དེ་ཡང་གངས་ཅན་ས་ཡི་ཐིག་ལེ་སྨད་མདོ་ཁམས་སྒང་དྲུག་གི་ཆར་གཏོགས་པའི་འབའ་མི་འགྱུར་ལྷུན་གྲུབ་རབ་བརྟན་ཡུལ་གྱི་ཡ་གྱལ་གླིང་དཀར་གཤིས་ཞེས་པ་རེད། ཕྱིས་གླིང་ཁ་གཤིས་ཞེས་སྐད་ཟུར་ཆགས་རུང་དངོས་གནས་གླིང་དཀར་གཤིས་ཞེས་བོས་ན་སྒྲ་དག་པ་ཡིན་ནོ། གླིང་དཀར་གཤིས་ཞེས་པའི་ས་དེ་ནི་བོད་ཀྱི་གནའ་སྒྲུང་ནང་གི་གླིང་རྗེ་གེ་སར་རྒྱལ་པོའི་གདུང་རྒྱུད་ལས་མཆེད་པའི་མི་རྒྱུད་ཡིན་ཞེས་གླིང་དཀར་གཤིས་ཀྱི་དམངས་ཁྲོད་དུ་བཤད་སྲོལ་ཤིན་ཏུ་ཆེ། ས་མིང་གི་ཐོག་ནས་གླིང་དཀར་གཉིས་ནི་གླིང་དཀར་པོའི་རྒྱུད་དང་། གཤིས་ཞེས་པ་ནི་གཤིས་རྒྱུད་བཟང་བའི་དོན་ཡིན་ཟེར་བ་དང་། དམངས་ཁྲོད་དུ། དཀར་པོ་གླིང་གི་གདུང་རྒྱུད་ཡིན། བུ་ལ་དཔའ་རྒྱུད་ཆད་རྒྱུ་མེད། རྟ་ལ་རྐྱང་རྒྱུད་ཆད་རྒྱུ་མེད། ས་ལ་ཕྱུག་རྒྱུད་ཆད་རྒྱུ་མེད། དགོན་ལ་བླ་རྒྱུ་ཆད་རྒྱུ་མེད། མོ་ལ་མཛེས་རྒྱུད་ཆད་རྒྱུ་མེད། ཅེས་ཡོངས་ཁྱབ་ཏུ་བཤད་སྲོལ་ཡོད། ཚ་ལ་ཆུས་ཀྱི་འབའ་ཆུ་བརྒྱུད་དེ་ཡར་ཕྱིན་ནས་ཚ་ལོའི་གྲོང་གསེབ་ཀྱི་ཉེ་འགྲམ་དུ། གེ་སར་རྒྱལ་པོས་ཁྲུས་གསོལ་གནང་མྱོང་བ་ཡིན་ཞེས་པའི་ཚ་ཆུའི་ཚ་ར་ཞིག་སྟེ། དགུན་ན་ཚ་དྲོད་ཆེ་བ། དབྱར་ལ་བསིལ་ཞིང་དྭངས་བ། གེ་སར་གྱི་བྱིན་མཐུ་ལ་བརྟེན་ནས་རྐང་ལག་གི་ན་ནད་དང་། རྩ་ཚིགས་ཀྱི་ནད་ལ་ཕུན་ནུས་ཆེན་པོ་ཡོད་ཅེས་བཤད། ཚ་ཆུ་དེའི་ཐད་ཀ་ལ་གླིང་རྗེ་གེ་སར་རྒྱལ་པོ་སྐུ་ངོ་མས་མིང་ཐོགས་པའི་དགོན་པ་ཆུང་ཆུང་ཞིག་སྟེ། བཀྲ་ཤིས་དགོན་ཞེས་པ་ཞིག་ཡོད་ཀྱང་ཕྱིས་དུས་ཆག་འཇིག་བྱུང་རྐྱེན་ད་ལྟར་ཤུལ་མལ་ཙམ་ལས་མི་འདུག ཚ་ལོ་ནས་ཏྲམ་ཁོག་བར་གྱི་ལམ་གཡོན་ལ། གེ་སར་རྒྱལ་པོའི་ཕྱག་རྗེས་དང་ཞབས་རྗེས། རྟ་ཕོ་རྐྱང་ཆུང་ཁ་དཀར་གྱི་རྨིག་རྗེས་རེད་ཅེས་མིག་ལམ་དུ་གསལ། ཁྱད་པར་དུ་གེ་སར་རྒྱལ་པོས་རལ་གྲི་བཏབ་པ་ལན་མེད་དེ་ཕ་བོང་ཆེན་པོ་ཞིག་ལ་བརྒྱབ་པའི་གྲིའི་རྗེས་མཇལ་རྒྱུ་འདུག དེ་ནས་སྒོ་མོ་ཁ་འབྱེད་པ་བཞིན་ཏྲམ་ཁོག་གི་ཟུར་དུ་སླེབས་པ་དང་། གཡོན་ཕྱོགས་ཀྱི་རི་དམའ་བོ་དེ་ནི་ཡུལ་ལྷ་སྤང་ཐོག་བློན་པོ་བསྟན་འཛིན་ཞེས་པ་དང་། གཡས་ཕྱོགས་ཀྱི་ཤར་ལྷོའི་མཚམས་སུ་གངས་རི་ཏྲམ་ཆེན་ལྷ་ཆེན་དུས་ཤར་ཟེར་བ་གཉིས་ཏེ། གླིང་པས་རྟ་རྒྱུག་རྒྱལ་འཇོག་ལ་རན་པའི་ཚེ། སེང་ལྕམ་འབྲུག་མོ་གླིང་རྗེ་གེ་སར་རྒྱལ་པོའི་ཆིབས་རྟ་རྐྱང་ཆུང་ཁ་དཀར་འཚོལ་ཡོང་བ་མ་