མཁས་པ་ཉི་ཤུ་ལྷག་རྒྱལ་ས་པེ་ཅིན་དུ་འཛོམས་ནས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཀྱི་རྩ་འཛུགས་བཅའ་ཁྲིམས་》གཉིས་བོད་ཡིག་ཏུ་སྒྱུར་འགོ་བརྩམས། དེ་དང་དུས་མཉམ་དུ་བཅའ་ཁྲིམས་ཀྱི་ཐ་སྙད་བཞི་སྟོང་ལྷག་མངའ་བའི་རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད་ཅིག་བསྒྲིགས་ནས་པར་དུ་བསྐྲུན། འདིས་དུས་སྐབས་གསར་པའི་རྒྱ་བོད་ལོ་ཙཱའི་འཕྲིན་ལས་ཀྱི་དབུ་བཙུགས་པ་མཚོན།
རྒྱལ་ཁབ་རིམ་པའི་ཡིག་སྒྱུར་པར་སྐྲུན་ལས་ཁུངས་ཏེ་ཀྲུང་དབྱང་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་དང་མི་རིགས་དཔེ་སྐྲུན་ཁང་གཉིས་ཀྱིས་སྔ་གཞུག་ཏུ་《གུང་ཁྲན་ཏང་གི་བསྒྲགས་གཏམ་》དང་། 《མ་ཁེ་སི་དང་ཨེན་ཀེ་སིའི་གསུང་རྩོམ་གཅེས་བསྡུས》 《ལའེ་ཉིན་གྱི་གསུང་རྩོམ་གཅེས་བསྡུས》《སི་ཏ་ལིན་གྱི་གསུང་རྩོམ་གཅེས་བསྡུས》 《མའོ་ཙེ་ཏུང་གི་གསར་འགྱུར་ལས་དོན་ཐད་ཀྱི་གསུང་རྩོམ་གཅེས་བསྡུས》《ལིའུ་ཧྲའོ་ཆིའི་གསུང་རྩོམ་གཅེས་བསྡུས》 《ཀྲོའུ་ཨེན་ལའེ་ཡི་གསུང་རྩོམ་གཅེས་བསྡུས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཕྱོགས་བསྒྲིགས་》སོགས་བོད་ཡིག་ཏུ་བསྒྱུར་ནས་པར་སྐྲུན་བྱས། དེ་མ་ཟད་སྐབས་རེ་རེའི་ཏང་གི་འཐུས་མི་ཚོགས་ཆེན་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་འདུའི་ཡིག་ཆ་ཕྱོགས་བསྒྲིགས་བོད་ཡིག་ཏུ་བསྒྱུར་ནས་པར་སྐྲུན་བྱས།
འདི་དང་དུས་མཉམ་པར། ཞིང་ཆེན་དང་རང་སྐྱོང་ལྗོངས། རང་སྐྱོང་ཁུལ། རང་སྐྱོང་རྫོང་སོགས་རིམ་པ་ཁག་གི་སྲིད་གཞུང་གིས་སྔ་རྗེས་སུ་ཡིག་སྒྱུར་ལས་ཁུངས་བཙུགས་ནས་ས་གནས་ཀྱི་སྲིད་ཇུས་དང་ཡིག་ཆ་འབོར་ཆེན་བསྒྱུར་ཞིང་། བོད་ཁུལ་གྱི་ཡིག་སྒྱུར་ལས་ཁུངས་དང་ལོ་ཙཱ་བའི་དཔུང་སྡེ་ལ་འཕེལ་རྒྱས་མགྱོགས་པོ་བྱུང་སྟེ། 1949ལོར་མཚོ་སྔོན་ཞིང་ཆེན་དུ་ཁའོ་རིམ་པའི་ཡིག་སྒྱུར་ལས་ཁུངས་བཙུགས་ཤིང་། 1951ལོ་ནས་《མཚོ་སྔོན་བོད་ཡིག་ཚགས་པར་》འདོན་འགོ་བརྩམས། 1953ལོར་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་《བོད་ལྗོངས་ཉིན་རེའི་ཚགས་པར་》གྱི་སྔ་མ་སྟེ་《གསར་འགྱུར་མདོར་བསྡུས་》ཀྱི་བོད་ཡིག་པར་གཞི་འདོན་འགོ་བརྩམས། 