ཁམས་སྨྱོན་བྱམས་པ་བློ་བཟང་།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་སྟག་ཚང་ཤེས་རབ་རིན་ཆེན་དེ་མཁས་པ་གང་འདྲ་ཞིག་ཡིན་པ་དང་། ཡུལ་གང་ནས་ཡིན་པ།སློབ་གཉེར་ཇི་འདྲ་བྱས་པ། འགྱུར་དང་བརྩམས་ཆོས་ཅི་འདྲ་ཡོད་པ། ཁོང་ལ་གང་ཟག་གཞན་དང་མི་འདྲ་བའི་ཁྱད་ཆོས་ཅི་ཡོད་པ། ཁྱད་པར་ཁོང་ལ་ལོ་ཙཱ་བའི་མཚན་སྙན་ཇི་ལྟར་བྱུང་ཚུལ་དང་གྲུབ་འབྲས་ཅི་ཐོན་པ་དང་། ཁོའི་མཛད་སྤྱོད་ཀྱིས་ཕྱི་རབས་བོད་མི་རྣམས་ལ་ཤུགས་རྐྱེན་ཅི་འདྲ་ཞིག་ཐེབས་ཚུལ་སོགས་ལ་རང་བློས་གང་ལྕོགས་ཀྱིས་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཏེ། ཁོང་གི་ལྟ་གྲུབ་དང་འབྲེལ་བའི་དབུ་ཚད་སོགས་ཀྱི་གལ་ཆེའི་གནད་དོན་མང་པོ་ཞིག་ལ་བརྟག་ཅིང་དཔྱད་དེ་ར་སྤྲོད་གསལ་པོར་བྱས་ཡོད།
[བརྡ་ཆད་གཙོ་བོ།] སྟག་ལོ། འགྱུར་ཆོས། བརྩམས་ཆོས། ཞིབ་འཇུག
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] G256.1
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-01-0135-12
དེ་ཡང་སྟག་ཚང་ལོ་ཙཱ་བ་ནི་ཕག་གྲུའི་སྡེ་སྲིད་ཀྱི་ཁྲི་རབས་དྲུག་པ་ཝང་གྲགས་པ་འབྱུང་གནས་ཀྱི་དུས་སུ་བྱོན་ལ།ཆོས་དང་རིག་གཞུང་གི་ཕྱོགས་ནས་རང་ཡུལ་གངས་ལྗོངས་སུ་མཁས་བརྒྱ་འགྲན་གླེང་དང་། མེ་ཏོག་མཉམ་བཞད་བྱེད་པའི་སྐལ་བཟང་གི་དུས་ཤིག་ཡིན། སྟག་ཚང་ལོ་ཙཱ་བ་ཁོང་དང་དུས་མཉམ་དུ་རང་ཡུལ་གངས་ལྗོངས་སུ་མཁས་གྲུབ་ཀུན་མཁྱེན་གོ་རམས་པ་དང་། པཎ་ཆེན་ཤཱཀྱ་མཆོག་ལྡན།ཟུར་མཁའ་མཉམ་ཉིད་རྡོ་རྗེ། ཕུག་པ་ལྷུན་གྲུབ་རྒྱ་མཚོ། གཏེར་སྟོན་པད་མ་གླིང་པ། རྗེ་དགེ་འདུན་གྲུབ་པ་དང་།མཁས་གྲུབ་དགེ་ལེགས་དཔལ་བཟང། འབྲུག་པ་ཀུན་དགའ་ལེགས་པ། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་སོགས་རིག་པའི་གནས་དུ་མ་ལ་མཁས་ཤིང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་སྐྱེས་བུ་དམ་པ་མང་པོ་བྱོན་ཏེ། ཀློག་པ་ཐོས་བསམ་གྱི་འཁོར་ལོ་དང་། སྤང་བ་བསམ་གཏན་གྱི་འཁོར་ལོ། བྱ་བ་ལས་ཀྱི་འཁོར་ལོས་བསྟན་འགྲོའི་དོན་རྒྱ་ཆེན་མཛད་པའི་སྐབས་ལགས།
གཅིག ཡབ་ཡུམ་སོགས་འབྲི་ཚུལ་མི་འདྲ་བའི་སྐོར།
《གངས་ཅན་མཁས་དབང་རིམ་བྱོན་གྱི་མིང་མཛོད་》ནང་ཡབ་ཡུམ་ཀྱི་མཚན་བྲིས་མེད་ལ། འཁྲུངས་ཡུལ་ཡར་འབྲོག་སྟག་ལུང་ཞེས་①བྲིས་འདུག
《དུང་དཀར་ཚིག་མཛོད་》ནང་སྣར་ཐང་ལོ་ཙཱ་བ་སང་ག་ཤྲའི་དངོས་སློབ་འདི་ཉིད་ཡབ་དོན་འགྲུབ་རྒྱལ་པོ་དང་ཡུམ་ལྷ་མོ་སྐྱབས་②ཞེས་ཡབ་ཡུམ་ལས་འཁྲུངས་ཡུལ་བྲིས་མི་འདུག
མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན་རིན་པོ་ཆེའི་གསུང་འབུམ་(ཆ)《སྟག་ལོའི་གྲུབ་མཐའ་ཀུན་ཤེས་དཔེ་བསྐྲུན་གྱི་མཚམས་སྦྱོར་མདོར་བསྡུས་》ཞེས་པ་རུ། ཡབ་དོན་གྲུབ་རྒྱལ་པོ་དང་། ཡུམ་ལྷ་མོ་རྒྱལ་གཉིས་སུ་སྲས་③ཞེས་ཡབ་ཡུམ་གྱི་མཚན་འབྲི་སྟངས་དུང་དཀར་དང་ཅུང་མི་འདྲ།
གཟན་དཀར་རིན་པོ་ཆེས། “གངས་ཅན་བོད་ཆེན་པོའི་ལྗོངས་འདིར། ཆོས་དང་རིག་པའི་འབྱུང་གནས་དབུས་གཙང་ས་ཡི་ཆ་ལ་སྟོད་སྨད་གཉིས་སུ་ཕྱེ་བའི་སྟོད་གཙང་གི་ཕྱོགས། དེ་ལ་ཡང་གཡས་རུ་དང་གཡོན་རུ་གཉིས་སུ་ཕྱེ་བའི་གཙང་གཡས་རུ་ལང་འགྲོ་ཁང་དམར་ཞེས་པར། ཡུལ་གྱི་དགེ་བཅུ་ཚང་བའི་གནས་སུ། ཡབ་དོན་གྲུབ་རྒྱལ་པོ་དང་ཡུམ་ལྷ་མོ་རྒྱལ་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ཤིང་བྱ་ལོར་དགེ་ལེགས་མཚན་མ་དང་བཅས་ཏེ་སྐུ་འཁྲུངས་”④ཞེས་སྟག་ཚང་བའི་རང་རྣམ་དུ་བྲིས་པ་ལྟར་གསལ་པོར་བཀོད་འདུག
གཉིས། འདས་ལོ་མ་རྙེད་པའི་རིགས།
ལོ་ཙཱ་བ་ཁོང་གི་འཁྲུངས་ལོ་ལ་མཁས་པ་རྣམས་བཞེད་པ་གཅིག་མཐུན་བྱུང་ཡོད་ནའང་། འདས་ལོ་ལ་སྐབས་དེར་དཔྱད་གཞིའི་རྒྱུ་ཆ་དཀོན་པའི་དབང་གིས་《དུང་དཀར་ཚིག་མཛད་ཆེན་མོ་》ལས། (ཤོག་ངོས་1003ནས་1004བར་)འདས་ལོ་མ་རྙེད་ཅེས་བྲིས་ཡོད་ལ།
《གངས་ཅན་མཁས་རིམ་བྱོན་གྱི་མིང་མཛོད་》ལས།(ཤོག་ངོས་747ནས་748བར) “ཁོང་ནི་རབ་བྱུང་བདུན་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་1405ལོར་ཡར་འབྲོག་སྟག་ལུང་དུ་སྐུ་འཁྲུངས། འདས་ལོ་མི་གསལ་”ཞེས་བྲིས་འདུག
ཁུ་བྱུག་གི་《བོད་ཀྱི་དབུ་མའི་ལྟ་བའི་འཆད་ཉན་དར་ཚུལ་བློ་གསལ་མིག་འབྱེད་》ལས། “སྟག་ཚང་ལོ་ཙཱ་བའི་འདས་ལོ་མི་གསལ་ནའང་ཁོང་དགུང་ལོ་ང་གཅིག་པ་ཤིང་ཕག་སྟེ་སྤྱི་ལོ་1455ལ་དུས་འཁོར་སྤྱི་དོན་མཛད་པ་ལ་བལྟས་ན་དགུང་ལོ་ང་བཅུ་ང་གཅིག་ཡན་ཆད་དུ་བཞུགས་པ་གསལ་བའོ།།”⑤ཞེས་བྲིས་འདུག
གསུམ། ལོ་ཚིགས་ནོར་བའི་རིགས།
《མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན་རིན་པོ་ཆེའི་གསུང་འབུམ་》ཆ་བ། (ཤོག་གྲངས་378ནས་480བར) “སྟག་ལོའི་གྲུབ་མཐའ་ཀུན་ཤེས་དཔེ་བསྐྲུན་གྱི་མཚམས་སྦྱོར་མདོར་བསྡུས་ཞེས་པ་རུ། ཡབ་དོན་གྲུབ་རྒྱལ་པོ་དང་།ཡུམ་ལྷ་མོ་རྒྱལ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བདུན་པའི་ཤིང་བྱ་སྤྱི་ལོ་1905ལོར་དགེ་ལེགས་ཀྱི་མཚན་མ་བཅས་ཏེ་སྐུ་འཁྲུངས་”ཅེས་པ་དང་། དམ་པ་འདི་ཉིད་ཀྱི་འདས་ལོ་དེ་སྔར་གསལ་པོ་མ་མཐོང་ཡང་དགུང་གྲངས་51པ་ཤིང་ཕག་སྤྱི་ལོ་1955ལོར་དུས་འཁོར་སྤྱི་དོན་མཛད་པ་ལ་དཔག་ན། དགུང་ལོ་51གཅིག་ཡན་ཆད་བཞུགས་པར་ངེས་སོ།། (ལོ་རྒྱུས་འདི་《གངས་ཅན་མཁས་དབང་རིམ་བྱོན་གྱི་མིང་མཛོད་》ལས་དྲངས་)ཞེས་བྲིས་པའི་ནང་། དྲུང་ཡིག་ཚོས་ཡིད་གཟབ་མ་བྱས་པར་སྤྱི་ལོའི་ལོ་གྲངས་བཏགས་ནོར་བྱས་ཏེ་4འབྲི་ས་ལ་9བྲིས་ནས་ལོ་ལྔ་བརྒྱ་ཙམ་གྱི་ཧེ་བག་བྱུང་འདུག
ཁོ་ཚེ་ཚུལ་ཁྲིམས་ཀྱི་《གངས་ལྗོངས་རིག་བཅུའི་སྙིང་བཅུད་ཆེན་མོ་མི་ཟད་འོད་ཀྱི་ཕྲེང་བའི་》ནང་། སྟག་ཚང་ལོ་ཙཱ་བའི་རྣམ་ཐར་གནད་བསྡུས་བཀོད་པའི་སྐབས།ཁོང་གི་འཁྲུངས་ལོ་1405དང་། འདས་ལོ་1489བྲིས་འདུག་ཅིང་། ཕལ་ཆེར་གོ་རམས་པའི་འདས་ལོ་དང་འཁྲུལ་སོང་སྙམ། དེ་ལྟར་ན་སྟག་ཚང་ལོ་ཙཱ་བ་དགུང་ལོ་83བཞུགས་པ་དང་། ཡོངས་གྲགས་ཀྱི་འདས་ལོ་1477ལས་ལོ་12མང་དྲགས་འདུག
བཞི། སྟག་ལོས་སློབ་གཉེར་གནང་ཚུལ།
སྟག་ཚང་ལོ་ཙཱ་བ་ལ་རང་རྣམ་ཚིགས་བཅད་མ་ཤོ་ལོ་ཀ་བཅུ་ཙམ་ཡོད་པ་མདོར་བསྡུས་ཤིག་དང་དེ་ལ་རང་འགྲེལ་རྒྱས་ཙམ་ཞིག་འདུག ཁྱུང་ཕྲུག་བློ་བཟང་དར་རྒྱས་ཀྱི་《སྨྲ་སེང་ཤེས་རབ་》ཅེས་པའི་དཔེ་ཆའི་ནང་། སྟག་ཚང་བ་མཚམས་སྦྱོར་བྱེད་སྐབས། “སྟག་ཚང་བ་ལ་རང་རྣམ་ཞིག་ཡོད་ཚུལ་ཐོས་པ་ལས་གང་སར་རྩད་བཅད་ཀྱང་ཡིད་ཕོངས་པ་ལ་ལག་ཏུ་མ་སོན་”⑥ཞེས་བྲིས་འདུག་པ་དང་། གོང་དུ་སྟག་ཚང་བའི་འདས་ལོ་མ་རྙེད་པའི་ཚུལ་ལ་དཔག་ན་དེ་སྔོན་སྟག་ཚང་ལོ་ཙཱ་བའི་སྐོར་ལ་དཔྱད་གཞི་ཧ་ཅང་དཀོན་པོ་ཡིན་པ་སྨྲོས་མེད་རེད། 《སྟག་ཚང་བའི་རྣམ་ཐར་ཚིགས་བཅད་མ་》ལས། “རང་ཉིད་མཆོག་ཏུ་རློམ་བའི་ང་རོ་ཡིས།། བདག་བསྟོད་གཞན་སྨོད་དམ་པའི་ཚུལ་མིན་ཡང་།། སྒྲོ་སྐུར་མེད་པ་རང་གི་ངང་ཚུལ་རྣམས།།འཁོར་དུ་སྒྲོག་པ་སངས་རྒྱས་ཚུལ་ལུགས་ཡིན།། ཁྱད་པར་མཁས་ཤིས་གྲུབ་པ་ལྷུར་ལེན་པའི།། དད་ལྡན་སློབ་མ་མང་པོས་མགྲིན་གཅིག་ཏུ།། གཞན་གྱིས་སྦྱར་ལ་སྒྲོ་འདོགས་སྐུར་འདེབས་དང་།། བསྟོད་མི་ཤེས་ཀྱིས་བསྟོད་སོགས་སྐྱོན་འབྱུང་བས།། ཆོས་རྗེ་ཡབ་སྲས་གསུམ་པོའི་རྣམ་ཐར་བཞིན།། ཆད་ལྷག་ནོར་བས་དབེན་ཞིང་སྦྱོར་ལེགས་པ།།རང་གིས་ངང་ཚུལ་རང་གིས་བརྗོད་དཀའ་ཡང་།། ནན་གྱིས་བསྐུལ་ངོར་ཅུང་ཟད་བརྗོད་པར་བྱ།།”⑦ ཞེས་རང་རྣམ་འབྲི་དགོས་པའི་རྒྱུ་མཚན་དང་། སྐྱེ་བ་བླང་ཚུལ་ནས་བསྟན་པ་ལ་བྱ་བ་བྱས་ཚུལ་གྱི་བར་དགུང་ལོ་66ཡན་གྱི་རྣམ་ཐར་རགས་རིམ་ཙམ་བྲིས་འདུག
སྟག་ཚང་ལོ་ཙཱ་བ་ཁོང་གིས། ཚེ་འདིའི་དལ་འབྱོར་གྱི་ལས་མཆོག་གང་ལ་རག་ལས་པ་ཕ་མ་དང་། གཏན་གྱི་ཕན་བདེ་ཀུན་གང་ལ་རག་ལས་པ་བླ་མ་སྟེ། དེ་དག་ལེགས་པར་དགྱེས་པའི་སླད་དུ་རང་གི་འཕྲལ་གྱི་བདེ་བ་ཐམས་ཅད་དོར་ཞིང་བློས་བཏང་ནས་ཚེ་སྟོད་ལ་ཕ་མ་དང་། ཚེ་སྨད་ལ་བླ་མའི་བཞེད་པ་ཐམས་ཅད་ནན་གྱིས་བསྒྲུབས་ཏེ་བྱ་བ་དེ་འབའ་ཞིག་ལ་མི་ཚེ་བསྐྱལ་བས་ན། འདི་ནི་ཁོ་བོའི་ཚེ་འདི་ལ་ལྡན་པའི་ཡོན་ཏན་གྱི་ནང་ནས་མཆོག་དང་གཙོ་བོ་ཡིན་ཞེས་ཕ་མ་དང་དགེ་རྒན་ལ་བསྙེན་བཀུར་བྱ་རྒྱུ་དེ་ཧ་ཅང་རྩ་ཆེན་པོར་བཟུང་འདུག་པ་འདི་ལས་སྟག་ཚང་ལོ་ཙཱ་བའི་མི་གཞི་ག་འདྲ་ཞིག་ཡིན་པ་གསལ་པོ་ཤེས་ཐུབ།
སྤྱིར་སྟག་ཚང་བའི་མཛད་རྣམ་མདོར་བསྡུས་ནི་《རང་རྣམ་》གྱི་ས་བཅད་དུ་བྲིས་པ་ལྟར་དལ་འབྱོར་གྱི་སྐྱེ་བ་བླངས་ཚུལ་དང་། ཚེ་འདི་ཡི་ཕུན་ཚོགས་ཡལ་བར་དོར་ཚུལ།དགེ་བའི་བཤེས་གཉེན་མཉེས་པར་བྱས་ཚུལ། གཞུང་ལུགས་ཀུན་ལ་ལེགས་པར་སྦྱངས་ཚུལ། རྒྱལ་བའི་བསྟན་པ་ལ་བྱ་བ་བྱས་ཚུལ་བཅས་ས་བཅད་ལྔ་ཡི་ནང་བསྡུས་འདུག་ཅིང་། ཁོང་ཚང་གི་མེས་པོ་ཁང་དམར་བ་དཔོན་བསོད་ནམས་རྒྱལ་པོའང་ཚིགས་བཅད་རྩོམ་པ་ལ་ཐོགས་པ་མེད་ལུགས་བྲིས་འདུག་ལ། 《རྒྱ་བོད་ཡིག་ཚང་ཆེན་མོ་》མཛད་མཁན་གྱི་སྟག་ཚང་དཔལ་འབྱོར་བཟང་པོའང་ཁོང་གི་ཁུ་བོ་རེད་འདུག
སྔོན་བྱོན་ལོ་ཙཱ་བ་ཕལ་ཆེར་རྒྱ་གར། བལ་ཡུལ། ཁ་ཆེ་སོགས་སུ་སློབ་གཉེར་ཕྱིན་མྱོང་ལ། སྟག་ཚང་ལོ་ཙཱ་བ་ཡུལ་གྲུ་གཞན་ལ་སློབ་གཉེར་དུ་མ་ཕེབས་པར་བོད་ཡུལ་རང་ནས་ལོ་ཙཱ་བ་ཆེན་པོར་གྱུར་པ་ནི་དེ་སྔ་ཤིན་ཏུ་དཀོན་པོ་འདུག དེས་ན་ཁོང་ཉིད་བོད་གངས་ཅན་ལྗོངས་སུ་སྟག་ཚང་ལོ་ཙཱ་བ་ཞེས་པའི་མཚན་སྙན་དེ་ག་འདྲ་བྱས་ནས་བྱུང་བ་རེད་ཅེ་ན། དེ་ཡང་ཁོང་གི་《རྣམ་ཐར་ཚིགས་བཅད་མའི་རང་འགྲེལ་》ལྟར་ན། “སེམས་དཔལ་ཆེན་པོ་སྐད་གཉིས་སྨྲ་བ་ཐུགས་རྗེ་དཔལ་བཟང་པོའི་དྲུང་དུ་སྔ་ཕྱི་གཉིས་སུ་ཀ་ལཱ་པ་དང་། ཙནྡྲ་པའི་སློབ་གཉེར་ལ་ཕྱིན་ནས་ཆ་ཚང་སྦྱངས་ཤིང་སྒྲ་ལ་མཁས་པ་ཆེན་པོར་གྱུར་པ་དང་། དེའི་གོང་ནས་ས་རིས་རགས་པ་དང་རྣམ་རྒྱལ་མ། རྡོ་རྗེ་རྣམ་འཇོམས།ཚེ་གཟུངས་སོགས་ལན་ཛའི་ཡི་གེ་མ་སྦྱང་ནའང་ཀློག་ཤེས་པ་དང་། དུས་འཁོར་ནང་གི་སྔགས་དོན་གྱི་སྐད་དོད་ཕལ་ཆེར་སྒྲ་མ་སྦྱང་པའི་སྔོན་ནས་སྦྱོར་ཤེས་”གསུངས་འདུག་པས་ཁོང་སྐྱེས་སྟོབས་ཀྱི་ཤེས་རབ་ཆེ་ཞིང་རིག་གནས་འདི་ལ་སྔོན་ནས་བག་ཆགས་ཟབ་མོ་ཡོད་པ་ཤེས་ཐུབ་ཀྱི་འདུག དེའི་དབང་གིས་གཞུང་འགའ་རེའི་ནང་ཁོང་ལ་སྒྲ་བ་ཤེས་རབ་རིན་ཆེན་ཞེས་འབོད་པ་དང་། སྒྲ་རིག་པའི་བསྟན་བཅོས་ཀྱི་བརྩམས་ཆོས་ལ། 《སྒྲ་གཞུང་ཀ་ལཱ་པའི་ཊཱིཀ་ཆེན་》དང་།《ཙན་དྲ་པའི་ཊཱིཀ་ཆུང》 《བྱིངས་གྲུབ་ཉེར་མཁོ》《ཀ་ལཱ་པའི་མདོ་ལས་མཚམས་སྦྱོར་ལྔ་བའི་རྣམ་བཤད》《ཀ་ལཱ་པའི་བསྟན་བཅོས་ཀྱི་རྣམ་གཞག་ལེགས་སྦྱར་སྣང་བའི་སྒྲོན་མེ་》བཅས་མཛད་ཡོད་པ་རེད།
