༄༅།། བོད་ཀྱི་སྲོལ་རྒྱུན་ཤེས་རིག་ལས་དུས་ཀྱི་རྣམ་གཞག་འཇོག་ཚུལ་ལ་རགས་ཙམ་དཔྱད་པ།
མགོན་པོ་བཀྲ་ཤིས། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 08-05
མགོན་པོ་བཀྲ་ཤིས།
[ནང་དོན་གནད་བསྡུས།] རྩོམ་འདིར་བོད་དམངས་ཁྲོད་ཀྱི་ངག་རྒྱུན་དང་། གནམ་རིག་སྐར་རྩིས་ཀྱི་གཞུང་། བརྡ་སྤྲོད་ཀྱི་གཞུང་། གྲུབ་མཐའི་གཞུང་། ཚད་མའི་བསྟན་བཅོས་སོགས་ལ་གཞི་བཅོལ་ཏེ། རིག་གཞུང་དེ་དག་དང་འབྲེལ་ནས་བོད་ཀྱི་ཤེས་རིག་ཏུ་བཤད་པའི་དུས་ཀྱི་རྣམ་གཞག་སྐོར་གླེང་ཡོད།
[བརྡ་ཆད་གཙོ་བོ།] བོད་ཀྱི་ཤེས་རིག ངག་རྒྱུན། སྐར་རྩིས། བརྡ་སྤྲོད། གྲུབ་མཐའ། ཚད་མ། དུས་ཀྱི་རྣམ་གཞག
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] G05“214”
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-01-0109-15
ཡུལ་དུས་རང་བཞིན་གསུམ་ནི་འགྲོ་བ་མིའི་རིགས་ལ་མཚོན་ན་ལྐོག་ཏུ་གྱུར་བའི་སྐལ་དོན་གསུམ་ཡིན་ལ། འཇིག་རྟེན་ཁམས་ཀྱི་བྱ་དངོས་ཐམས་ཅད་ཀྱི་གནས་ལུགས་འགྱུར་དུ་མེད་པ་ཞིག་ཀྱང་ཡིན་ཏེ། དེ་གསུམ་གྱི་གོ་དོན་དང་རྣམ་གཞག་སོགས་ནི་མིའི་རིགས་ཀྱི་འཚོ་བར་འབྲེལ་བ་དམ་པོ་ཡོད་ལ་དགོས་གལ་ཡང་ཤིན་ཏུ་ཆེ་བས། འགྲོ་བ་མིའི་རིགས་ཀྱིས་གནའ་དེང་བར་ལ་ཤེས་རྟོགས་བྱ་བའི་ཡུལ་ལམ་ཤེས་བྱ་གཙོ་བོར་གྱུར་ཡོད་ལ། ནང་སྒོས་སུ་དུས་ཀྱི་རྣམ་གཞག་ནི་འགྲོ་བ་མིའི་རིགས་ཀྱི་འགྲོ་འདུག་འཚོ་གནས་དང་སྐྱེ་རྒ་ན་འཆི་སོགས་དང་བྲལ་ཐབས་མེད་པའི་རྒྱུ་རྐྱེན་དང་བསམ་བློའི་འདུ་ཤེས་ཤིག་ཡིན་པས། མི་རིགས་སོ་སོས་རང་རང་གི་མཚན་ཉིད་རིག་པ་ལྟར་དེར་གོ་བ་སྣ་ཚོགས་ལེན་ཞིང་རྣམ་གཞག་འཇོག་པ་ཞིག་ཡིན་པ་ན། བོད་མི་རིགས་ཀྱི་མེས་པོ་རྣམས་ཀྱིས་ཀྱང་དེ་དང་དེ་བཞིན་དུ་རང་གི་ཤེས་རྟོགས་ལྟར་དུས་ཀྱི་རྣམ་གཞག་ཤིག་བཞག་ཡོད་ལ། རྣམ་གཞག་དེར་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱང་ལྡན་པ་ལ།འདིར་བོད་ཀྱི་དམངས་ཁྲོད་ཀྱི་ངག་རྒྱུན་དང་། གནམ་རིག་སྐར་རྩིས་ཀྱི་གཞུང་། བརྡ་སྤྲོད་ཀྱི་གཞུང་། གྲུབ་མཐའི་གཞུང་། ཚད་མའི་བསྟན་བཅོས་སོགས་ལས་བྱུང་བའི་དུས་ཀྱི་རྣམ་གཞག་སྨྲ་བ་བཅས་ལ་གཞིར་བཅོལ་ཏེ་རགས་ཙམ་གླེང་བར་བྱའོ།།
དང་པོ། བོད་ཀྱི་ངག་རྒྱུན་དང་རྩིས་ཀྱི་གཞུང་ལུགས་དང་སྦྱར་ནས་དུས་ཀྱི་གོ་དོན་ལ་བརྗོད་པ།
སྤྱིར་བཏང་དུ་དུས་ནི་ཚད་དམ་ཚོད་དང་ལྡན་པ་ཞིག་ཡིན་པས། བོད་ཀྱི་དམངས་ཁྲོད་ཀྱི་ངག་རྒྱུན་དུ་དེའི་དོན་སྟོན་པར་དུས་ཚོད་ཅེས་སྨྲ་ཞིང་། དེའི་ཚད་ཀྱང་སྐར་ཆ་དང་བཅས་པར་བཀར་ཞིང་དབྱེ་བ་དང་། དེའི་ཆུང་བའི་མཐའ་ནི་སྐད་ཅིག་ཆ་མེད་དུ་བྱས་པ་དང་། འཛིན་བྱེད་དམ་འཇལ་བྱེད་ཀྱི་ཚད་ནི་སྟོབས་ལྡན་སྐྱེས་བུའི་མིག་གི་ཕྱེ་བཙུམ་དང་སེ་གོལ་སོགས་ཀྱིས་གཞལ་བར་བྱེད་པ་ཞིག་ཡིན། ཡིན་ན་ཡང་གདོད་མའི་དུས་སུ་མི་རྣམས་ཀྱིས་དུས་ཀྱི་ཚད་ནི་ཆུ་ཟགས་པའི་ཐིགས་པའི་གྲངས་ཀྱིས་འཛིན་པར་བྱེད་པས་དུས་ཀྱི་ཚོད་ལའང་ཆུ་ཚོད་ཅེས་སྨྲ་བ་ལ། འདི་ལྟ་བུའི་ལོ་རྒྱུས་ནི་མི་རིགས་གཞན་དང་གཞན་གྱིས་ཀྱང་བརྒྱུད་མྱོངས་བ་ན། ཐབས་འདི་དང་འདི་ལྟ་བུ་ལ་བསྟེན་ནས་དུས་ཀྱི་ཚད་བཟུང་མྱོང་པ་རེད། དེ་ཡང་ཆུ་ཚོད་དམ་དུས་ཚོད་ཅེས་པ་ནི་ཡིག་ཐོག་གི་སྐད་དེ། དམངས་ཁྲོད་དུ་དུས་ཀྱི་གོ་དོན་ངག་ཏུ་བརྗོད་པར་སྤྱིར་བཏང་དུ་རགས་པའི་སྒོ་ནས་གནམ་ཚའམ་གནམ་ཟླ་དང་། ཉི་མ་སོགས་ཀྱིས་བརྗོད་དེ། དཔེར་ན་དུས་ཚོད་འཕྲོ་བརླག་བྱེད་པ་ལ་གནམ་ཚ་འཕྲོ་བརླག་དང་། དུས་ཚོད་འདའ་བ་ལ་ཉི་མ་འགྲོ་ཐབས་སོགས་སུ་བཤད་པ་དང་།དུས་ཚོད་འགོར་འགྱངས་ལ་གནམ་ཚ་འགོར་འགྱངས་སོགས་སུ་འབོད་པ་ལྟ་བུ་རེད། འདི་ལྟར་ན་མི་རྣམས་ཀྱིས་ཐོག་མར་དུས་ཀྱི་ཚོད་ངེས་འཛིན་བྱེད་པར་དངོས་སུ་གནམ་དང་ཉི་མ་སོགས་གཞིར་བཟུང་བའམ་དེ་དག་དང་འབྲེལ་ནས་དུས་ཀྱི་གོ་དོན་མཚོན་ཞིང་བརྗོད་པར་ངེས་པ། དེ་བཞིན་དུ་གནམ་ཚ་ནི་ཉི་མ་ཤར་ནུབ་དང་ཟླ་བ་འཕེལ་གྲིབ། དུས་ཚིགས་བཞི་སྟེ་དབྱར་དགུན་སྟོན་དཔྱིད་བཞིའི་འགྱུར་ལྡོག་སོགས་དང་འབྲེལ་བས། དེ་དག་གི་འགྱུར་ལྡོག་གིས་ཉིན་ཞག་ལོའི་ཟླ་སོགས་གྲུབ་ཅིང་མཚོན་པ། གཞན་ཡང་ཉི་མ་ཤར་བས་ནམ་ལངས་པ་དང་ཉི་མ་ནུབ་པས་ས་རུབ་པ་ཞེས་དང་། ཟླ་བའི་ཡར་ངོའི་མཐའ་ལ་ཚེས་དང་མར་ངོའི་མཐའ་ལ་གནམ་སྟོང་ཞེས་དང་། སྟོན་དུས་ལོ་ཏོག་བསྡུ་བ་ལ་ལོ་འབྲེག་པ་ཞེས་པ་སོགས་དང་། ཉི་མ་ཤར་ནུབ་ཀྱི་ཚད་ལ་ཉིན་གཅིག་དང་། ཟླ་བ་འཕེལ་གྲིབ་ཀྱི་ཚད་ལ་ཟླ་གཅིག སོན་འདེབས་ནས་སྟོན་འབྲེག་བར་ལོ་ཏོག་ཐེངས་གཅིག་སྨིན་པའི་ཡུན་ཚད་ལ་ལོ་ཞེས་འབོད་པ་སྟེ། དུས་དང་འབྲེལ་ཡོད་ཀྱི་བྱ་ལས་ཐམས་ཅད་ནི་གནམ་ས་དང་ཉི་ཟླའི་འགྱུར་ལྡོག་སྟེ་རང་བྱུང་ཁམས་ཀྱི་འགྱུར་པ་ལ་བསྟུན་ནས་ངོས་འཛིན་བྱས་པ་ཤ་སྟག་རེད། དུས་ཀྱི་ཚད་དམ་ཡུན་དེ་དག་ལ་བརྟེན་ནས་རྗེས་སུ་ཉིན་མཚན་གཉིས་དང་ཟླ་བ་བཅུ་གཉིས། དབྱར་དགུན་སྟོན་དཔྱིད་བཞི། དུས་ཚིགས་ཉེར་བཞི་དང་ལོ་གཅིག ལོ་འཁོར་བཅུ་གཉིས་དང་རབ་བྱུང་སོགས་ཀྱི་བརྩི་སྲོལ་རིམ་བཞིན་བྱུང་ཞིང་། གནས་སྐབས་ཀྱི་དུས་དེར་གཞིར་བཟུང་ནས་འདས་མ་འོངས་ད་ལྟ་གསུམ་དང་། ཁ་སང་དེ་རིང་སང་ཉིན་གསུམ། ཚེ་སྔ་ཕྱི་སོགས་ཏེ་དུས་བྱེ་བྲག་གི་གོ་དོན་དག་ཀྱང་དངོས་སུ་བྱུང་ངོ་།།
དེ་ཡང་གནམ་ས་དང་ཉི་ཟླ་སོགས་ནི་འཇིག་རྟེན་གྱི་གྲུབ་ཆ་གལ་ཆེན་ཡིན་ལ། འགྲོ་བ་མིའི་རིགས་འཚོ་གནས་ཀྱི་ཁོར་ཡུག་ཉག་གཅིག་ཀྱང་ཡིན་པས། མི་རྣམས་ཀྱིས་དངོས་སུ་མཐོང་སྣང་དང་ཤེས་ཚོར་གྱིས་རྟོགས་ནུས་པའི་རང་བྱུང་ཁམས་ཀྱི་ཕྱི་ཡུལ་འདི་དག་གིས་མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བར་ཐད་ཀར་ཤུགས་རྐྱེན་བྱས་དང་བྱེད་བཞིན་ཡོད་པ་ན། དེའི་ཕྱིར་དུས་དང་བཅས་པའི་ཤེས་བྱ་དག་ནི་མིའི་རིགས་ཀྱི་ཐོག་མའི་ཤེས་བྱའམ་གཙོ་བོར་ཤེས་རྟོགས་བྱ་བའི་ཡུལ་དུ་གྱུར་ཅིང་། མི་རྣམས་ཀྱིས་དུས་ཀྱི་རྣམ་གཞག་ངོས་འཛིན་བྱེད་པ་ཡང་ཐོག་མའི་ཚོར་སྣང་གི་ཡུལ་དུ་གྱུར་བའི་དུས་ཀྱི་གོ་རྟོགས་དང་། དེ་རྗེས་སུ་ཉམས་མྱོང་བསགས་བསྡུས་ཀྱིས་ཚན་རིག་རིགས་གཞུང་གི་རྣམ་པ་ལྡན་པའི་དུས་ཀྱི་རྣམ་གཞག་སྟེ། དུས་ཀྱི་རྣམ་གཞག་ཤེས་རྟོགས་ཀྱི་གོ་རིམ་འདི་གཉིས་བརྒྱུད་མྱོང་པ་ཡིན་པར་སྙམ། ཐོག་མའི་གོ་རིམ་དུ་དུས་ཀྱི་གོ་དོན་ནི་གནམ་ཟླ་དང་ཉི་མའི་ཐ་སྙད་སོགས་ཀྱིས་རགས་པའི་སྒོ་ནས་བྱེ་བྲག་ཏུ་བརྗོད་ཅིང་མཚོན་པ་དང་། རྗེས་སུ་དུས་ཀྱི་ཆ་ནི་ཆུ་ཐིགས་དང་སྐར་ཆ་དང་སྐད་ཅིག་མ་སོགས་ཀྱིས་བཀར་ཞིང་འབྱེད་དེ། དུས་ཀྱི་ཡུན་ནམ་ཚོད་ནི་ཅུང་ཟད་ཞིབ་ཕྲའི་སྒོ་ནས་འཇུག་པ་དང་། ད་ལྟ་ནི་འཕྲུལ་ཆས་སྣ་ཚོགས་ལ་བརྟེན་ནས་ཆེས་ཕྲ་ཞིབ་ཏུ་བརྩི་ཞིང་འཛིན་པས། ཡུན་ཐུང་བའམ་ཆུང་བའི་མཐའ་ནི་དོན་དངོས་སུ་སྐད་ཅིག་ཆ་མེད་ཀྱི་ཚད་དུ་སླེབས་འདུག་པས།དེའི་སྟབས་དུས་ཀྱི་རྣམ་གཞག་ནི་ཇེ་གསལ་ཇེ་ལེགས་སུ་གྱུར་པ་མ་ཟད། དུས་ཀྱི་ཡུན་ཚད་ཀྱང་ཕྲ་ཞིང་ཕྲ་བར་གྱུར་ཏེ་རིག་པ་ཕྲ་ཞིབ་ཀྱི་གཞལ་ཡུལ་དུ་གྱུར་པ་དང་། སྐར་ཆ་མང་པོར་བཀར་ཏེ་གྲངས་ཆུང་མང་པོས་བརྗོད་ཅིང་མཚོན་པའི་ཚད་དུ་སླེབས་པ་རེད།
སྐར་རྩིས་ཀྱི་གཞུང་ལྟར་ན་ཆུ་ཚོད་ལ་དུས་ཀྱི་ཆུ་ཚོད་དང་ཡུལ་གྱི་ཆུ་ཚོད་གཉིས་ཡོད་དེ། དུས་ཀྱི་ཆུ་ཚོད་ནི་དུས་འཁོར་ལུགས་ལ་ཉིན་ཞག་གཅིག་ལ་ཆུ་ཚོད་དྲུག་ཅུ། ཆུ་ཚོད་གཅིག་ལ་ཆུ་སྲང་དྲུག་ཅུ། ཆུ་སྲང་གཅིག་ལ་དབུགས་དྲུགདེ་ཡང་དབུགས་ཞེས་པ་སྐྱེས་བུ་ནད་མེད་ཅིག་གི་དབུགས་འབྱུང་རྔུབ་གཅིག་ཏུ་བརྩི་བའི་ཚད་དེ། དེང་གི་དུས་ཚོད་འཁོར་ལོ་ལ་སྦྱར་ན་ཆུ་ཚོད་གཅིག་ལ་ཕུན་ནམ་ཧྥུན་ཉེར་བཞི། ཆུ་སྲང་གཅིག་ལ་མེའོ་ཉེར་བཞི། དབུགས་གཅིག་ལ་མེའོ་བཞི། ཕུན་ནམ་ཧྥུན་གཅིག་ལ་དབུགས་བཅོ་ལྔ་ཡིན་གཤིས། དེང་རབས་ཀྱི་གསོ་རིག་སྨྲ་བ་རྣམས་ཀྱིས་ཕུན་གཅིག་ལ་དབུགས་འབྱུང་རྔུབ་ཉུང་མཐའ་བཅུ་བཞི་དང་།མང་མཐའ་བཅོ་བརྒྱད་དུ་བཤད་པ་དང་མཐུན་པ་ཡིན།དབུགས་མན་ཆད་ཆ་ཤས་སུ་ཕྱེ་ནས་བརྩི་རྒྱུ་ལས་ཐ་སྙད་ལོགས་སུ་མེད་པ། ཆ་ཤས་ལ་མང་ཉུང་དང་གནས་ལ་ངེས་པ་མེད་པས། སྐབས་དང་བསྟུན་ཏེ་འདོད་ཆ་དང་། རི་རོའི་ཆ། རི་མཁའ་རིའི་ཆ་སོགས་མང་དུ་བརྩི་བ་དེ་དག་ནི་ཐོབ་ནོར་ལྷག་མེད་རྣམ་དག་ཡོང་བའི་ཆེད་དུའོ།།① ཡུལ་གྱི་ཆུ་ཚོད་ནི། དུས་འཁོར་གྱི་ལུགས་ལྟར་ན་གནམ་གྱི་གོ་ལ་འཇལ་བྱེད་དུ་རྒྱུ་སྐར་ཉེར་བདུན་གྲངས་ཤིང་བརྩི་བ་ཡིན་ཏེ། སྤྱིར་གནམ་གྱི་རྒྱུ་སྐར་ཉེར་བདུན་སོ་སོའི་ས་ཁྱོན་མི་གཅིག་ཀྱང་། སྐར་རྩིས་སྐབས་སུ་ཆ་སྙོམས་པར་ཉེར་བདུན་བྱས་ནས་ཆ་གཅིག་ལ་སྐར་གནས་གཅིག་ཏུ་བརྩི་བ། དེ་འདྲ་བའི་དབང་དུ་བྱས་པའི་རྒྱུ་སྐར་གཅིག་གི་ས་ཁྱོན་ཆ་སྙོམས་དྲུག་ཅུར་བྱས་པའི་ཆ་གཅིག་ལ་ཡུལ་གྱི་དུས་ཚོད་གཅིག་ཅེས་ཟེར་བ་ཡིན། དེ་ནི་ཆུ་ཚོད་བཏགས་པ་བ་ཡིན་གྱི། ཆུ་ཚོད་མཚན་ཉིད་པ་མིན་ནོ།། དེས་ན་རྒྱུ་སྐར་ཉེར་བདུན་གྱི་སྐར་ཁྱོན་ལ་ཡུལ་གྱི་ཆུ་ཚོད་ཆིག་སྟོང་དྲུག་བརྒྱ་ཉི་ཤུ་ཐམ་པ་ཡོད། དེང་གི་གནམ་རིག་གིས་གོ་ལ་ཆ་སུམ་བརྒྱ་དྲུག་ཅུ་ཐམ་པར་ཕྱེ་བའི་ཆ་གཅིག་ལ་ཏུའུ་ཞེས་བྱ་བ་དེ་ནི་ཡུལ་གྱི་ཆུ་ཚོད་བཞི་དང་ཆུ་སྲང་སུམ་ཅུ་དང་དོད་མཉམ་པ་ཡིན།②