1956ལོར་བོད་ཡིག་གི་《བོད་ལྗོངས་ཉིན་རེའི་ཚགས་པར་》བཏོན་ནས་ཁའོ་རིམ་པའི་ཡིག་སྒྱུར་ཁང་བཙུགས། 1953ལོར་མཚོ་སྔོན་དུ་བོད་སྐད་གློག་བརྙན་སྒྱུར་སྐྲུན་ལས་ཁུངས་བཙུགས་ནས་བོད་སྐད་ཀྱི་གློག་བརྙན་སྒྱུར་སྐྲུན་བྱེད་པའི་སྲོལ་ཕྱེས། དེ་ལས་གཞན་《རྔ་བའི་བོད་ཡིག་ཚགས་པར་》དང་། 《དཀར་མཛེས་བོད་ཡིག་ཚགས་པར》《ཀན་ལྷོའི་བོད་ཡིག་ཚགས་པར་》སོགས་ཀྱང་སྔ་རྗེས་སུ་བྱུང་།
དུས་རབས་20པའི་ལོ་རབས་50ནས་70བར་གྱི་བོད་ལྗོངས་ཀྱི་སྐད་ཡིག་གི་སྲིད་ཇུས་ནི་ལྟེ་བ་གཅིག་དང་གཞི་རྩའི་གནད་ལྔ་ཞེས་སྤྱི་སྡོམ་བྱས་ཆོག་སྟེ། ལྟེ་བ་གཅིག་ནི་“གྲོས་མཐུན་དོན་ཚན་བཅུ་བདུན་”གྱི་དགོངས་དོན་ལྟེ་བར་འཛིན་པ་དེ་ལགས།གཞི་རྩའི་གནད་ལྔ་ནི། བོད་ཡིག་སློབ་ཁྲིད་གཙོ་བོར་བཟུང་བའི་དེང་རབས་སློབ་གསོ་སྤེལ་བ་དང་། བོད་ཡིག་ཚགས་པར་དང་རྒྱང་སྒྲོག་དར་སྤེལ་གཏོང་བ། བོད་སྐད་གློག་བརྙན་སྒྱུར་སྐྲུན་དང་འགྲེམས་སྤེལ་བྱེད་པ། བོད་ཡིག་དཔེ་དེབ་བསྡུ་སྒྲིག་དང་པར་སྐྲུན་བྱེད་པ། སྲིད་གཞུང་གི་ཡིག་ཆ་དང་གྲོས་ཚོགས་ཀྱི་ཡིག་རིགས་གཙོ་བོ་བོད་ཡིག་སྤྱོད་དགོས་པ་བཅས་སོ།། 1987ལོར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ནས་《བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་སློབ་སྦྱོང་བེད་སྤྱོད་དང་འཕེལ་རྒྱས་གཏོང་བའི་གཏན་འབེབས་འགའ་》(ཚོད་སྤྱོད་)ལ་གྲོས་འཆམ་བྱུང་སྟེ། བོད་ལྗོངས་ཀྱི་སྐད་ཡིག་སྲིད་ཇུས་བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་གཏན་ལ་ཕབ། གཏན་འབེབས་འདིའི་ནང་དུ་དུས་སྐབས་གསར་པའི་བོད་ལྗོངས་ཀྱི་སྐད་ཡིག་སྲིད་ཇུས་འཕེལ་ཕྱོགས་ཀྱི་བསམ་བློ་གསར་པ་སྟེ་བོད་ཡིག་གཙོ་བོར་བཟུང་ཞིང་བོད་རྒྱ་སྐད་གཉིས་མཉམ་དུ་སྤྱོད་པའི་བྱེད་ཕྱོགས་གཏན་འབེབས་བྱས། 1988ལོར་བོད་ལྗོངས་ཀྱིས་གཏན་འབེབས་འདི་ཇི་ལྟར་ལག་ལེན་དུ་བསྟར་བའི་ཐབས་ཤེས་བྱེ་བྲག་གཏན་དུ་ཕབ། ཡིག་ཆ་འདི་གཉིས་སྒོར་ཐོན་པ་ལས་བོད་ལྗོངས་ཀྱི་སྐད་ཡིག་ལས་དོན་བཅའ་ཁྲིམས་ཀྱི་རྒྱབ་རྟེན་ས་ཡོད་པའི་དུས་སྐབས་སུ་ཞུགས་པ་མཚོན།