ལྔ། སྟག་ལོའི་འགྱུར་ཆོས་སྐོར་གྱི་མཐའ་དཔྱད།
ལོ་ཙཱའི་མཛད་འཕྲིན་ཐད། 《སྟག་ཚང་བའི་རྣམ་ཐར་ཚིགས་བཅད་ཀྱི་རང་འགྲེལ་》ལས། “གཞི་འགྱུར་དང་འགྱུར་བཅོས་མང་པོའང་བྱས། འཕགས་པ་བརྒྱད་སྟོང་པ། གསེར་གྱི་ལཉྫ་རང་ཉིད་ཀྱིས་བྲིས་པ་ལ། བོད་སྐད་དངུལ་གྱིས་བྲིས་པའི་བདག་ཉིད་བརྡ་ཁྱད་འཕགས་སོགས་སྐད་གཉིས་ཀྱི་བྱ་བ་ཡང་མང་དུ་བྱས་སོ་”⑧ཞེས་གསུངས་འདུག
འདི་ཉིད་ཀྱི་འགྱུར་ལ། བསྟན་འགྱུར་དུ་བཞུགས་པའི་རྒྱ་གར་གྱི་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པའི་《སྡེབ་སྦྱོར་གྱི་བསྟན་བཅོས་》ཡིན་ལ། 《དུང་དཀར་ཚིག་མཛོད་》ལས། “སྡེབ་སྦྱོར་རིན་ཆེན་འབྱུང་གནས་སོགས་འགྱུར་ཡང་མང་པོར་མཛད་”⑨ཅེས་གསལ།
གཟན་དཀར་མཆོག་སྤྲུལ་གྱིས་《མཛད་པའི་སྟག་ཚང་ལོ་ཙཱ་བའི་རྣམ་ཐར་མདོ་བསྡུས་དད་པའི་ས་བོན་》ལས།“ཁྱད་པར་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཆེན་པོར་གྱུར་པས་སྡེབ་སྦྱོར་རིན་འབྱུང་སོགས་གསར་དུ་བསྒྱུར་བ་དང་། ཞལ་ལུང་གྲོལ་ཐིག སྒྲུབ་ཐབས་ཀུན་བཟང་གི་རྣམ་བཤད་སོགས་དང་། གསང་འདུས་དཀྱིལ་ཆོག་ལོ་ཆེན་དང་སྨི་ཏིའི་འགྱུར་ལ་འགྱུར་བཅོས་དང་། བརྒྱད་སྟོང་པ་ལཉྫའི་གསེར་བྲིས་རྗེ་རང་གིས་མཛད་པ་ལ། བོད་སྐད་དངུལ་གྱིས་བྲིས་པའི་བརྡ་ཁྱད་འཕགས་ཅན་སོགས་སྐད་གཉིས་ཀྱི་བྱ་བ་ཡང་མང་པོར་མཛད་”⑩ཅེས་གསུངས་ས།།
གཟན་དཀར་རིན་པོ་ཆེས་གསུངས་པའི་སྟག་ཚང་བའི་ལོ་ཙཱའི་སྐོར་འདི་ད་སྔ་ཕན་ཆད་ཁོང་གིས་ལོ་ཙཱ་བའི་བྱ་བ་ག་འདྲ་བྱས་མིན་གྱི་ལོ་རྒྱུས་རྒྱས་ཤོས་ཡིན་ནའང་། 《བུ་སྟོན་ཆོས་འབྱུང་》ལྟར་ན། “སྒྲུབ་ཐབས་ཀུན་བཟང་གི་རྣམ་བཤད་དང་། གསང་འདུས་དཀྱིལ་ཆོག་ནི་རྒྱ་གར་གྱི་སློབ་དཔོན་ནག་པོ་པས་མཛད་ཅིང་། ལོ་ཆེན་རིན་ཆེན་བཟང་པོའི་འགྱུར་ཡིན་པར་གསལ་ཞིང་། སྟག་ཚང་ལོ་ཙཱ་བས་འགྱུར་བཅོས་བྱས་ཚུལ་བྲིས་མེད་པ་དང་། ཞལ་ལུང་དང་གྲོལ་ཐིག་ལས་འཇམ་དཔལ་ཞལ་ལུང་ནི་ཨུ་རྒྱན་ཡུལ་གྱི་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་དང་། བོད་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ་ཆེན་པོ་མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་པ་ལ་ཕབ་པའོ་”⑾ཞེས་གསལ། “འདི་དག་གི་ནང་སྟག་ཚང་ལོ་ཙཱ་བའི་འགྱུར་ལ་སྡེབ་སྦྱོར་རིན་ཆེན་འབྱུང་གནས་ལས་གཞན་མ་མཐོང་ཞིང་། འགྱུར་བཅོས་བྱེད་མཁན་ཡང་སྟག་ཚང་ལོ་ཙཱ་བ་ཡིན་ལུགས་བྲིས་མི་འདུག ཞལ་ལུང་གྲོལ་ཐིག་གི་རྣམ་བཤད་ཉུང་ངུ་རྣམ་གསལ་ཞེས་པའི་མཇུག་བྱུང་དུ་སྟག་ཚང་བས་འདི་ལ་འགྱུར་བཅོས་བྱས་ཡོད་ཚུལ་གསལ་པོར་གསུངས་འདུག་སྟེ། དུས་ཕྱིས་ཁོ་བོས་ཀྱང་ཅུང་ཟད་བཅོས་ཏེ་ལེགས་པར་གཏན་ལ་ཕབ་པའོ་”⑿གསུངས་འདུག
གང་ལྟར་ཡང་ཁོང་གིས་《བཀའ་བསྟན་》གཉིས་ལས་《བསྟན་བཅོས་》མ་གཏོགས་《བཀའ་》བསྒྱུར་མི་འདུག་ལ།བརྩམས་ཆོས་ནང་རྩིས་ཀྱི་སྐོར་ལས་རིག་གནས་ཆུང་བ་གཞན་དག་སྐོར་མི་འདུག དེ་ལྟར་ནའང་ཁོང་བཅུ་ཕྲག་རིག་གནས་ལ་མཁས་པ་ཆེན་པོ་ཡིན་པ་འོག་གི་བརྩམས་ཆོས་ངོ་སྤྲོད་ལས་གསལ་པོར་ཤེས་ཐུབ་།
《གངས་ལྗོངས་མཁས་དབང་རིམ་བྱོན་གྱི་མིང་མཛོད་》ལས་ཀྱང་། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་སྡེབ་སྦྱོར་གྱི་བསྟན་བཅོས་བཅས་མང་དུ་བཞུགས་སོ་ཞེས་ཁོང་ལོ་ཙཱ་བ་ཆེན་པོ་ཡིན་པས་འགྱུར་མང་པོ་ཡོད་རྒྱུར་བྱས་ཏེ་རྣམ་ཐར་ཕར་བཤུ་ཚུར་བཤུས་བྱས་ནས་རྗེས་ཟློས་བྱས་པ་ཙམ་ལས།སུ་ཞིག་གིས་སྟག་ཚང་ལོ་ཙཱ་བའི་འགྱུར་ཆོས་ལ་《སྡེབ་སྦྱོར་རིན་ཆེན་འབྱུང་གནས་》ལས་གཞན་འདི་དང་འདི་བསྒྱུར་བ་རེད་ཅེས་གསལ་པོར་བསྟན་པ་གང་ཡང་མི་འདུག
དྲུག སྟག་ཚང་ལོ་ཙཱ་བའི་སྡེབ་སྦྱོར་སྐོར་གྱི་མཐའ་དཔྱད།
བོད་དུ་སྡེབ་སྦྱོར་གྱི་རིག་གནས་དར་ཚུལ་ཐད།《གངས་ལྗོངས་རིག་བཅུའི་སྙིང་བཅུད་ཆེན་མོའི་གླེགས་བམ་དང་པོ་》ལས། “བོད་རབ་བྱུང་གསུམ་པའི་ནང་གངས་རིའི་ལྗོངས་ཀྱི་པཎྜི་ཏ་ཐོག་མ་ས་སྐྱ་བ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་འཕགས་ཡུལ་གྱི་སྡེབ་སྦྱོར་རིག་པ་འདི་བོད་ལ་ཐོག་མར་སྤེལ་ནས་སྡེབ་སྦྱོར་སྣ་ཚོགས་མེ་ཏོག་ཆུན་པོ་ཞེས་པ་མཛད་ཅིང་། དེ་རྗེས་དུས་རབས་བཅུ་བཞི་པའི་སྟོད་དུ་སྨིན་གླིང་ལོ་ཆེན་དང་། ཡར་ལུང་པ་གྲགས་པ་རྒྱལ་མཚན། ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་བཟང་པོ་སོགས་ཀྱིས་སྔ་རྗེས་སུ་སྡེབ་སྦྱོར་རིན་ཆེན་འབྱུང་གནས་བསྒྱུར་ཅིང་སླར་ཡང་འགྱུར་བཅོས་ཀྱི་དག་པར་མཛད་”⒀ཅེས་བྲིས་འདུག་ལ།《ཀུན་འདུས་ཞལ་ཐང་ཆེན་མོའི་རྣམ་བཤད་མཐོང་གྲོལ་ཀུན་གསལ་མེ་ལོང་》དུའང་ཚིག་རིས་འདི་ཇི་མ་ཇི་བཞིན་དུ་བྲིས་འདུག དེ་དག་གིས་གང་ནས་བཤུས་པ་ཡིན་མི་གསལ་ཡང་། འདི་ལ་སྐྱོན་ཁ་ཤས་ཤིག་འདུག་སྟེ།
1.སྟག་ཚང་ལོ་ཙཱ་བའི་ཡན་དུ་སྡེབ་སྦྱོར་གཞི་འགྱུར་གཉིས་དང་འགྱུར་བཅོས་གཅིག་བྱས་ཟིན་ལ། དེ་རྗེས་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་སླར་ཡར་འགྱུར་བཅོས་མཛད་པའི་གོ་རིམ་བཞི་བརྒྱུད་ཡོད་པ་དེ་གསལ་པོར་བྲིས་མེད།
2.སྨིན་གླིང་ལོ་ཆེན་(1654-1718)གྱིས་《སྡེབ་སྦྱོར་རིན་འབྱུང་》ལ་《འགྲེལ་བ་དོན་གསལ་མེ་ལོང་》ཟེར་བ་མཛད་པ་ལས་འགྱུར་དང་འགྱུར་བཅོས་གང་ཡང་མཛད་མི་འདུག
3.དེ་རྗེས་དུས་རབས་བཅུ་བཞི་པའི་སྟོད་དུ་སྨིན་གླིང་ལོ་ཆེན་དང་། ཡར་ལུང་པ་གྲགས་པ་རྒྱལ་མཚན། ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ་སོགས་ཀྱིས་སྔ་རྗེས་སུ་《སྡེབ་སྦྱོར་རིན་ཆེན་འབྱུང་གནས་》བསྒྱུར་ཅིང་སླར་ཡང་འགྱུར་བཅོས་ཀྱི་དག་པར་མཛད་ཅེས། ལོ་ཙཱ་བ་དེ་དག་དུས་རབས་བཅུ་བཞི་པའི་ལོ་ཙཱ་བ་ཡིན་རྒྱུ་བྱས་འདུག་ཀྱང་།《དུང་དཀར་ཚིག་ཚིག་》མཛོད་ལྟར་ན། སྨིན་གླིང་ལོ་ཆེན་ནི་1654ནས་1718བར་དུ་བྱོན་པ་དང། ཡར་ལུང་པ་གྲགས་པ་རྒྱལ་མཚན་1147ནས་1216བར་དུ་བྱོན་ཡོད་ཅིང་། ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ་1392ནས་1481བར་དུ་བྱོན་པས་དེ་རྣམས་དུས་རབས་བཅུ་བཞི་པའི་ནང་བྱོན་པ་ཞ་ལུ་ལོ་ཆེན་ལས་མི་འདུག
སྡེབ་སྦྱོར་གྱི་འགྱུར་ཆོས་ཀྱི་མཆོད་བརྗོད་སྐབས་སུ་ཆོས་ལྡན་རས་པ་དང་ཡར་ཀླུང་གྲགས་པ་རྒྱལ་མཚན་དག་གིས། “རྒྱལ་བ་ཐུབ་པ་ཉི་མ་ནི།། སྣང་བ་མཆོག་གི་བདག་ཉིད་ཅན།། ནང་གི་མཚན་མོ་བཤེས་བྲལ་གྱི།། ནང་གི་ཉིན་བྱེད་ལ་ཕྱག་འཚལ།།” ཞེས་བསྒྱུར་ཡོད་པ་དང་། སྟག་ཚང་ལོ་ཙཱ་བས། “ནང་གི་མཚན་མོ་བཤེས་བྲལ་གྱི།། ནང་གི་ཐུབ་པ་ཉི་མ་ནི།། སྣང་བ་མཆོག་གི་བདག་ཉིད་ཅན།།རྒྱལ་བ་ཉི་མ་ལ་ཕྱག་འཚལ།།” ཞེས་ཚིག་རྐང་གི་གོ་རིམ་མི་འདྲ་བ་ཙམ་ལས་དོན་དུ་སྟོན་པ་ཐུབ་པའི་དབང་པོས་བློའི་མ་རིག་པའི་རྨོངས་པ་སེལ་ཚུལ་དེ་ཉི་མའི་དཀྱིལ་འཁོར་གྱིས་མུན་པ་མཐའ་རུ་བསྐྲད་པ་ལ་གཟུགས་སུ་བཀོད་ཡོད་པས་དོན་ལ་ཁྱད་པར་མི་འདུག
བདུན། སྟག་ལོའི་བརྩམས་ཆོས་གྲགས་ཅན་སྐོར་ལ་དཔྱད་པ།
སྟག་ཚང་ལོ་ཙཱ་བས་མདོ་སྔགས་རིག་གནས་དང་བཅས་པའི་བསྟན་པ་ཡོངས་ཀྱི་སྤྱི་འགྲེལ་ལ་《རིག་གནས་ཀུན་ཤེས་》དང་། 《གྲུབ་མཐའ་ཀུན་ཤེས》 《སྡེ་སྣོད་ཀུན་ཤེས》 《རྒྱུད་སྡེ་ཀུན་ཤེས་》ཞེས་རྩ་བ་རང་འགྲེལ་དང་བཅས་བཞི་མཛད་པར་གྲགས་ཤིང་། 《རྣམ་ཐར་ཚིག་བཅད་མའི་རང་འགྲེལ་》ལས། “གྲུབ་མཐའ་ཀུན་ཤེས་རྩ་འགྲེལ་ནི་ལེགས་པར་གྲུབ་ལ།འདིའི་གྲོགས་སུ་རིག་གནས་ཀུན་ཤེས། མདོ་སྡེ་ཀུན་ཤེས།རྒྱུད་སྡེ་ཀུན་ཤེས་རྣམས་ཀྱང་རྩ་འགྲེལ་དུ་སྦྱར་བ་རེ་དང་།མངོན་པ་ཀུན་བཏུས་དང་། ཕར་ཕྱིན་གྱི་སྤྱི་དོན་ཆེ་བ་རེ་མྱུར་དུ་བྱ་བ་འདོད་”⒁ཅེས་གསུངས་ཤིང་། 《སྟག་ཚང་བའི་རྣམ་ཐར་ཁ་སྐོང་ཡིད་ཆེས་གསེར་གྱི་ལྗོན་པ་》 ལས། “རྣམ་ཐར་གསོལ་འདེབས་ཕུན་ཚོགས་དཔལ་འབྱོར་གཞུང་ཚིག་ཏུ་སྦྱར་བ་འདི་དགུང་ལོ་66ལྕགས་སྟག་ཡན་གྱི་རྣམ་ཐར་བདག་ཉིད་ཆེན་པོ་རང་གིས་སྒྲོ་སྐུར་དང་བྲལ་བ་མཛད་”ཅེས་གསལ་པོར་གསུངས་འདུག
《གྲུབ་མཐའ་ཀུན་ཤེས་རྩ་འགྲེལ་》གྱི་མཇུག་བྱང་གི་ལོ་ཁམས་ལ་བརྟག་ན། དེ་ནི་སྟག་ཚང་ལོ་ཙཱ་བ་དགུང་ལོ་58རབ་བྱུང་བདུན་པའི་ཆུ་ལུག་སྤྱི་ལོ་1463ལོ་དང་། རྗེ་ཙོང་ཁ་པ་དགོངས་པ་རྗོགས་ནས་ལོ་54སྐབས་སུ་མཛད་ལ།《རིག་གནས་ཀུན་ཤེས་》ནི་རབ་བྱུང་བརྒྱད་པའི་མེ་བྱ་སྤྱི་ལོ་1477སྟག་ཚང་ལོ་ཙཱ་བ་དགུང་ལོ73། དམ་པ་ཁོང་སྐུ་མྱ་ངན་ལས་འདས་པའི་ལོ་དེར་ལ་མཛད་པ་རེད།
དེ་ཡང་ཁོང་གིས་རྗེ་ཙོང་ཁ་པ་ལ་གཙོ་བོ་ཕྱོགས་གཉིས་ཀྱི་ཐད་ནས་དགག་བཞག་གནང་འདུག གཅིག་ནི་ཚད་མའི་གཞུང་དོན་གྱི་སྐོར་དང་། ཅིག་ཤོས་ནི་དབུ་མའི་ལྟ་བའི་སྐོར་རེད། སྟག་ཚང་ལོ་ཙཱ་བས་《རིག་གནས་ཀུན་ཤེས་》སུ་རྗེ་ཙོང་ཁ་པའི་ཚད་མའི་སྐོར་ལ་དགག་ཡོད་པ་དང་།《གྲུབ་མཐའ་ཀུན་ཤེས་》སུ་ལྟ་བའི་སྐོར་ལ་དགག་འདུག
འོག་ཏུ་བཀོད་པའི་སྟག་ལོའི་བརྩམས་ཆོས་ཕལ་ཆེར་ཤོས་ནི་ད་སྔ་ཡན་དུ་རྙེད་སོན་མ་བྱུང་བའི་རིགས་ཡིན་ལ།དེས་ན་ཁྱོད་ཀྱིས་ག་འདྲ་བྱས་ནས་སྟག་ལོའི་བརྩམས་ཆོས་ཡིན་པ་ཤེས་སོང་ཞེ་ན། དེ་ནི་། ཁོང་གི་སློབ་མ་རྒྱལ་ཚབ་འཇམ་དབྱངས་ཆོས་ཀྱི་དཔལ་འབྱོར་གྱིས་མཛད་པའི་《སྟག་ལོའི་རྣམ་ཐར་》དང་། 《སྟག་ལོའི་རང་རྣམ》 སྟག་ལོས་མཛད་པའི་《དུས་འཁོར་སྤྱི་དོན་བསྟན་པ་རྒྱ་མཚོ་》སོགས་སུ་ཞལ་འཕངས་མཛད་པ་ལས་དཔོག་ཐུབ།
1.ཚད་མའི་སྐོར། 《རྣམ་འགྲེལ་ཊཱིཀ་ཆེན་》དང་།《ཚད་མ་མདོའི་འགྲེལ་བ་ལྷ་དབང་བློའི་འགྲེལ་བཤད་》《བསྟོད་པའི་ཊཱིཀ》 《རྣམ་འགྲེལ་ཊཱིཀ》 《རིགས་ཐིགས་ཊཱིཀ》 《གཏན་ཚིགས་ཐིགས་པའི་ཊཱིཀ》 《འབྲེལ་བ་བརྟག་པའི་ཊཱིཀ》 《རྒྱུད་གཞན་གྲུབ་པའི་ཊཱིཀ》 《རྩོད་རིག་ཊཱིཀ》《ས་པཎ་རིགས་གཏེར་ཀྱི་འགྲེལ་བ་》བཅས་དང་།