རྙེད་པ་ན། འབྲུག་མོས་ཕ་བོང་ཆེན་པོ་ཞིག་གི་ཐོག་ལྷ་བསང་བཏང་སྟེ། ལྷ་ཀླུ་གཉན་གསུམ་དང་། ཡུལ་ལྷ་གཞི་བདག་རྣམས་དཔུང་རོགས་བཀུག་པའི་ཐོག་དེ་ནས་ལྷ་ཀླུ་གཉན་གསུམ་དང་ཡུལ་ལྷ་འདི་གཉིས་ཀྱི་རོགས་རམ་ལ་བརྟེན་ནས་རྟ་མཆོག་རྙེད་པ་རེད་ཅེས་དམངས་ཁྲོད་དུ་བཤད་སྲོལ་ཡོད་པ་མ་ཟད། འབྲུག་མོའི་བསང་ར་ཞེས་ད་ལྟ་ཡང་མིག་ལམ་དུ་མཇལ་རྒྱུ་ཡོད། དེ་ནས་མགོ་བོ་ཡར་བཏེགས་ཏེ་ཤར་ཕྱོགས་ཀྱི་གངས་རི་ལ་བལྟས་པ་ན། བྲག་ཅན་རྒྱལ་པོ་ཞེས་པ་ནི་གེ་སར་ནོར་བུ་དགྲ་འདུལ་དེ་ཁྲི་ཐོག་བཞུགས་འདྲ། བྲག་གཅལ་རྒྱལ་པོ་ཞེས་རྒྱལ་མོས་སྲས་བུ་པང་ལ་འཁུར་འདྲ་ཞིག་མིག་ལམ་དུ་གསལ། དཀྱིལ་ན་གངས་རིའི་དབྱིབས་གཟུགས་ལས་ཐོན་པའི་སངས་རྒྱས་སྨན་བླ་མཆེད་བརྒྱད། བྱང་ན་གཏེར་སྟོན་བདུད་འདུལ་རྡོ་རྗེ། ཤར་ལྷོའི་མཚམས་ལ་འདྲེ་གནོན་ཕྱུགས་ཡག་དང་གནམ་མཐིལ་ཚེ་རིང་མཆེད་ལྔ་བཅས། དུས་བཞི་ཁ་བས་བསྐོར་ཞིང་བལྟས་ན་རྔམ་ཞིང་བརྗིད་པ་ནི་འདི་ལྟར་སྟེ། རི་མགོ་ཐམས་ཅད་སེང་ཆེན་འགྱིང་བ་འདྲ། རི་སྐེད་ཐམས་ཅད་སྟག་མོ་མཆོང་བ་དང་། རི་མཐའ་ཁྲོ་མོས་གཡུ་རལ་བསིགས་པ་སྣང་། ཨེ་མ་འདི་འདྲའི་བརྗིད་ཉམས་ལྡན་པའི་གནས། མགོན་པོ་འཇམ་དབྱངས་ཀྱིས་ཀྱང་བརྗོད་མི་ལང་། ། ཏྲམ་ཁོག་ནི་སྤང་ཐང་ཡངས་ཤིང་བདེ་བ། དབྱར་ན་རྩྭ་དང་རྩི་ཏོག་བཟང་བ། ཆུ་འཛོམས་པ། བཤད་སྲོལ་དུ་འཇང་གླིང་གཡུལ་འགྱེད་བྱས་པའི་དུས་སུ་གླིང་པའི་དམག་སྒར་རྒྱག་ས་གཙོ་བོ་ཞིག་ཡིན་ཟེར་བ་མ་ཟད། ཡངས་པའི་སྤང་ཐང་ཐོག་ག་ས་གང་དུ་རྡོ་ཕ་བོང་འདུག་པས། དེ་རྣམས་ནི་གླིང་པའི་དཔའ་ཐུལ་རྣམས་ཀྱིས་འུར་རྡོ་ལས་གཡུག་ཡོང་བ་རེད་ཟེར། དེའི་ནང་ནས་ཕ་བོང་ཆེན་པོ་ཞིག་འདུག་པ་ནི། གླིང་དམག་འཇང་ལ་བསྐྱོད་གྲབས་བྱེད་པའི་ཚེ་ན། ཕ་བོང་འདིའི་འགྲམ་དུ་གླིང་པས་དམག་ཚོགས་བསྡུ་རུབ་བྱེད་ཅིང་གླིང་རྗེ་གེ་སར་རྒྱལ་པོས་དཔའ་ཐུལ་རྣམས་དང་དམག་ཚོགས་ལ་དམག་སྐུལ་གནང་བར། རལ་གྲི་བཏབ་པ་ལན་མེད་དེ་གནམ་ལ་འཕྱར་ཏེ་ཕ་བོང་དེ་ལ་ལན་གཉིས་གཡུག་པ་ན། ཕ་བོང་དེ་གྲི་ཡིས་མར་གཏུབ་པ་བཞིན་དུམ་བུ་གསུམ་དུ་གྱུར་ཏེ། གེ་སར་རྒྱལ་པོས་འཇང་ས་ཐང་རྒྱལ་པོ་དེ་ཕ་བོང་འདི་ལྟར་ཞིག་མ་བྱུང་ཚེ། གླིང་དམག་ཕྱིར་གླིང་ལ་མི་ལོག་ཐག་ཆོད་ཡིན་ཞེས་གསུངས་པའི་བཤད་སྲོལ་སྣང་། དེ་ཡི་ཉེ་འདབས་ན་གེ་སར་གྱི་ཆིབས་རྟ་བཏགས་པའི་འདོགས་རྡོ་ཡིན་ཞེས་པའི་རྡོ་ཤ་མོང་ལྟར་མགོ་སྦོམ་བ། སྐེད་ཕྲ་བ་ཞིག་ཀྱང་འདུག དེ་ནས་ཡར་ཏོག་ཙམ་ཕྱིན་པ་ན་ལྷ་མཚོ་དང་ཉེ་བའི་སར། རྡོ་ཕ་བོང་ཞིག་ཡོད་པས། རྡོ་ཕ་བོང་དེ་ནི་བདུད་ཀྱི་སྒྱུ་མ་ལས་བྱུང་བ་ཡིན་ཟེར་ཞིང་། གེ་སར་གྱིས་བདུད་དེ་དམ་ལ་བཏགས་པ་ན་ཕ་བོང་ལས་ཨ་ཡིག་རང་བྱོན་གསལ་བྱུང་ཟེར། ལོ་མང་གི་ཕྱིས་སུ་རླུང་ཆར་གྱི་རྐྱེན་པས་ཨ་ཡིག་མི་མངོན་པ་གྱུར་ཅིང་། ད་ལྟར་ཕ་བོང་དེའི་ཐོག་ཏུ་མ་ཎི་བརྐོས་འདུག དེ་ནས་མཚོ་ཕུ་ལྷ་མཚོའི་འགྲམ་ལ་སླེབས་ཏེ། ལྷ་མཚོ་འདི་ནི་གངས་ཅན་བོད་ཀྱི་ལྷ་མཚོ་ཆེན་མོ་མ་ཕམ་གཡུ་མཚོ་གཉིས་པ་ཞེས་དབུ་ནག་བོད་ཀྱི་ཡུལ་གྲུ་ཀུན་ལ་ཁྱབ་པའི་མཚོ་ཕུ་ལྷ་མཚོ་ཞེས་པ་དེ་རེད། མཚོ་མོ་སྒོར་ཞིང་ཡངས་ལ་གཏིང་མཐའ་མེད་པ། ཁ་དོག་ལྗང་པ། ཉི་མ་ཤར་བའི་ཚེ་མཚོ་མདོག་ཡིན་ནམ་གནམ་མདོག་ཡིན་མ་ངེས་པ། མཚོ་མོའི་ཤར་དང་བྱང་དང་ལྷོ་གསུམ་ལ་རྔམ་བརྗིད་ལྡན་པའི་གངས་རི་དང་། དེ་ལ་གནས་པའི་ཤྭ་བ་དང་རྒོ་བའི་ཁྱུ་ཚོ། གླ་བ་སོགས་ཡོད་པ་དང་། མཐའ་སྐོར་ལ་ལྗོན་ཤིང་རིན་ཆེན་སྣ་དགུས་བསྐོར་ནས་རྒྱང་ནས་བལྟས་ཚེ། ལྷ་མོ་བ་རྣམས་ཀྱིས་ལྡེམ་ལྡེམ་གྱི་གར་ལ་རོལ་བའི་སྟབས་ལྟ་བུ། དེའི་གསེབ་ན་གཅན་གཟན་སྟག་གཟིག་དོམ་དྲེད་སོགས་རི་དྭགས་སྣ་མིན་འཛོམ་པ་དང་། བྱ་རིགས་སྣ་ཚོགས་ཀྱིས་སྙན་ཞིང་འཇེབས་པའི་གླུ་དབྱངས་སྒྲོག་བཞིན་འདུག མཚོ་འདབས་སུ་སུ་རུའི་ཕུང་པོའི་འགྲམ་ན་བྱ་དཀར་ཚོ་དང་ཚོ། ལྷ་མཚོའི་ནང་དུ་ངང་པས་ཆ་དང་ཆ་བྱས་ནས་ཡུལ་སྐོར་བ་དང་གནས་མཇལ་བ་རྣམས་ལ་དགའ་བསུ་ཞུ་བ་དང་འདྲ། ལྷ་མཚོའི་ནང་དུ་ཆེ་ཆུང་མ་ངེས་པའི་གསེར་ཉ་དང་དངུལ་ཉ། སྦལ་ཉ་སོགས་གྲངས་ལས་འདས་པ་གནས་ཤིང་། ཁྱེད་རྣམ་པ་མཚོ་ཁར་ཕྱེན་ཏེ་སྐད་བཏང་བ་ན། ཉ་ཚོགས་ཀྱིས་ཚོར་ཏེ་མཚོ་ཁར་འུར་འཐབ་སྟེ་བྲེལ་བྲེལ་ཟིང་ཟིང་ངང་ནས་ཡུལ་སྐོར་བ་རྣམས་དང་གནས་མཇལ་བ་རྣམས་ཀྱིས་སྦྱིན་པའི་ཟས་རིགས་རྩོད་འཕྲོག་བྱེད་པའི་ཚེ་ན། མིག་ལ་ཆེས་ངོ་མཚར་བའི་ལྟད་མོ་ཆགས་ཀྱི་འདུག སྐབས་འགར་ལྷ་མཚོ་འདི་ལ་ནམ་མཁའ་ནས་ཆར་ཏིལ་འབྲུ་ཙམ་མེད་རུང་མཚོ་མོའི་ནང་ལ་འཇའ་འོད་ཀྱི་གུར་ཁང་ཕུབ་པ་མ་ཟད་འོག་ཕྱོགས་ཀླུ་ཡུལ་ལ་འགྲོ་བའི་འགྲོ་ལམ་རེད་ཅེས་མིག་སྔར་ཁྲ་ལྷམ་མེར་གསལ་རྒྱུ་ཡོད་ཅེས་ཟེར། གངས་རི་དང་ནགས་ཚལ་ལ་གནས་པའི་རི་དྭགས་དང་བྱ་ཚོགས། ཆུ་ནང་རྒྱུ་བའི་ཉ་མོ། འགྲོ་བ་མིའི་རིགས་བཅས་ཞི་བའི་ཐོག་བདེ་བ་ཅན་གྱི་ཞིང་ཁམས་ལྟ་བུའི་འཁྲུག་རྩོད་མེད་པར་མཉམ་གནས་བྱུང་བ་ནི། གེ་སར་ནོར་བུ་དགྲ་འདུལ་གྱིས་སྨོན་ལམ་བཏབ་པའི་འབྲས་བུ་ལས་བྱུང་བ་ཡིན་ཞེས་བཤད། དད་ལྡན་རྣམས་ལྷ་མཚོ་སྐོར་བ་ཕྱིན་པ་ལ། ལུས་ཐང་བ་རྣམས་ཀྱིས་ཧྲིལ་པོ་ལ་སྐོར་ཧྲིལ་པོ་ལ་སྐོར་བ་ལན་བཞི་ཙམ་དང་། ཞན་པ་རྣམས་ཀྱིས་སྐོར་བ་ལན་གཉིས་ཙམ་འཁོར་ཐུབ།
ལྷ་མཚོ་འདི་ལ་སྐོར་བ་བྱེད་པའི་སྐོར་ལམ་ནི་ནགས་ཚལ་རྒྱུ་ནས་འགྲོ་དགོས་ཤིང་། དང་ཐོག་ཕ་བོང་ཞིག་གི་འོག་ལ་འཛུལ་དགོས། དེ་འོག་འཛུལ་པ་ན་རང་རང་གི་སྐྱེ་བ་སྔོན་མ་དང་ད་ལྟའི་དགེ་སྡིག་གི་བྱ་བ་གོ་ནུས་པ་དང་། བདེ་བླག་ངང་དོང་ཁར་ཐོན་པ་ཡིན་ན་ཚེ་འདི་ལ་བདེ་བ་དང་སྐྱིད་པོ་ཡོང་བ་དང་། ཅི་བསམ་འགྲུབ་པའི་བསོད་ནམས་ཡོད་ཟེར། དོང་ནང་དུ་འགག་སྟེ་ཡར་ཐོན་མ་ཐུབ་པ་ཡིན་ན། སྐྱེ་བོ་དེ་དག་ནི་སྡིག་སྒྲིབ་ཆེ་བ་དང་། ཕ་མ་མ་བཀུར་བ་སོགས་ཡིན་པས། ཕྱིས་སུ་དགེ་བའི་ལས་བསྒྲུབ་རྒྱུ་དང་དྲིན་ཅན་ཕ་མ་ལ་དྲིན་ལན་བསབ་རྒྱུའི་དམ་བཅའ་དང་སྨོན་ལམ་འདེབས་པ་སོགས་མ་བྱས་ན་ཐར་ཐབས་མེད་ཅེས་བཤད་དོ། ། དེའི་ཉེ་འགྲམ་ན་ཕ་བོང་ཆེན་པོ་ཞིག་གི་ཐོག་ཤུག་ཤིང་སྐྱེས་ཡོད་པ་དང་། ཕ་བོང་འོག་ཏུ་ཆུ་མིག་ཆུང་ངུ་ཞིག་འདུག་པས། དེ་ལ་ཚེ་རིང་གི་ཆུ་མིག་ཟེར་ཏེ། དད་ལྡན་རྣམས་ཀྱིས་འཐུང་བ་ཡིན་ན། ལུས་ཐང་པོ་དང་དྭངས་བ་དང་། ནད་ན་ཚ་སེལ་བའི་ནུས་པ་ཡོད་ཟེར། དེ་ནས་ཡར་ཙམ་ཕྱིན་ཚེ། གེ་སར་གྱི་རྡར་རྡོ་ཞེས་པའི་ཕ་བོང་ཞིག་ལ་གེ་སར་རྒྱལ་པོས་མདུང་མོ་ཁམས་གསུམ་འདུལ་བ་དེ་འདི་ལ་བརྡར་མྱོང་ཞེས་ཕ་བོང་ལ་མདུང་རྗེས་ཁྲ་སིང་སིང་མིག་ལམ་ལ་མཇལ་རྒྱུ་འདུག དེ་དང་ཐག་མི་རིང་བའི་སར་ཕ་བོང་གི་དབྱིབས་གཟུགས་ལས་གླིང་རྗེ་གེ་སར་རྒྱལ་པོས་བདུད་འདུལ་ཆོས་ཀྱི་གླེགས་བསམ་དེ་བདུད་ལ་གཡུགས་ནས། བདུད་མོ་དེ་ལམ་དཀྱིལ་དུ་འགྱེལ་བ་དང་གླེགས་བམ་དེ་ནི་ལམ་ཟུར་ལ་གནས་འདུག དེར་མ་ཟད་ཕ་བོང་གི་གཟུགས་དབྱིབས་ལ་ཞེ་སྡང་ཅན་གྱི་སྦྲུལ། འདོད་ཆགས་ཅན་གྱི་བྱ། གཏི་མུག་ཅན་གྱི་ཕག་ཅེས་དོད་ཡོད་པ་དེ་དག་ནི་ང་ཚོའི་བསམ་པ་ལ་མངོན་སུམ་མིན་ན་གང་ཡིན་འཆར་རྒྱུ་ཡོད། དེ་ནས་ཡར་ཙམ་སོང་ན་ཡང་ཕ་བོང་ཆེན་པོ་ཆོས་ཀྱི་གླེགས་བམ་འདྲ་བ་ཞིག་འདུག་སྟེ། འདི་ནི་གླིང་པའི་ཕ་འབུམ་དམ་པ་བཅུ་གཉིས་རེད་ཅེས་བཤད། དེའི་འོག་ཏུ་འཛུལ་ཏེ་སྒལ་པས་བཀྱག་ཙམ་བཀྱག་ཙམ་བྱས་ཚེ། ལུས་ཀྱི་སྒྲིབ་པ་དག་ཅེས་བཤད་སྲོལ་སྣང་། དོན་དུ་བཀྱག་པའི་ཚུལ་ཙམ་ལས་དངོས་དོན་ཐོག་སུས་ཀྱང་བཀྱག་ག་ལ་ནུས། དེའི་འགྲམ་དུ་ཤལ་མ་རི་ཡི་སྡོང་པོ་ཞེས་བྲག་རྡོ་ལེབ་ལེབ་ཅིག་ལ་གྲི་དང་མདུང་དུ་མ་སློང་བ་ལྟ་བུ་ཡོད། ནགས་གསེབ་ཏུ་བདེ་ཆེན་སྟེང་ཟེར་བའི་སྤང་ཐང་ཆུང་ངུ་ཞིག་གི་ཐོག་ཕ་བོང་ཁར་ཐང་ཤིང་ཆེན་པོ་རང་མིན་པ་ཡན་ལག་ཅུང་རྒྱས་པ་ཞིག་སྐྱེ་འདུག་སྟེ། དེ་ལ་ལག་གཡོན་པས་ཤིང་རྩེ་མོ་ལ་མདུད་པ་ཐུབ་པ་དང་། དེ་མ་སྐམ་པ་བྱུང་ན་ཚེ་རིང་ནད་མེད་དུ་ཡོང་ཞེས་ཟེར་བ་དང་། ཤིང་དེའི་ཡན་ལག་ལ་གོས་གསེར་རྙིང་དང་མགོ་ཡི་ཞྭ་དང་རྐང་པའི་ལྷམ་མང་པོ་ཞིག་གཟར་འདུག་སྟེ། དེ་དག་གིས་སྐྱེ་བ་རྗེས་མར་གོས་ལྷམ་གྱི་དཀའ་ངལ་མི་འོང་ཞེས་ཟེར་སྲོལ་འདུག
ཡང་མཚོ་མོའི་སྐོར་ལམ་ཟུར་ལ་མཁའ་འགྲོའི་གཡང་མཚོ་ཞེས་མཚོ་མོ་ཆུང་ངུ་ཞིག་འདུག བཤད་སྲོལ་དུ་གེ་སར་རྒྱལ་པོའི་བཙུན་མོ་སེང་ལྕམ་འབྲུག་མོ་ནད་ཀྱིས་མནར་ནས་སྨན་པ་དང་སྨན་རྫས་གང་གིས་ཀྱང་ཕན་ནུས་མེད་པའི་ཚེ། མ་ནེ་ནེས་འབྲུག་མོའི་གཉིད་ལམ་དུ་མཁའ་འགྲོའི་གཡང་མཚོའི་ནང་ཁྲུས་བྱས་ན་ནད་དྭངས་ཞེས་ལུང་བསྟན། འབྲུག་མོས་དེ་ལྟར་བསྒྲུབས་མཐར་ནད་ལས་ཐར་བ་མ་ཟད་སྐུ་ལུས་སྔར་ལས་ཐང་བ་དང་བཀྲག་མདངས་ཆེ་བ་བྱུང་ཞེས་བཤད་སྲོལ་འདུག དེ་ནས་ལྷ་མཚོ་ཧྲིལ་པོ་འཁོར་བའི་གཡོན་ལམ་ལ། ཕ་བོང་ལྕེ་འདྲ་བ་ཞིག་གི་ཐོག་ཐང་དམར་སྐྱེས་ཡོད་པས། དེ་ལ་སྦྲུལ་ནག་གིས་ལྕེ་རྐྱང་། ཐང་དམར་གྱི་ཕུར་པ་བརྡུངས་ཞེས་ཟེར་ཞིང་། གལ་ཏེ་དབྱེན་དཀྲུག་གི་ལབ་མོ་དང་ཁུངས་ལུང་མེད་པའི་འཆལ་གཏམ། རྫུན་གཏམ་སྨྲ་བ་ཡིན་ན། གཤིན་རྗེ་ཆོས་ཀྱི་རྒྱལ་པོས་སྐྱེ་བོ་དེ་དག་གི་ལྕེ་ལ་ཐང་དམར་གྱིས་ཕུར་པ་བརྡུང་ངེས་དང་། སྐྱེ་བོ་དེ་དག་འཚོ་བའི་དུས་སུ་ཡང་། ནར་ནར་ལྕེ་ལ་བདག་མེད་ན། ཧྲིལ་ཧྲིལ་གྱི་སྐེ་ལ་འོ་བརྒྱལ་ཡོང་ཟེར་བ་ལྟར་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་དེ། རྟ་རྔ་ལས་ཕྲ་ཞིང་ཡུང་སོན་ལས་ཞིབ་ཅེས་ཟེར་བ་ལྟ་བུའོ། ། ལྷ་མཚོའི་སྐོར་ལམ་ཧྲིལ་པོ་ལ་དཀར་སེར་དམར་ལྗང་གི་ཁ་དོག་ཅན་གྱི་དར་ལྕོག་གིས་བསྐོར་ནས། དེ་རྣམས་རླུང་གིས་ལྷབ་ལྷུབ་ཏུ་གཡོ་བའི་ཚེ། སེམས་ལ་ད་ནི་དབེན་པའི་རི་ཁྲོད་དུ་སླེབས་པའི་སྣང་བ་ཤར། དར་ལྕོག་དེ་རྣམས་ནི་མ་ཎི་དང་བཛྲ་གུ་རུ་དཔུང་བརྒྱན། ལྟུང་བཤགས། སྒྲོལ་མ། ཡིག་བརྒྱ་སོགས་ཡིན་པས། དར་ལྕོག་རིང་ཐུང་མ་ངེས་ཤིང་འགའ་རེ་ནི་རས་ཡུག་གསོན་པོ་དང་། འགའ་རེ་ཡུག་ཕྱེད་ཙམ། འགའ་རེ་འདོམ་གང་ཙམ་མམ་འདོམ་གཉིས་གསུམ་ཙམ། གང་ལྟར་ཡོན་བདག་གི་དཔལ་འབྱོར་གྱི་མཐུན་རྐྱེན་མི་འདྲ་བ་ལས་བྱུང་བ་ཞིག་རེད། ཨོ་རྒྱན་པདྨ་འབྱུང་གནས་དང་གླིང་གེ་སར་ཟུང་སྟེ་བོད་མི་རིགས་རྣམས་ཀྱིས་སྤྲུལ་བའི་གཟུགས་བརྙན་གཅིག་ཏུ་འཛིན་པའི་མཐོ་རིས་ལྷའི་སྲས་སུ་སྣང་བ་དེས་ན་གསེར་ལྡན་འབྲི་ཆུ་དལ་གྱིས་འབབ་པའི་གཡོན་ཟུར་དང་ཉེ་བའི་ཏྲམ་མཚོ་ཕུའི་གནས་མཆོག་མཐོ་རིས་ལྷའི་གནས་མི་ཡུལ་དུ་འཕོས་འདྲ་ཕྱི་ནང་གསང་གསུམ་གྱི་ཡོན་ཏན་ལྡན་ཏེ། སྔོན་འཇང་གླིང་གཡུལ་འགྱེད་སྐབས་སུ་དམིགས་བསལ་གྱིས་འདེམ་པའི་གླིང་གི་དམག་སྒར་ཡིན། གནས་མཆོག་འདིའི་ཕྱིའི་ཡོན་ཏན་གངས་དཀར་ཡག་ཤེལ་དཀར་གྱི་མཆོད་རྟེན་བཤམས་འདྲ། སྤང་སྔོ་ལྗང་གཡུའི་མེ་ཏོག་རྒྱས་འདྲ། མཚོ་དྭངས་གསལ་དངུལ་དཀར་གྱི་མེ་ལོང་ཕྱིས་འདྲ། ནགས་འཛངས་སྨུག་ནག་ཁྱུང་གི་སྒྲོ་གཤོག་རྒྱང་འདྲ། བྲག་དཀར་ཡག་དུང་གི་མཎྜལ་སྤུངས་འདྲ། ཐང་ཡངས་མོ་རྒྱ་མཐོང་པདྨའི་ཁ་ཕྱེ་འདྲ། རིགས་མི་གཅིག་པའི་མེ་ཏོག་དང་འབྲུ། རི་དྭགས་ཤ་རྣ་རྒོ་གསུམ། གཅན་གཟན་སྟག་གཟིག་དོམ་དྲེད། བྱ་རིགས་དཀར་དམར་མཐིང་གསུམ་སོགས་ཅི་དགར་བག་ཕེབས་རྒྱུ་བའི་ངོ་མཚར་ཡོད་དགུ་གཅིག་བསྡུས་འདྲ་བའི་གནས་འདི་ལ་གངས་ཅན་ཡིད་དཔལ་ཐམས་ཅད་མ་ཚང་བ་མེད་པས་འགྲན་པའི་ཟླ་བོ་ཐམས་ཅད་དང་བྲལ་བའོ། ། ནང་གི་ཡོན་ཏན་ནི། གནམ་འཁོར་ལོ་རྩིབས་བརྒྱད། ས་པདྨ་འདབ་བརྒྱད། རྒྱབ་ནི་རྒྱལ་པོ་གདན་འདྲ། མདུན་གྱི་མཚོ་ཆེན་ཡོན་ཆབ་བཤམས་འདྲ། མདུན་ཐང་གསེར་གཞོང་མར་ཁུས་བཀང་འདྲ་སོགས་ས་དཔྱད་ཐམས་ཅད་ཚང་བ་དང་། བྱེ་བྲག་དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་ཟོ་དོར་ཏྲམ་ཁྲོ་ཆེན་ལྷ་རི་དིམ་དཀར། གནམ་ཐེམ་ཚེ་རིང་མཆེད་ལྔ། བཙན་ཆེན་ཁྲོ་ཆེན་འབར་མ། གངས་རི་ལྷ་བཙན་ཕྱུགས་མོ། བོན་གྱི་བློན་ཆེན་དར་འཛིན། བྲག་ཆེན་རྒྱལ་པོ་རྒྱལ་མོ་སོགས་བཀའ་སྡོད་ཡུལ་ལྷ་བཅས་པ་མངོན་ནུས་པ་དང་། ལྷག་པར་ཏྲམ་མཚོ་ཕུ་སྟེ་འཇིག་རྟེན་གྱི་དགེའི་ཆ་ཡོངས་སུ་འཛོམས་ཤིང་། ལྟ་དང་སྒོམ་དང་སྤྱོད་པ་བཟང་བའི་ས།