འདི་ལྟ་བུའི་སྲིད་ཇུས་ལ་གཞི་བཅོལ་ནས་བོད་ལྗོངས་ཀྱི་ཡིག་སྒྱུར་ལས་ཁུངས་སྔར་ལས་ཇེ་ལེགས་དང་ལོ་ཙཱའི་དཔུང་སྡེ་སྔར་ལས་རྒྱ་བསྐྱེད་བྱུང་། ད་ལྟ། རང་སྐྱོང་ལྗོངས་སུ་ཅུང་གཞི་ཁྱོན་ལྡན་པའི་ཡིག་སྒྱུར་ལས་ཁུངས་སམ་ཡང་ན་ཡིག་སྒྱུར་དང་འབྲེལ་བ་ཡོད་པའི་ལས་ཁུངས་ནི་རང་སྐྱོང་ལྗོངས་ཡིག་སྒྱུར་ཁང་དང་། བོད་ལྗོངས་བརྙན་འཕྲིན་ཁང་།བོད་ལྗོངས་མི་དམངས་རླུང་འཕྲིན་ཁང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་། རང་སྐྱོང་ལྗོངས་སློབ་དེབ་རྩོམ་སྒྱུར་ཅུས་སོགས་ཡོད། དེ་ལས་གཞན། རང་སྐྱོང་ལྗོངས་དང་དེའི་ཐད་གཏོགས་ས་ཁུལ་རིམ་པའི་གྲོང་ཁྱེར་སོ་སོར་བོད་སྐད་ཡིག་ལས་དོན་མཛུབ་སྟོན་ཨུ་ཡོན་ལྷན་ཁང་བཙུགས་ཡོད་ཅིང་། རྫོང་རིམ་པར་འགོ་ཁྲིད་ཚོ་ཆུང་བཙུགས་ཡོད། རང་སྐྱོང་ཁུལ་གྱི་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། མི་དམངས་སྲིད་གྲོས་བཅས་དང་དེ་བཞིན་ས་ཁུལ་རིམ་པའི་གྲོང་ཁྱེར་དུ་རྫོང་རིམ་པའི་ཡིག་སྒྱུར་ཁང་བཙུགས་ཡོད་ཅིང་།ཐིང་དང་ཅུས། རྫོང་བཅས་སུ་ཁའོ་རིམ་པའི་ཡིག་སྒྱུར་ཁང་བཙུགས་ཡོད། སྡོམ་རྩིས་བྱས་པ་ལྟར་ན། ད་ལྟ་བོད་ལྗོངས་སུ་ལོ་ཙཱའི་ལས་དོན་བྱེད་མཁན་མི་ཆིག་སྟོང་ལྷག་ཡོད།
དུས་སྐབས་འདིར་བོད་ཀྱི་རིག་གཞུང་ཚན་ཁག་གཞན་དག་གི་ཡིག་སྒྱུར་ལའང་འཕེལ་རྒྱས་ཆེན་པོ་བྱུང་ཡོད། རྩོམ་རིག་ལ་དཔེ་བཞག་ནས་བཤད་ན། ལོ་རབས་70པ་ནས་བཟུང་། རྒྱལ་ཁབ་ཕྱི་ནང་གི་ཉེ་རབས་ཀྱི་ཕུལ་བྱུང་རྩོམ་རིག་གི་བརྩམས་ཆོས་སྒྱུར་བ་བོད་ཀྱི་རྩོམ་རིག་ཡིག་སྒྱུར་གྱི་ལས་དོན་གལ་ཆེན་ཞིག་ཏུ་གྱུར། དེ་ཡང་《ཆུ་ངོགས་གཏམ་རྒྱུད་》དང་། 《ཐོག་ཁང་དམར་པོའི་རྨི་ལམ།》(ལེའུ་30ཡན་ཆད) 《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད།》(ལེའུ་30ཡན་ཆད)སོགས་གནའ་རབས་རྩོམ་རིག་དང་མའོ་ཙེ་ཏུང་གི་སྙན་ངག་སོགས་བསྒྱུར་ནས་པར་དུ་བསྐྲུན། ལོ་རབས་80པའི་རྗེས། 《བོད་ལྗོངས་རྩོམ་རིག་སྒྱུ་རྩལ་》དུ་དུས་རབས་19པའི་ཡོ་རོབ་གླིང་གི་དངོས་ཡོད་མཐའ་དཔྱོད་རིང་ལུགས་ཀྱི་ཕུལ་བྱུང་བརྩམས་ཆོས་མང་པོའི་འགྱུར་ཡིག་བཀོད་པ་དང་། 《སྦྲང་ཆར་》གྱིས་ལས་ཚན་ཁ་སྣོན་བྱས་ཏེ་སྙན་ངག་གི་འགྱུར་ཡིག་མང་པོ་བཀོད། “《བོད་ལྗོངས་རྩོམ་རིག་སྒྱུ་རྩལ་》དཔེར་དྲངས་ནས་བཤད་ན། 1980ལོ་ནས་1994ལོའི་བར་རྒྱལ་ཁབ་ཕྱི་ནང་གི་ཕུལ་བྱུང་སྒྲུང་ཐུང་གི་འགྱུར་ཡིག་53དང་། ལྷུག་རྩོམ་16དང་སྙན་ངག་7བཀོད་ཡོད།” (25)ས་གནས་སོ་སོའི་མི་རིགས་དཔེ་སྐྲུན་ཁང་དག་གིས་ཀྱང་རྩོམ་རིག་བརྩམས་ཆོས་ཀྱི་འགྱུར་ཡིག་འབོར་ཆེན་དཔེ་སྐྲུན་བྱས་པས། བོད་ཀྱི་རྩོམ་ཡིག་འཕེལ་རྒྱས་ལ་ཤུགས་རྐྱེན་བླ་ལྷག་ཐེབས་ཡོད།ལོ་ངོ་2000ལྷག་གི་བོད་ཀྱི་ལོ་ཙཱའི་ལོ་རྒྱུས་ལ་བལྟས་ན། སྔ་གཞུག་ཏུ་དུས་རིམ་ཆེན་པོ་གསུམ་བརྒྱུད་མྱོང་ཡོད་དེ།གདོད་མའི་སྐབས་ཀྱི་བོན་ཆོས་གཙོ་བོར་བཟུང་བའི་ཞང་བོད་བར་གྱི་ལོ་ཙཱའི་ལག་ལེན་དང་། ཐུ་བྷོད་སྐབས་ཀྱི་ནང་བསྟན་གཙོ་བོར་བཟུང་སྟེ་སཾ་བོད་བར་གྱི་ལོ་ཙཱ་གཙོར་བྱས་ནས་རྒྱ་བོད་བར་གྱི་ལོ་ཙཱ་ཕལ་བར་གྱུར་བའི་ལོ་ཙཱའི་ལག་ལེན། བཅིངས་འགྲོལ་རྗེས་ཀྱི་གཞུང་ཡིག་ལོ་ཙཱས་དབུ་ཁྲིད་དེ་ཤེས་རིག་གཞན་དག་གི་ལོ་ཙཱ་མཉམ་དུ་འཕེལ་རྒྱས་བྱུང་བའི་ལོ་ཙཱའི་ལག་ལེན་གསུམ་མོ།། དུས་རིམ་སོ་སོའི་ལོ་ཙཱའི་ལག་ལེན་གྱི་དམིགས་ས་མི་འདྲ་ཡང་། མི་རིགས་གཞན་གྱི་སྔོན་ཐོན་རིག་གནས་ནང་འདྲེན་བྱས་ནས་རང་རེའི་བོད་ཀྱི་རིག་གནས་འཕེལ་རྒྱས་དང་འཐུས་ཚང་གཏོང་བའི་རྩ་བའི་ཀུན་སློང་གཅིག་འདྲ་ཡིན། རང་རེའི་མེས་པོ་རྣམས་ཀྱིས་ཀུན་སློང་རྣམ་དག་འདི་ཡིད་དུ་འཇགས་ནས་བོན་ཆོས་དང་ནང་བསྟན་ཆོས་ལུགས་འཛིན་སྐྱོང་སྤེལ་གསུམ་ལ་གཞོལ་བ་དང་། ཤེས་རིག་གཞན་དག་ནང་འདྲེན་བྱེད་པར་འབད་བརྩོན་ལྷོད་མེད་བགྱིས་པས། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཆགས་པ་དང་། སྒོས་སུ་བོད་ཀྱི་ལོ་ཙཱའི་འཕྲིན་ལས་གོང་ནས་གོང་དུ་འཕེལ་བར་མཛད་རྗེས་བླ་ན་མེད་པ་བཞག་ཡོད་དོ།།
མཆན་འགྲེལ།
①དབང་འདུས་ཚེ་རིང་དང་འཕྲིན་ལས་རྒྱ་མཚོ། 《བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང》[M] མི་རིགས་དཔེ་སྐྲུན་ཁང་། 2001ལོ། ཤོག་ངོས་34པར་གསལ།
②ཤར་རྫ་བཀྲ་ཤིས་རྒྱལ་མཚན། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》[M] མི་རིགས་དཔེ་སྐྲུན་ཁང་། 1985ལོ། ཤོག་ངོས་151པར་གསལ།
③ས་སྐྱ་བསོད་ནམས་རྒྱལ་མཚན། 《རྒྱལ་རབས་གསལ་བའི་མེ་ལོང》[M] མི་རིགས་དཔེ་སྐྲུན་ཁང་། 1981ལོ། ཤོག་ངོས་57པར་གསལ།
④འཕྲིན་ལས་ཆོས་གྲགས། 《བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད་བློ་གསལ་འཇུག་ངོགས་ཞེས་བྱ་བ་བཞུགས་སོ》[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2010ལོ། ཤོག་ངོས་68པར་གསལ།
⑤ད་ལྟ་རྒྱ་གར་གཞུང་གི་དཔེ་མཛོད་ཁང་དུ་ཡོད།
⑥⑦དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》[M] མི་རིགས་དཔེ་སྐྲུན་ཁང་། 2005ལོ། ཤོག་ངོས་100པར་གསལ། ཤོག་ངོས་99པར་གསལ།
⑧《医术大全》
⑨《尚书》
⑩《战国策》
⑾བུ་སྟོན་རིན་ཆེན་གྲུབ། 《བུ་སྟོན་ཆོས་འབྱུང》[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1988ལོ། ཤོག་ངོས་183པར་གསལ།
⑿ཝང་ཧྥུ་རེན། 《བོད་ཀྱི་ཆོས་ལུགས་ལོ་རྒྱུས་མདོར་བསྡུས》[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1982ལོ། ཤོག་ངོས་35པར་གསལ།
⒀ཨོ་རྒྱན་གླིང་པ། 《བཀའ་ཐང་སྡེ་ལྔ》[Z] མི་རིགས་དཔེ་སྐྲུན་ཁང་། 1986ལོ། ཤོག་ངོས་120པར་གསལ།
⒁《པད་མ་བཀའ་ཐང་》[Z] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1998ལོ། ཤོག་ངོས་414པར་གསལ།
⒂ཉང་ཉི་མ་འོད་ཟེར། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988ལོ། ཤོག་ངོས་394པར་གསལ།
⒃སྐྱོགས་སྟོན་རིན་ཆེན་བཀྲ་ཤིས། 《བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་》[M] མི་རིགས་དཔེ་སྐྲུན་ཁང་། 2000ལོ། ཤོག་ངོས་1པར་གསལ།
⒄四夷馆
⒅西番馆
⒆四夷馆译语
⒇杂字
(21)ཐུའུ་བཀན་ཆོས་ཀྱི་ཉི་མ། 《ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐེར》[M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1989ལོ། ཤོག་ངོས་549 པར་གསལ།
(22)ད་ལྟའི་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་།
(23)ད་ལྟའི་མི་རིགས་དཔེ་སྐྲུན་ཁང་།
(24)ད་ལྟའི་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས།
(25)ཀྲོའུ་ཅི་ཝུན་དང་ཧྥུ་ཐུང་ཧོ། 《བོད་རྒྱ་དང་རྒྱ་བོད་ཡིག་སྒྱུར་སློབ་དེབ》[M] མི་རིགས་དཔེ་སྐྲུན་ཁང་། 1999ལོ། ཤོག་ངོས་38པར་གསལ།