2.བཟོ་རིག་གི་སྐོར། 《རྟེན་གསུམ་བཞུགས་གནས་དང་བཅས་པའི་བསྒྲུབ་ཚུལ་རྒྱས་པ་བཤད་པ་དཔལ་འབྱོར་རྒྱ་མཚོ》 《སྡོམ་འབྱུང་གི་འགྲེལ་བ་ལ་བརྟེན་པའི་སྐུ་གཟུགས་ཀྱི་ཕྱག་ཚད་བཤད་པ་》བཅས།
3.གསོ་རིག་གི་སྐོར། སྨན་གྱི་《རྒྱུད་བཞི་》དེ་བཀའ་ལ་འདོད་མཁན་ཞིག་དང་། བསྟན་བཅོས་ལ་འདོད་མཁན་གྱི་རིགས་གཉིས་དང་། ཡང་རྒྱ་གར་གྱི་མཁས་པས་མཛད་པ་རེད་ཟེར་མཁན་ཞིག་དང་བོད་ཀྱི་མཁས་པས་མཛད་པ་རེད་ཟེར་ནས་བཤད་སྲོལ་མི་འདྲ་བ་གཉིས། བོན་བསྟན་པ་གཤེན་རབ་ཀྱིས་མཛད་པ་རེད་ཟེར་བ་དང་། གཡུ་ཐོག་ཡོན་ཏན་མགོན་པོས་མཛད་པ་རེད་ཅེས་བཤད་སྲོལ་མི་འདྲ་བ་དུ་མ་ཞིག་ཡོད་པ་རེད། བོད་ཀྱི་གསོ་རིག་དང་སྐར་རྩིས་མཁས་ཆེན་བྱམས་པ་འཕྲིན་ལས་ཀྱིས་མཛད་པའི་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་》ལས།“ཁོང་ནི་གསོ་རིག་རྒྱུད་བཞི་དེ་བསྟན་བཅོས་ཀྱི་ཁོངས་སུ་བཞེད་མཁན་གྱི་གྲས་ཡིན་”⒂གསུངས་འདུག་ལ། དེའི་སྐོར་《རིག་གནས་ཀུན་ཤེས་》ལས། “ཁྱད་པ་ཡན་ལག་བརྒྱད་པ་ཆེན་པོ་སོགས།། སྨན་དཔྱད་མཁས་པ་དགའ་བྱེད་བཞི་ཙམ་མཛད།། དེ་ཡི་ནང་ནས་ཡན་ལག་བརྒྱད་པ་ཡི།། སྙིང་པོ་བསྡུས་པ་ཞེས་བྱ་འདི་མཛད་ནས།། ཁ་ཆེ་ཟླ་དགའ་ལ་བཤད་དེ་ཡིས་ཀྱང་།། ཟླ་ཟེར་ཞེས་བྱའི་རྒྱ་ཆེའི་འགྲེལ་བ་མཛད།། དེ་ནས་ལེགས་བརྒྱུད་ལོ་ཆེན་སྐྱེས་བུ་མཆོག། རིན་ཆེན་བཟང་པོས་བསྒྱུར་བཅད་གཏན་ལ་ཕབ།། མཁས་པ་དུ་མ་འཕེལ་ནས་བོད་ཡུལ་དུ།། གཡུ་ཐོགས་སོགས་ཀྱིས་རྒྱུད་བཞིར་གྲགས་པ་སྤེལ།།”⒃ ཞེས་དང་་། 《གསོ་རིག་ཉེར་མཁོ་གཅེས་བསྡུས་》སུ། “འདི་དག་ལེགས་པར་ཤེས་ནས་བསྡུས་པ་ཡི།། བོད་སྨན་མཁས་པས་སྦྱར་བའི་རྒྱུད་གཞི་དང་།། གསོ་སྤྱད་ཕན་པ་ཞེས་བྱའི་མདོ་དང་ནི།། གཅེས་གྲུབ་ལ་སོགས་ལག་ལེན་མང་མཐོང་ཞིང་།། ཀུན་ཀྱང་རྩ་བར་གཏུགས་ནས་ལེགས་བརྟགས་ཏེ།།” ཞེས་《རྒྱུད་བཞི་》ནི་བོད་ཀྱི་སྨན་པ་མཁས་པས་སྦྱར་བར་བཞེད་།
《རང་རྣམ་ཚིགས་བཅད་མའི་འགྲེལ་བ་》ལས། “ཕྱི་མ་རྒྱུད་ལ་སྦྱངས་པ་ཅུང་ཟད་བྱས་ཤིང་། ཁྱད་པར་དུས་འཁོར་ནང་ལེ་ལ་མཁས་པས། ནད་བརྟག་པ་དང་།འབྱོར་ལྡན་དང་། ཀུན་སྤངས་ཀྱི་སྨན་བསྟེན་ཚུལ་ཤེས་ཤིང་། རང་ལུས་ལ་བད་ཀན་སྨུག་པོའི་ནད་དང་། རྒྱང་མིག་མི་གསལ་བ་སྔ་མོ་ནས་ཡོད་ཀྱང་། ཆེ་རུ་ཡེ་མ་སོང་བའི་ངང་དུ་གནས་པ་དང་། གཞན་ལ་ཕན་པ་ཅུང་ཟད་སྦྱོར་མོད་ཀྱི། བསྟན་པའི་བྱ་བ་ཆེན་པོ་གཞན་ལ་ཤིན་ཏུ་གནོད་པརསྣང་བས། ཤེས་ཚུལ་རྒྱ་ཆེར་མ་བསྟན་ཞིང་།ཡན་ལག་བརྒྱད་པ་ཆེན་པོའི་དོན་བསྡུས་པ་ཞིག་བྱ་འདོད་ནའང་མ་འགྲུབ་བ།།”⒄ ཞེས་སྨན་པའང་ཅུང་ཟད་བྱས་ནའང་ཆོས་འཆད་ཉན་ཀྱི་བསྟན་པའི་བྱ་བ་ལ་བར་ཆད་དུ་གཟིགས་ནས་རྗེས་སུ་སྨན་པའི་བྱ་བ་མ་བྱས་ཚུལ་གསལ་པོར་གསུངས་འདུག
ཁོང་གིས་གསོ་བ་རིག་པའི་བསྟན་བཅོས་ལ། 《སྨན་དཔྱད་ལག་ལེན་གཅེས་བསྡུས》 《གསོ་དཔྱད་བྱུང་ཚུལ་རྣམ་ཐར་རྒྱས་པ》 《གསོ་རིག་སྤྱི་ཡི་རྣམ་བཞག་ལག་ལེན་གཅེས་བསྡུས》 《གསོ་རིག་གི་བྱུང་བ་གསང་པོར་བརྗོད་པ་དྲང་སྲོང་སྲིད་སྒྲུབ་ཀྱི་མདའ》 《རྒྱ་གར་ནག་བོད་སོགས་ལ་གསོ་དཔྱད་སྤྱིར་བྱུང་ཚུལ》 《སྨན་དཔྱད་སྤྱི་ཡི་རྣམ་བཞག་ཕྱོགས་གཅིག་ཏུ་བསྡུས་པའི་གཞུང་མཁས་པའི་ཡིད་འཕྲོག》 《སྨན་གྱི་ལག་ལེན་གཅིག་བསྡུས་རེག་པའི་ནད་སེལ་ཞེས་པ་ལེའུ་བཅུ་བ་ཀུན་ལ་མཁོ་བ》 《གསོ་རིག་མིང་ཚིག་འགའ་ཞིག་གི་དོན་གྱི་གཞི་རས་གསལ་བའི་མེ་ལོང་》བཅས་མཛད།
4.ནང་རིག་གི་སྐོར།
(1)མདོ་ཕྱོགས་གཞུང་ཆེན་བཀའ་པོད་ལྔ་ལས། ཚད་མའི་སྐོར་གོང་དུ་བྲིས་ཟིན།
[1]འདུལ་བའི་སྐོར་ལ། 《མདོ་རྩའི་ཊཱིཀ་ཆེན》 《སོ་ཐར་གྱི་ཊཱིཀ》 《སོ་ཐར་གཞུང་ལམ》 《ལུང་རྣམ་འབྱེད་དང་གཞི་གསུམ་གྱི་ཕྱག་ལེན》 《སོ་ཐར་དང་བྱང་སེམས》《རིག་འཛིན་གྱི་སྡོམ་པའི་རྣམ་བཞག་ལག་ལེན》 《རྩ་ལྟུང་གི་རྣམ་བཤད་》སོགས།
[2] ཕར་ཕྱིན་གྱི་སྐོར་ལ། 《ཕར་ཕྱིན་གྱི་ཊཱིཀ་ཆེན》《མདོ་སྡུད་པའི་ཊཱིཀ》 《མདོ་སྡེ་རྒྱན་གྱི་ཊཱིཀ》 《དབུས་མཐའ་རྣམ་འབྱེད་ཀྱི་ཊཱིཀ》 《རྒྱུད་བླ་མའི་ཊཱིཀ་》སོགས།
[3] མཛོད་ཀྱི་སྐོར་ལ། 《མཛོད་ཀྱི་ཟིན་བྲིས་ཚིགས་བཅད་མ》 《མཛོད་ཀྱི་ཊཱིཀ་ཆེན》 《ཀུན་བཏུས་ཀྱི་ཊཱིཀ་ཆེན་》སོགས།
[4] དབུ་མའི་སྐོར་ལ། 《རྩ་ཤེས་ཊཱིཀ》 《རིགས་པ་དྲུག་ཅུ་པ་》དང་། 《སྟོང་ཉིད་བདུན་ཅུ་བ》 《ཞིབ་མོ་རྣམ་འཐག་སོགས་ཀྱི་ཊཱིཀ》 《འཇུག་པའི་ཊཱིཀ》 《བཞི་བརྒྱ་པའི་ཊཱིཀ་》སོགས།
(2) གསང་སྔགས་རྒྱུད་སྡེ་བཞིའི་སྐོར།
《བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་གཟུངས་གྲྭ་ལྔ་》དང་། 《འོད་ཟེར་ཅན་མ》 《གདུགས་དཀར》《རྣམ་རྒྱལ་མ་》སོགས་དང་། 《སྤྱོད་རྒྱུད་རྣམ་སྣང་མངོན་བྱང་གི་མངོན་དཀྱིལ་》སོགས་མངོན་དཀྱིལ་མང་པོ་དང་།《རྣམ་འབྱོར་རྒྱུད་ཀྱི་བརྒྱུད་པའི་གསོལ་འདེབས》 《སྟོབས་པོ་ཆེ་དང་འགྲོ་བཟང་མ་རྣམ་འབྱོར་རྒྱུད་ཀྱི་ཉམས་ལེན་དང་སྦྱར་བ》 《སེམས་འགྲེལ་ལུགས་ཀྱི་བདེ་སྐྱེས་ཀྱི་དཀྱིལ་ཆོག》《ཐིག་གི་བཤད་པ》 《ཕྱག་རྒྱའི་རིམ་པ》 《རབ་གནས་ཆོ་ག་དགེ་ལེགས་རྒྱ་མཚོ》 《སྦྱིན་སྲེག་ཆོ་ག་དངོས་གྲུབ་རྒྱ་མཚོ》 《ཚོགས་འཁོར་ཆོ་ག་དངོས་གྲུབ་རྒྱ་མཚོ》 《དུས་འཁོར་གྱི་ཐིག་རྩ་དང་དབང་གི་སྤྱི་དོན》 《དུས་འཁོར་ལུགས་ཀྱི་གསང་འདུས་བསྐྱེད་རྫོགས》 《དུས་ཀྱི་འཁོར་ལོའི་བསྐྱེད་རིམ་སྣང་བའི་ཉིན་བྱེད》 《དུས་འཁོར་གྱི་རྫོགས་རིམ་ངོ་སྤྲོད》 《དུས་འཁོར་མཐའ་དཔྱོད》 《རྫོགས་རིམ་གྱི་ཁྲིད་ཡིག་》སོགས་མཛད་འདུག