ཞི་རྒྱས་དབང་དྲག་གི་གནས་མཆོག་ཏུ་གྱུར་པ་ཡིན་གཤིས། གནའ་དེང་གི་ཆོས་མཇལ་ཡུལ་སྐོར་གནས་གཟིགས་ཕེབས་མཁན་ནི་བུང་བའི་སྤྲིན་ཚོགས་བཞིན་དུ་འདུ་སྟེ་སྒྲུབ་པའི་སྒོམ་ལ་ཞུགས་ཤིང་བཙན་པོ་ཁྲི་སྲོང་ལྡེའུ་བཙན་དུས་ཨོ་རྒྱན་འཁོར་དང་བཅས་པ་གནས་འདི་གར་མཚམས་བགྲང་བྱ་ལྔ་ལྷག་ཙམ་བཞུགས། དེ་ནས་རབ་བྱུང་གསུམ་པ་ནས་རབ་བྱུང་བཅུ་པའི་བར་གཏེར་ཆེན་བདུད་འདུལ་རྡོ་རྗེ། རིག་འཛིན་ཀློང་གསལ་སྙིང་པོ། རྒྱལ་སྲས་བསོད་ནམས་ལྡེའུ་བཙན། རྒྱལ་སྲས་ཨོ་རྒྱན་བསྟན་འཕེལ། སྒྲུབ་ཆེན་ཆོས་དབྱིངས་རང་གྲོལ། མཁན་ཆེན་པདྨ་བཛྲ། ཁྱད་པར་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་གནས་འདི་གར་མཚམས་བཞུགས་བགྲང་བྱ་གསུམ་གྱི་རིང་ལ་གསང་སྔགས་ཀྱི་ཆོས་དང་གངས་ཅན་པའི་བཅུ་ཕྲག་རིག་གནས་ལ་དཀའ་སྤྱད་ཚད་མེད་མཛད་ཅེས་ཡིག་རྙིང་དང་དམངས་ཁྲོད་དུ་བཤད་སྲོལ་ཆེས་ཆེ་བ་མཆིས། དེ་དང་མཚུངས་གསལ་ཆགས་པའི་བླ་བཙུན་དེ་དག་གི་སྒྲུབ་ཕུག་དང་ལྷ་མཁའ་འགྲོའི་ཕྱག་ཞབས་དང་རང་བྱོན་སྣ་ཚོགས་མིག་ལམ་དུ་གསལ་བ་མཚོན་པའོ། དེ་མིན་དཔལ་གྱི་གནས་མཆོག་ཤིང་དགུ་གངས་རི་དང་དངུལ་གྱི་མེ་ལོང་ཕྱིས་འདྲའི་གཡས་གཡོན་ཁོར་ཡུག་ཏུ་ཐང་ཤིང་ཁ་ཅིག་ལ་རྩེ་མོ་ཡན་ལག་དམིགས་བསལ་ལྡན་པས་རྒྱལ་བ་རིགས་ལྔའི་བླ་ཤིང་ཡིན་པ་དང་བོན་གྱི་རི་འདབས་རྩ་ནས་ནགས་ཀྱིས་ཁེངས། གཡུ་སྔོན་མོས་ཞབས་ནས་རྒྱན། ཞེས་བོད་གངས་ཅན་པའི་གནས་མཆོག་མ་ཕམ་གཡུ་མཚོ་གཉིས་པ་ཞེས་ས་ཕྱོགས་ཡོངས་སུ་གྲགས། གོང་གསལ་ཁྱད་མཚར་བྱུང་ཡུལ་གྱི་ལྗོངས་མཛེས་ཆོས་སོགས་བརྗོད་མ་ཐག་པར་ཏྲམ་མཚོ་ཕུའི་གནས་དེ་ཉིད་སྔོན་གླིང་དཀར་པོའི་ཚོ་སྡེ་ཞིག་ཡིན་ལ་ཁམས་སྡེ་དགེ་དཔལ་ཡུལ་འདན་མ། མཚོ་སྔོན་གྱི་ཡུལ་ཤུལ་སོགས་ཕན་ཚུན་ས་ཆུ་འདྲེས་མ་ཡིན་ཞིང་ལྷོ་བྱང་གཅིག་ཅར་འབྲི་ཆུའི་རྒྱུད་ལ་ཆགས་པའི་གླིང་ཚོ་སྡེ་ཡིན་པར་དོགས་སློབ་མི་དགོས་པའི་གནས་སུ་ལགས། གནའ་དེང་དམག་གི་ཆ་རྐྱེན་ནི་མཚོན་ཆ་ཕུད་ཁར། དེ་ནས་དམག་འགྱེད་སའི་ཁྱད་པར་ལ་ཐུག་པས། ཏྲམ་ཁོག་མཚོ་ཕུའི་ས་ཁྱོན་ཡངས་ལ་ཆུ་འབེལ་བ་ཆུ་སྣ་བརྒྱ་དང་རྩ་བརྒྱད་འཛོམས་པར་མ་ཟད། རྩྭ་བཟང་ཞིང་གཡས་གཡོན་ཐམས་ཅད་ལ་ཤིང་ནགས་དང་གངས་རི་དང་བྲག་རི་རྫ་རི། གཡའ་རི་སོགས་ཀྱིས་ཁེངས་ཤིང་དམག་གི་དཔུང་སྡེ་ཁྲི་ཚོ་ཁ་ཤས་སྡོད་ཀྱང་ནང་དུ་ཤོང་ཆུད་ཐུབ་ངེས་རེད་འདུག