(3) རིག་གནས་གཞན་དག་གི་སྐོར།
རིག་གནས་ཀྱི་སྐོར་ལ་《སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཀྱི་འགྱུར》 《ནག་རྩིས་ཀྱི་རྣམ་བཞག》 《རྩིས་ཀྱི་རྣམ་བཞག》 《དུས་སྦྱོར་མཁས་པ་དགའ་བྱེད》 《རྩིས་འབྲས་བླང་དོར་བྱ་ཚུལ་》སོགས་ང་ཚོ་ཕྱི་རབས་པ་ལ་དམིགས་ནས་ལེགས་བཤད་རྨད་དུ་བྱུང་ཞིང་རིན་ཐང་བྲལ་བ་འདི་ཚོ་མཛད་ཡོད་ནའང་། ཧ་ཅང་ཡིད་ཕོངས་པ་ཞིག་ལ་དབུས་གཙང་ཆོས་ཀྱི་ཞིང་ས་ལའང་དུས་ཟིང་དང་དམག་འཁྲུག་མང་པོ་བྱུང་མྱོང་ཞིང་། ཁྱད་པར་དུ་རིག་གསར་གྱི་གོད་ཆགས་སོགས་དུས་ཀྱི་རྒུད་པའི་ཁྲོད་དུ་《མདོ་སྡེ་ཀུན་ཤེས་》དང་། 《རྒྱུད་སྡེ་ཀུན་ཤེས་ཀྱི་རྩ་འགྲེལ་》སོགས་ཆོས་ཚན་ཉིས་བརྒྱ་ལྷག་མི་མངོན་པའི་དབྱིངས་སུ་རྒྱས་བཏབ་ནས་ད་ལྟར་གར་ཡོད་གསལ་པོར་རྩད་ཆོད་མི་འདུག དེ་ཚོ་ནི་ལོ་ཙཱ་བ་ཁོང་གིས་བརྩམས་པའི་ལེགས་བཤད་ཀྱི་སྐོར་ཡིན་ནོ།།
བརྒྱད། སྟག་ལོའི་བརྩམས་ཆོས་འཚོལ་བསྡུ་བྱས་ཚུལ།
སྤྱིར་《སྟག་ལོའི་བཀའ་འབུམ་》ལ་སྟག་ལོའི་དངོས་སློབ་རྒྱལ་ཚབ་འཇམ་དབྱངས་ཆོས་ཀྱི་དཔལ་འབྱོར་གྱིས་གསུངས་འབུམ་ཕྱོགས་བསྒྲིགས་བྱས་པ་ལ་པོ་ཏི་བཅུ་གསུམ་ཙམ་ཞིག་ཡོད་པར་གྲགས། འདི་ནི་སྟག་ཚང་བའི་གསུང་འབུམ་ཕྱོགས་བསྒྲིགས་བྱས་པ་ཐོག་མ་དེ་ཡིན་ལ། གཞན་ཡང་རྗེ་ཙོང་ཁ་པའི་ཚུན་ཆད་རྒྱ་ནག་ནས་བོད་ལ་པར་བརྐོའི་ཀྱི་ལག་རྩལ་དར་བས། སྟག་ལོའི་ཉེ་གནས་ལྷ་ཡི་དབང་ཕྱུག་དང་། དགེ་སློང་གྲུབ་པ་རྒྱལ་མཚན་སོགས་ཀྱིས་གཙང་ཆོས་འཁོར་སྒང་དུ་སྟག་ལོ་ཞི་བར་གཤེགས་ནས་ལོ་བདུན་སོང་བ། རབ་བྱུང་བརྒྱད་པའི་ཤིང་འབྲུག་སྤྱི་ལོ་1484ལོར་ཤིང་པར་དུ་བརྐོས་པའི་《རིག་གནས་ཀུན་ཤེས་རྩ་འགྲེལ་》དང་། ཡང་དེ་ནས་ལོ་བཞི་སོང་བ་ས་སྤྲེལ་ལོར་《དུས་འཁོར་དཀྱིལ་ཆོག་》སོགས་ཁག་གཅིག་པར་ལ་བཀོད་པ་མཇལ་རྒྱུ་བྱུང་བ་དང་། 《རྣམ་ཐར་ཁ་སྐོང་》དུའང་འཇམ་དབྱངས་ཆོས་ཀྱི་དཔལ་འབྱོར་གྱིས་《སྟག་ལོའི་བཀའ་འབུམ་》པོ་ཏི་བཅུ་གསུམ་ཕྱོགས་གཅིག་ཏུ་བསྡེབས་པར་གསུངས་པ་དང་། ད་ལྟར་མ་དཔེ་བྲིས་མ་རྙེད་སོན་བྱུང་བ་མང་པོ་ལ་ཤིང་པར་གྱི་པར་བྱང་བཀོད་ཡོད་པ་བཅས་ལ་གཞིགས་ན། གསུང་འབུམ་ཕལ་ཆེ་བ་ཤིང་པར་ལ་བརྐོས་ཀྱང་རྗེས་སུ་དུས་ཀྱི་འཕོ་འགྱུར་གྱི་རྐྱེན་པས་ཉམས་ཆག་ཤོར་⒅བར་གསུངས།
དེས་ན་སྟག་ཚང་ལོ་ཙཱ་བའི་ལོ་ཙཱ་བའི་གསུང་འབུམ་རྩ་ཆེན་དེ་དག་ག་འདྲ་བྱས་ནས་འཚོལ་བསྡུ་ཐུབ་པ་རེད་ཟེར་ན།
ད་ལྟར་སྟག་ཚང་ལོ་ཙཱ་བའི་ཆོས་ཚན་རེ་ལྔ་པོད་བདུན་ལ་བསྒྲིགས་ཐུབ་པ་འདིའང་། གཟན་དཀར་མཆོག་སྤྲུལ་རིན་པོ་ཆེས་《སྟག་ཚང་ལོ་ཙཱ་བའི་གསུང་འབུམ་》གྱི་སྔོན་འགྲོའི་ཞུ་ཚིག་ལས། “ཕྱོགས་དང་རིས་སུ་མ་ཆད་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་ལྗགས་རྩོམ་གནང་བའི་གསུང་རབ། བཤད་སྒྲུབ་ཤིང་རྟ་བཅོ་བརྒྱད་ལས་གྲུབ་པའི་མདོ་སྔགས་ཀྱི་གཞུང་བཤད་དང་། ཆོས་འབྱུང་དང་གདན་རབས། རྣམ་ཐར་དང་གསོན་ཡིག བརྡ་སྤྲོད་དང་སྙན་ངགརྩིས་དང་གསོ་རིག་སོགས་དཔེ་དཀོན་འཐོར་བ་རྣམས་བསྡུས། ཆད་པ་རྣམས་བསབ། ཉམས་པ་རྣམས་གསོས།འཁྲུགས་པ་རྣམས་བསྒྲིགས་ཏེ་དཔེ་ཚོགས་འགའ་རིམ་པ་བསྟར་ཆགས་སུ་པར་དུ་བསྐྲུན་པ་དང་བསྐྲུན་རྩིས་ལས།ད་ལན་འདིར་མཁན་རིན་པོ་ཆེ་ཚུལ་ཁྲིམས་རྒྱལ་མཚན་མཆོག་གིས2002ནས་སྟག་ལོའི་གསུང་འབུམ་འཚོལ་བསྡུ་བྱ་དགོས་པའི་བཀའ་ཕེབས་པ་བཞིན། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་ལོ་ལྔའིརིང་འབད་རྩོལ་བྱས་པ་བརྒྱུད། ད་ལན་ང་ཚོས་འཚོལ་བསྡུ་ཐུབ་པའི་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་གསུང་འབུམ་པོ་ཏི་བདུན་དང་། ཁོང་གི་ཁུ་བོ་དཔོན་ཡིག་དཔལ་འབྱོར་བཟང་པོས་མཛད་པའི་རྒྱལ་རབས་མང་པོའི་ལེགས་བཤད་རྣམ་གྲངས་ཡིད་འཛིན་ནོར་བུའི་ཕྲེང་བ་བཅས་དེབ་བརྒྱད་པོ་མེས་པོའི་ཤུལ་བཞག་ཅེས་པའི་དཔེ་ཚོགས་རིང་མོ་འདིའི་ནང་རིམ་པ་བསྟར་ཆགས་སུ་རྒྱ་ཆེའི་གཟིགས་པ་པོ་རྣམས་ཀྱི་སྤྱན་ཟུང་ཡངས་པའི་འབབ་སྟེགས་སུ་འབུལ་རྩིས་ཡིན་ཅེས་དང་། ཞོར་འཕྲོས་གསལ་འདེབས་ཞུ་བའི་ནང་། ལྷག་པར་དུ་ད་ལྟ་ལུས་ཀྱི་ལང་ཚོ་རྒྱས་ཤིང་། སེམས་ཀྱི་བློ་གྲོས་བཀྲ་བའི་གཞོན་སྐྱེས་རྣམས་ལ་མཚོན་ན། སྙིང་པོས་དབེན་པའི་ཁ་ཕོ་འདོན་པ་ལས། ཟོལ་མེད་ཀྱི་ལྷག་བསམ་དཀར་པོ་སྙིང་ལ་འཆང་། དོན་ལྡན་གྱི་རྣམ་དཀར་བྱ་བ་དང་དུ་ལེན། ལྷད་མེད་ཀྱི་ཆོས་དང་རིག་གནས་སློབ་གཉེར་བྱེད། འཁོས་བསྟུན་གྱི་སྲི་ཞུའི་ལས་ཀ་ཅུང་ཟད་རེ་སྒྲུབ་ནུས་ན། མེས་རྒྱལ་ལ་ཞབས་ཏོག་འགྲུབ་པ་དང་།རང་རིགས་ལ་ལེགས་སྐྱེས་འབུལ་བ། རང་ཉིད་ཀྱི་ལ་རྒྱ་མངོན་ཐུབ་པ་ཞིག་ཀྱང་འོང་བ་ནི་མཐོང་ཆོས་མངོན་འགྱུར་ལགས་པས། དེ་བཞིན་དགོངས་དབྱིངས་སུ་ཆུབ་པར་ཞུའོ།།” གསུངས་སོ།།
དགུ། ཁོ་བོས་གསར་དུ་རྙེད་པའི་སྟག་ལོའི་དཔེ་རྙིང་གི་མཚན་ཐོ་ནི།
1.《ཆོས་དང་ཆོས་ཉིད་རྣམ་འབྱེད་ཀྱི་རྣམ་བཤད་པྲ་ཛྙ་རཏྣས་སྦྱར་བ་བཞུགས་སོ》
2.《གུར་ལྷ་བརྒྱད་ཀྱི་བསྐང་བཤགས་བཞུགས་སོ》
3.《སྡོམ་གསུམ་རྣམ་བཤད》 སྨོན་འགྲོ་ལོ་ཙཱ་བ་ཚེ་དབང་དོན་འགྲུབ་ཀྱིས་ཞུ་དག་མཛད། ཁོང་རྒྱལ་དབང་ལྔ་བའི་སྙན་ངག་གི་སློབ་དཔོན་རེད།
4.《ཀ་ལཱ་པའི་མདོ་ལས་མཚམས་སྦྱོར་ལྔ་བའི་རྣམ་བཤད》
5.《སྐྱེས་བུ་གསུམ་གྱི་ལམ་ལེགས་པ་བཞུགས་སོ》
6.《ལྷ་ཀླུ་མི་དང་གནོད་སྦྱིན་གྱི་ཚེ་དང་བསོད་ནམས་ཐམས་ཅད་ཁབ་ལེན་རྡོ་ཡིས་ལྕགས་ཀྱི་ཟེར་མ་བསྡུས་པ་ཇི་བཞིན་དུ་འཆི་མེད་རིག་འཛིན་སྒྲུབ་པའི་ཡིད་འཕྲོག་བཞུགས》
7.《སྐྱབས་རྗེ་ཐམས་ཐད་མཁྱེན་པ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་རྣམ་པ་ཐར་བ་དད་པའི་ནོར་འཕེལ་ཞེས་བྱ་བ་དགོས་འདོད་འབྱུང་བའི་རིན་པོ་ཆེ་དངོས་གྲུབ་ཀུན་འབྱུང་བཞུགས་སོ》8.《ཤེར་སྙིང་དགུ་བ》
9.《ཕྱག་རྡོར་བསྟོད་པ》
10.《དུས་སྦྱོར་རྣམ་བཞག་སྐྱོན་བྲལ་ཡོན་ཏན་གྱིས།།དུས་ཀུན་ལེགས་བརྒྱན་མཁས་པ་དགའ་བྱེད་བཞུགས་སོ》
11.《ལྔ་བསྡུས་གདོང་རྩིས་ལོ་འཕོ་དང་།། གཟའ་ལྔའི་ཉི་ཟླ་གཟའ་འཛིན་དང་།། དུས་སྦྱོར་མཁས་པ་དགའ་བྱེད་པ།། རྩིས་འབྲས་བླང་དོར་བྱ་ཚུལ་བཞུགས》
12.《དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་དབང་གི་དོན་གྱི་དེ་ཉིད་རབ་ཏུ་གསལ་བ་བཞུགས》
13.《ཚེ་དཔག་མེད་ཀྱི་དབང་ཆོག་བསྐྱེད་རྫོགས་བཞུགས་སོ》
14.《རྟེན་གསུམ་བཞུགས་གནས་དང་བཅས་པའི་བསྒྲུབ་ཚུལ་རྒྱས་པ་བཤད་པ་དཔལ་འབྱོར་རྒྱ་མཚོ》
15.《དཔལ་ལྡན་ས་སྐྱ་པའི་འཁོན་གྱི་གདུང་རབས་འདོད་རྒུའི་རྒྱ་མཚོ》
འདི་དག་གསུང་འབུམ་ནང་འཚོལ་བསྡུ་བྱེད་མ་ཐུབ་པའི་སྐོར་ཡིན་ལ། ཁ་ཤས་ཆོས་ཚན་རྙེད་མེད་པའི་མིང་གི་གྲས་སུའང་མི་འདུག དེས་ན་རྗེས་སུའང་སྟག་ལོའི་བརྩམས་ཆོས་མུ་མཐུད་ནས་འཚོལ་བསྡུ་དང་ཞིབ་འཇུག་བྱས་ཏེ་རང་རེའི་ཆོས་དཔལ་རིག་གསུམ་ཡར་རྒྱས་འགྲོ་ཐབས་ལ་བརྩོན་རྒྱུ་ནི་འོ་སྐོལ་ཁ་བ་ཅན་རྣམས་ཀྱི་ཕྲག་ཏུ་བབས་པའི་འོས་འགན་ཞིག་ཏུ་སེམས་སོ།།
བཅུ། མཁས་པ་གཞན་ལ་དགག་གཞག་བྱས་ཚུལ།
སྟག་ཚང་ལོ་ཙཱ་བ་ནི་བོད་ཀྱི་མཁས་པའི་ཁྲོད་བསམ་ཕོད་པ་དང་། བཤད་ཕོད་པ། སྒྲུབ་ཕོད་པ་སྟེ་ཕོད་པ་རྣམ་གསུམ་ལྡན་པའི་མཁས་པ་དཔེ་མཚོན་ཅན་ཞིག་ཡིན་ལ།རང་གི་ལྟ་གྲུབ་དང་མ་མཐུན་ན་སུ་ཞིག་ཡིན་རུང་ལུང་རིགས་ཀྱིས་དཔང་བཙུགས་ཏེ་དགག་པ་གནང་ཕོད་པ་དང་། ལེགས་བཤད་དུ་མཐོང་ན་ཕྲག་དོག་བྱས་ཏེ་ངོས་ལེན་མི་བྱེད་པ་མཐའ་གཅིག་ཏུ་རང་ཉིད་བྱ་རོག་དཀར་པོ་སྒྲུབ་མཁན་དེ་འདྲ་མ་ཡིན་པ། ཐུགས་གཟུ་བོར་གནས་པའི་མཁས་གྲུབ་ཚད་ལྡན་ཞིག་ཏུ་འདུག ཁོང་གི་《གྲུབ་མཐའ་ཀུན་ཤེས་》སུ་རྗེ་ཙོང་ཁ་པའི་(སྤྱི་ལོ་1357-14190)ལྷག་མཐོང་ཆེན་མོ་ལ་འགལ་བའི་ཁུར་ཆེན་བཅོ་བརྒྱད་བབས་ཚུལ་དང་། ཡང་རྗེ་ཙོང་ཁ་པས་《ཚད་མ་རྣམ་འགྲེལ་》དེ་ཕྱི་རོལ་མུ་སྟེགས་པ་ཚར་གཅོད་པའི་ཆེད་དུ་རྩོམ་པ་ཁོ་ན་མ་ཡིན་པ་དེ་ལས་བདག་ཅག་གི་སྟོན་པ་ཚད་མ་དང་། དེས་བསྟན་པའི་ཆོས་ཚད་མ་ཡིན་ལུགས་རིགས་པའི་ལམ་ནས་གསལ་པོར་བསྟན་པས་ཐར་བ་སྒྲུབ་པའི་ལམ་ཆ་ཚང་ཡོད་ཚུལ་ལུང་རིགས་ཀྱིས་བསྒྲུབས་པ་ལ། 《རིག་གནས་ཀུན་ཤེས་》སུ་དེ་ལ་དགག་བཞག་བྱས་འདུག་པར་གསུངས།
འགལ་བའི་ཁུར་ཆེན་བཅོ་བརྒྱད་དུ་གྲགས་པ་འདི་ལ།དགེ་ལྡན་པའི་ཕྱོགས་ནས་དངོས་སུ་དགག་ལན་གཉིས་དང་།ཞོར་དུ་དགག་ལན་གཉིས་བཅས་བཞི་བྱུང་འདུག པཎ་ཆེན་སྐུ་ཕྲེང་བཞི་པ་དང་། ཡོངས་འཛིན་ཕུར་ལྕོག་པ་གཉིས་ཀྱིས་དངོས་སུ་དགག་ལན་བྲིས་པ་དང་། ཀུན་མཁྱེན་འཇམ་བཞེད་དང་། དབལ་མང་པཎྜི་ཏ་གཉིས་ཀྱིས་ཞོར་དུ་དགག་ལན་གནངས་འདུག
དེ་ཡང་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་《སྟག་ཚང་ལོ་ཙཱ་བ་སྒྲ་པ་ཤེས་རབ་རིན་ཆེན་པའི་རྩོད་ལན་ལུང་རིགས་སེང་གེའི་ང་རོ་》ཟེར་བ་མཛད་པ་འདི་འགལ་བའི་ཁུར་བཅོ་བརྒྱད་གྱི་དགག་ལན་ཐོག་མ་དེ་རེད། ཕུར་ལྕོག་ངག་དབང་བྱམས་པས་《དགག་ལན་རྡོ་རྗེའི་གཟེགས་མ་》བརྩམས་ཡོད་ཅིང་། ཀུན་མཁྱེན་འཇམ་བཞད་ཀྱི་《གྲུབ་འགྲེལ་ཀུན་བཟང་ཞིང་གི་ཉི་མའམ་གྲུབ་མཐའ་འཁྲུལ་སྤངས་གདོང་ལྔའི་སྒྲ་དབྱངས་》སུ་འགལ་ཁུར་དགུ་གསུམ་ཉེར་བདུན་ཕུལ་འདུག དབལ་མང་པཎྜི་ཏས་《རྟེན་འབྲེལ་བསྟོད་པའི་ཊཱིཀ་རིན་ཆེན་ལྗོན་ཤིང་》ཞེས་བྱ་བའི་ནང་། སྟག་ཚང་བའི་འགལ་ཁུར་ལ་དགག་ལན་ཆ་ཚང་གནངས་འདུག དགག་ལན་འདི་དག་ལ་དེ་མིན་གྱི་ཆོས་བརྒྱུད་ཁག་གི་མཁས་གྲུབ་ཚོས་ཡང་ལན་བྲིས་པ་མི་གསལ་ལ། 《ལོག་རྟོག་སྙིང་སྟོབས་》 རྩོམ་པ་པོ་ཚ་བ་མདའ་སྨྱུག་གི་ཟླ་འོད་གཞོན་ནུའི་འཁྲི་ཤིང་ཞེས་པའི་ནང་།《སྟག་ལན་དགུ་གསུམ་མ་ལ་དཔྱད་པ་》ཟེར་བ་ཞིག་བྲིས་འདུག་པ་དེ་ནི་སྟག་ཚང་བའི་དགག་ལན་རྣམས་ལ་ཡང་ལན་བྲིས་པའི་ཐོག་མ་དེ་རེད། སྟག་ཚང་ལོ་ཙཱ་བས་རྗེ་ཙོང་ཁ་པའི་དབུ་ཚད་སོགས་ཀྱི་བཞེད་ཚུལ་འགའ་ལ་དགག་བཞག་བྱས་ཡོད་ཀྱང་། ཕྱིས་སུ་རྗེའི་《དབུ་མ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་》དང་《དྲང་ངེས་ལེགས་བཤད་སྙིང་པོ》《སྔགས་རིམ་ཆེན་མོ》 《རིམ་ལྔ་གསལ་སྒྲོན་》སོགས་གཟིགས་རྗེས་གཞི་ནས་ཐུགས་འགྱོད་སྐྱེས་ཏེ་《བསྟོད་བསྔགས་བློ་ཆེན་རྒྱལ་བ་མ་》ཞེས་པ་དེ་ཕུལ་ཚུལ་མཁས་དབང་དུང་དཀར་གྱིས་《གྲུབ་མཐའ་ཁག་གི་ཤེས་ཡོན་མཛུབ་མོ་རི་སྟོན་》ནང་གསུངས་འདུག