དེ་ཕུད་སྔོན་བྱང་ནས་ལྷོ་ལ་རྒྱུ་བའི་རིའི་སྒང་ལ་གླིང་འཇང་ཕན་ཚུན་གྱི་མྱུལ་ཞིབ་ཆས་སའི་འཕྲང་ལམ་དོག་མོ་དང་འཇང་རྫོང་ཟུར་བརྒྱད་ཇི་སྙེད་ཅིག་མངོན་རིག་ཡོད་པར་འབའ་གླིང་དཀར་གཤིས་དང་ལི་ཐང་ལྷོ་ནུབ། ཉག་ཆུ་དང་མི་ཉག་སོགས་ལ་གནའ་ཤུལ་ཁ་ཅིག་མེད་པར་འགྲོ་ཡང་ཁ་ཅིག་ལུས་ཡོད། འཇང་རྫོང་མཐའ་དག་ལ་གཞིགས་ན་ཚང་མ་དམག་གྱི་ཇུས་དང་བསྟུན་ནས་ལུང་གི་གཤིས་ལ་བརྒྱབ་པ་ལས་རིའི་སྒང་ཐོག་མཐོང་བ་མེད། འཇང་གླིང་བར་ལ་དམག་འཁྲུག་གི་རྒྱུ་རྐྱེན་ཐོག་མ་འཇང་གིས་སློང་བ་ཡིན་ཞིང་། འཇང་ས་ཐང་རྒྱལ་པོས་སྟོང་གསུམ་ཁོག་ཏུ་བཅུག་ནས་བཙན་པོ་དམག་གི་དཔུང་འཇུག་བྱས་ཏེ་ཁམས་ཀྱི་ཡུལ་ལུང་ཕལ་ཆེར་བཟུང་། སྐབས་དེར་གླིང་གི་དམག་དཔོན་གཙོ་བོ་སྟེ་སྲས་དགྲ་ལྷ་དང་འདན་མ། ཤན་པ་རྣམ་གསུམ་ཡིན་པར་གྲགས། འཇང་གླིང་གཡུལ་འགྱེད་དུ་འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་གཙོས་པའི་ཕྱི་ནང་བློན་ཤེས་ཆེན་བེར་ཐུལ་དང་བྱུར་ལྷ་དཔོན་མཙར་དམར་དཔོན་སོགས་འཇང་ས་ཐམ་རྒྱལ་པོའི་བཀའ་ལྟར་བྱང་ཁམས་ཀྱི་ཕྱོགས་སུ་དམག་གི་དཔུང་འཇུག་བྱེད་ཅིང་དཀར་པོ་གླིང་གི་ཡུལ་ཁམས་ཀུན་ལ་གློ་བུར་དུ་བུ་ཡུག་འཚུབ་པ་བཞིན་དུ་མྱ་ངན་གྱི་གནས་སུ་གྱུར། དེ་ནས་གླིང་དམག་འཇང་རྒྱལ་པོའི་ཁ་གཏད་མི་བྱེད་ཀ་མེད་ཀྱིས་གླིང་དམག་ཐོག་མར་གླིང་དཀར་གཤིས་ཀྱི་ཁོངས་ཏྲམ་མཚོ་ཕུ་གནས་མཆོག་དེར་རྒྱས་འཛོམས་ཀྱིས་དམག་ཇུས་སོགས་ཀྱི་གྲབས་གཤོམ་རབ་དང་རིམ་པ་བཀོད། དེ་ཡང་དམངས་ཁྲོད་ཀྱི་ངག་རྒྱུན་ལས་ཚ་ལོའི་ལྟག་གི་ཟུར་བརྒྱད་མཁར་གྱི་འགྲམ་དེ་ཤན་པ་དང་འཇང་ཕྲུག་གཉིས་འཛིང་རེས་ཐེངས་མང་བྱས་མཐར་འཇང་ཕྲུག་གིས་ཤན་པའི་འགྲན་ཡ་མ་ནུས་ཏེ། ཤན་པས་འཇང་ཕྲུག་དེ་ཉིད་བྱིའུ་ཁྲས་འཇུས་པ་བཞིན་ཏུ་གྱུར། ཅེས་མིག་ལམ་དུ་གསལ་བའི་ཟུར་བརྒྱད་མཁར་དང་བཤད་སྲོལ་རྒྱུན་མ་ཆད་པ་གདའོ། །
སྨྲས་པ།
ཀེ་ལ་ཤ་རིའི་ཁྲོད་དུ་བརྗིད་ཆགས་པའི། །
གཞལ་མཐའ་མེད་པའི་བེེཌྰུརྱ་ཞུན་མའི་མཚོ། །
སྐལ་ལྡན་གཞོན་ནུ་འགུག་པའི་ཆོ་ག་རྫོགས། །
གནས་མཆོག་མ་ཕམ་གཉིས་པ་ཞེས་སུ་གྲགས། །
འཛམ་གླིང་ཐེག་དགུ་སྲོལ་འབྱེད་ཨོ་རྒྱན་མཆོག།
འགྲོ་དྲུག་དོན་མཛད་བརྒྱད་ལྔ་ཆེ་བ་མཛད། །
ཁྱད་པར་ཨོ་རྒྱན་གཉིས་པ་གླིང་གི་རྗེ། །
གངས་ཅན་འཇིགས་པ་ཀུན་དེ་དགེ་ལ་བསྒྱུར། །
ལྷ་གནས་མི་ཡུལ་འཕོ་འདྲའི་ཞིང་ཁྱོན་ན། །
འཇང་གླིང་གཡུལ་འགྱེད་སྐབས་ཀྱི་ཕྱག་ཞབས་རྗེས། །
གསལ་པོར་མངོན་པས་དེང་གི་གལ་ཆེའི་གནས། །
མ་སྨད་གང་དེ་རྗེས་སྐྱོང་འོས་སུ་ཆེ། །