《གྲུབ་མཐའ་ཀུན་ཤེས་》ནི་རབ་བྱུང་བརྒྱད་པའི་ཆུ་ལུག་སྤྱི་ལོ་1463ལོར་བརྩམས་ཤིང་། དེ་དུས་ཁོང་དགུང་ལོ་59རེད། དེ་ཡང་ཧ་ཅང་ཡ་མཚར་དགོས་པ་ཞིག་ནི་རིག་གནས་ཀུན་ཤེས་རབ་བྱུང་བརྒྱད་པ་མེ་བྱ་སྤྱི་ལོ་1477ཁོང་དགུང་ལོ་73སྟེང་བརྩམས། ལོ་འདིར་སྟག་ཚང་བ་དགོངས་པ་རྫོགས་སོང་། 《རིག་གནས་ཀུན་ཤེས་》སུ་ད་རུང་རྗེ་ཙོང་ཁ་པས་ཚད་མ་དང་ནང་ཆོས་བར་འབྲེལ་བ་ཡོད་ལུགས་གསུངས་པ་ལ་ཟུར་ཟ་དང་དགག་བཞག་བྱས་ཡོད་ཚོ། རྗེ་ཙོང་ཁ་པའི་བསྟོད་པ་འདི་དུས་ནམ་ཞིག་ལ་བྲིས་པ་གསལ་པོར་གསུངས་མེད་ཀྱང་《རིག་གནས་ཀུན་ཤེས་》བརྩམས་ནས་སྐུ་འདས་ལོར་གཞི་ནས་བརྩམས་དགོས་པ་ཡིན་ཏེ། གསུང་ཐམས་ཅད་ལེགས་བཤད་དུ་མཐོང་ནས་བསྟོད་བསྔགས་མཛད་པ་ཡིན་པའི་ཕྱིར་རོ།།
མདོར་ན་སྟག་ཚང་ལོ་ཙཱ་བའི་འཆད་པའི་རྣམ་ཐར་ལ་བལྟས་ན། སྐུ་ཚེ་གང་བོར་སློབ་མ་གཅིག་པུ་སྐྱོང་པ་ལྟ་བུ་དང་། རྩོམ་པའི་རྣམ་ཐར་ལ་བལྟས་ན་སྐུ་ཚེ་གང་པོར་ལེགས་རྩོམ་ཁོ་ན་སྤེལ་བ་ལྟ་བུ་སོགས་རྙེད་དཀའི་དལ་འབྱོར་གྱི་མི་ལུས་དེ་དོན་མེད་ཆུད་ཟོས་སུ་མ་བཏང་པར་དོན་ལྡན་གཞན་ཕན་གྱི་མཛད་འཕྲིན་རླབས་ཆེན་བསྐྱངས་ནས་དུས་འདའ་བ་ཞིག་རེད། ང་ཚོ་ཕྱི་རབས་པ་རྣམས་ཀྱིས་ཀྱང་དམ་པའི་མཛད་སྤྱོད་བཟང་པོ་འདི་དག་ལ་དུས་རྟག་ཏུ་འབད་པར་རིགས་སོ།།
མཆན་འགྲེལ།
①《གངས་ཅན་མཁས་དབང་རིམ་བྱོན་གྱི་མིང་མཛོད》 གོ་ཤུལ་གྲགས་པ་འབྱུང་གནས། 1992ལོའི་ཟླ་2པར། མཚོ་སྔོན་མི་རིགས་དཔར་ཁང་གིས་དཔར།
②《དུང་དཀར་ཚིག་མཛོད》 དུང་དཀར་བློ་བཟང་འཕྲིན་ལས། 2002ལོའི་ཟླ་4པར་དཔར་ཐེངས་དང་པོ་བཏབ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན།
③《བོད་ཀྱི་དབུ་མའི་ལྟ་བའི་འཆད་ཉན་དར་ཚུལ་བློ་གསལ་མིག་འབྱེད》 ཁུ་བྱུག ཤོག་གྲངས་378ནས་480བར།
④《སྟག་ཚང་ལོ་ཙྰ་བའི་གསུམ་འབུམ》 2007ལོའི་ཟླ་3པར པར་ཐེངས་དང་པོ་བཏབ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན་ཏེ་བཀྲམ།
⑤《བོད་ཀྱི་དབུ་མའི་ལྟ་བའི་འཆད་ཉན་དར་ཚུལ་བློ་གསལ་མིག་འབྱེད》 ཁུ་བྱུག ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན་ཏེ་བཀྲམ། 2004ལོའི་ཟླ་11པར་པར་ཐེངས་དང་པོ་བཏབ།
⑥《སྨྲ་སེང་ཤེས་རབ》 ཁྱུང་ཕྲུག་བློ་བཟང་དར་རྒྱས། 2008ལོའི་ཟླ་12པར་དཔར་ཐེངས་དང་པོ་དཔར། ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་།
⑦《སྟག་ཚང་ལོ་ཙཱ་བའི་གསུང་འབུམ་པོད་གཉིས་པ》 2007ལོའི་ཟླ་3པར་ཐེངས་དང་པོ་བཏབ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན་ཏེ་བཀྲམ།
⑧《སྟག་ཚང་ལོ་ཙཱ་བའི་གསུང་འབུམ་པོད་གཉིས་པ》 ཤོག་32
⑨ 《དུང་དཀར་ཚིག་མཛོད》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི2002ལོའི་ཟླ4པར་དཔར་ཐེངས་དང་པོ་བཏབ། ཤོག་གྲངས་1004
⑩《སྟག་ཚང་ལོ་ཙཱ་བའི་གསུམ་འབུམ་པོད་གཉིས་པ》 2007ལོའི་ཟླ་3པར་པར་ཐེངས་དང་པོ་བཏབ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཏེ་བཀྲམ། ཤོག་གྲངས་19
⑾《བསྟན་འགྱུར་དཔེ་བསྡུར་མའི་དཀར་ཆག་ཉི་མ་འབུམ་གྱི་གཟི་བྱིན》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོའི་ཟླ་12པར་པར་ཐེངས་དང་པོ་བཏབ།
⑿ 《སྟག་ཚང་ལོ་ཙཱ་བའི་གསུང་འབུམ་དེབ་གསུམ་པ》 2007ལོའི་ཟླ་3པར་པར་ཐེངས་དང་པོ་བཏབ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན་ཏེ་བཀྲམ།
⒀《གངས་ལྗོངས་རིག་བཅུའི་སྙིང་བཅུད་ཆེན་མོའི་གླེགས་བམ་དང་པོ》 ཁོ་ཚེ་ཚུལ་ཁྲིམས་ཀྱིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་གིས་སྐྲུན་ཞིང་བཀྲམ། 2004ལོའི་ཟླ་4 པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ།
⒁《སྟག་ཚང་ལོ་ཙཱ་བའི་གསུང་འབུམ》 པོད་གཉིས་པ། ཤོག་གྲངས་40
⒂《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར》 བྱམས་པ་འཕྲིན་ལས། མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས། 2000ལོའི་ཟླ་5པར་ཐེངས་དང་པོ་བརྒྱབ།
⒃《རིག་གནས་ཀུན་ཤེས》 སྟག་ཚང་ལོ་ཙཱ་བ། ཀྲུང་གོའི་བོད་རིག་པ་དཔེ་བསྐྲུན་ཁང་གིས་པར་དུ་སྐྲུན་ཏེ་བཀྲམ། 2007ལོའི་ཟླ་3ཐེངས་དང་པོར་པར་དུ་བཏབ།
⒄《རང་རྣམ་ཚིགས་བཅད་མའི་འགྲེལ་བ》 པོད་གཉིས་པའི་ཤོག་གྲངས་32
⒅《སྟག་ཚང་ལོ་ཙཱ་བའི་གསུང་འབུམ་པོད་གཉིས་པ》 2007ལོའི་ཟླ་3པར་ཐེངས་དང་པོ་བཏབ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན་ཏེ་བཀྲམ།