སྐར་རྩིས་གྱི་གཞུང་ལྟར་ན་ཉི་མ་ཤར་ནུབ་ཀྱིས་ཉིན་ཞག་གཅིག་དང་། ཟླ་བ་འཕེལ་གྲིབ་ཀྱིས་ཟླ་གཅིག ཉི་མས་ཁྱིམ་བཅུ་གཉིས་འཁོར་ཞིང་བགྲོད་པས་ལོ་གཅིག་སྟེ། དེའི་ཡུན་ཚད་དུ་དབྱར་དགུན་སྟོན་དཔྱིད་དུས་བཞི་དང་། དུས་ཚིགས་ཉེར་བཞི་དང་། ཉི་ཟླ་གཟའ་འཛིན་དང་། ཟླ་བཤོལ་ཉིན་ཆད་ལྷག་སོགས་ཀྱི་བརྩི་སྲོལ་ཡང་བྱུང་ཞིང་། དེ་ཡང་ལོའི་ཟླ་ཞག་གསུམ་རེ་རེ་ལ་ཁྱིམ་དང་ཉིན་དང་ཚེས་གསུམ་གསུམ་ཡོད་ལ། རགས་རྩིས་བྱས་ན་ཁྱིམ་ཞག་དྲུག་ཅུ་རེ་ལྔ་དང་ཚེས་ཞག་རེ་བདུན་དོ་མཉམ། ཚེས་ཞག་རེ་བཞི་དང་ཉིན་ཞག་རེ་གསུམ་དོ་མཉམ་པ་ཡིན། རྩིས་རིག་ཏུ་ལོ་ལ་ཁྱིམ་ལོ་གཙོ་བོ་དང་། ཟླ་ལ་ཚེས་ཟླ་གཙོ་བོ། ཞག་ལ་ཉིན་ཞག་གཙོ་བོ་འཛིན། ཉི་མས་ཁྱིམ་བཅུ་གཉིས་པོ་འཁོར་བའི་ཡུན་ཚད་ལ་དབྱར་དགུན་སྟོན་དཔྱིད་དེ་དུས་བཞི་རྫོགས་པ་ན་ཁྱིམ་ལོ་གཅིག ཉི་མས་ལྷོ་བྱང་གཉིས་ཀྱི་བགྲོད་པ་གཉིས་རྫོགས་པའམ། ཁྱིམ་ཟླ་བཅུ་གཉིས་པོ་འཁོར་བའི་ཡུན་ཚད་ལ་ཁྱིམ་ལོ་དང་། ཟླ་བའི་འཕེལ་འགྲིབ་རྫོགས་པའི་ཡུན་ལ་ཚེས་ཟླ། དེ་བཅུ་གཉིས་ཚེས་ཞག་གི་དབང་དུ་བྱས་པའི་ལོ་ཡིན་ལ། དེས་ཁྱིམ་ལོའི་དོད་མི་ཐུབ་སྟབས་ཟླ་བཤོལ་འབྱུང་ངོ་། ཉིན་ཞག་སུམ་ཅུ་ལ་ཟླ་བ་དང་། དེ་བཅུ་གཉིས་ཏེ་ཉིན་ཞག་སུམ་བརྒྱ་དྲུག་ཅུ་རྫོགས་པའི་ཡུན་ཚད་ནི། ཉིན་ཞག་གི་དབང་དུ་བྱས་པའི་ལོ་ཡིན་ལ། དེས་ཀྱང་ཁྱིམ་ལོའི་དོད་མི་ཐུབ།③
སྤྱིར་དུས་ནི་དངོས་པོ་ཐམས་ཅད་ཀྱི་གནས་ཚུལ་ཞིག་དང་དངོས་པོ་གནས་པའི་རྐྱེན་ཞིག་ཀྱང་ཡིན་དགོས་ཏེ། དངོས་པོ་ཞིག་གི་གཞི་ལ་དངོས་སུ་སྦྱར་ན་དངོས་པོ་དེ་སྐྱེས་གནས་འཇིག་གསུམ་གྱི་གནས་ཚུལ་ཡིན་དགོས། དེ་ཡང་སྤྱིར་ཤེས་བྱ་ནི་རྟག་པ་ཡིན་ལ་ཤེས་བྱར་གྱུར་པའི་དངོས་པོ་ནི་མི་རྟག་ཡིན་བཞིན་དུ། དུས་ཡང་རྟག་པ་ཡིན་ལ་དུས་ཀྱི་ཚུལ་དུ་གནས་པའམ་དུས་སུ་གྱུར་པའི་དངོས་པོ་ནི་མི་རྟག་པ་ཡིན་དགོས་པར་སྙམ། དེ་ན་སྤྱིར་བཏང་དུ་ང་ཚོས་ནམ་རྒྱུན་དུ་གོ་བ་དང་སྤྱོད་པའི་དུས་ཀྱི་གོ་དོན་ནི་དངོས་པོ་གནས་ཚུལ་གྱི་དུས་དེའམ་དངོས་པོར་གྱུར་པའི་དུས་དེ་ཡིན་པས།དུས་ཀྱི་ངོ་བོ་ནི་མི་རྟག་པ་སྟེ་སྐད་ཅིག་མའི་རང་བཞིན་ཅན་ཡིན་པར་བརྗོད་ལ། དངོས་པོ་དེའི་གནས་སྐབས་གཞིར་བཟུང་ནས་རྟོག་བཏགས་ཀྱི་སྒོ་ནས་དུས་ལ་འདས་མ་འོངས་ད་ལྟ་གསུམ་དུ་དབྱེ་བ། གཞན་དུ་ན་བྱ་དངོས་བྱུང་འཕེལ་གྱི་གོ་རིམ་གཞིར་བཟུང་བའི་དུས་ཀྱི་སྔ་ཕྱི་དང་། རྒྱུ་སྔོན་དུ་སོང་ཞིང་འབྲས་བུ་རྗེས་སུ་འབྱུང་བའི་རྒྱུ་འབྲས་ཀྱི་འབྲེལ་བའི་ཚུལ་དུ་གྱུར་བའི་དུས་ཀྱི་རྣམ་གཞག་ནི་རིག་ཚན་སོ་སོར་རྒྱ་ཆེར་བཀོལ་སྤྱོད་བྱེད་པ་མ་ཟད། སྤྱི་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཡང་དངོས་སུ་རྒྱ་ཁྱབ་ཏུ་ལག་བསྟར་བྱེད་པས། དུས་ཀྱི་རྣམ་གཞག་ནི་མིའི་རིགས་ཀྱི་འཚོ་བ་དང་བྲལ་ཐབས་མེད་པ་ཞིག་ཏུ་གྱུར།
བོད་ཀྱི་སྲོལ་རྒྱུན་གྱི་མཚན་ཉིད་རིག་པ་དང་ཚད་མ་རིག་པ་ལྟར་ན་དུས་ནི་དངོས་པོ་ཡིན་ཏེ། དངོས་པོའི་དབྱེ་བ་གསུམ་སྟེ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ལས་ལྡན་མིན་འདུ་བྱེད་ཡིན་ཏེ། དེ་བཞིན་དུ་ལོ་ཟླ་སོགས་ཀྱང་ལྡན་མིན་འདུ་བྱེད་ཡིན་ནོ།། ཚད་མ་རིག་པ་ལྟར་ན་དུས་ལ་དབྱེ་ན་དུས་མཐའི་སྐད་ཅིག་མ་དང་རྒྱུན་གཉིས་ཡོད་དེ། དུས་མཐའི་སྐད་ཅིག་མ་ནི་དངོས་པོ་སྐྱེས་འཇིག་གི་དུས་མཐའི་སྐད་ཅིག་མ་དེ་དང་། རྒྱུན་ལ་དབྱེ་ན་དེའི་སྐད་ཅིག་མ་དང་བྱ་རྫོགས་ཀྱི་ཡུན་ཚད་གཉིས་ཡོད། གཞི་ལ་སྦྱར་ན་བྱ་དངོས་ཀྱི་འགྱུར་ལྡོག་ནི་བྱ་དངོས་དེའི་འགྱུར་ལྡོག་གི་སྐད་ཅིག་མ་མང་པོ་བརྒྱུད་དགོས་ཤིང་དེ་དག་གིས་གྲུབ་པ་ཡིན་ལ། དེའི་སྐད་ཅིག་མ་ནི་ཡུན་ཚད་དམ་རྒྱུན་དེར་གྱུར་པའི་སྐད་ཅིག་མ་དེ་ཡིན། བྱ་རྫོགས་ཀྱི་ཡུན་ཚད་ནི་བྱ་བ་དེ་མ་རྫོགས་བར་དུ་མུ་མཐུད་པའི་རྒྱུན་དང་ཡུན་ཚད་དེ་ཡིན། དངོས་པོའི་དབང་དུ་བཏང་ན། དུས་ཀྱི་འགྱུར་ལྡོག་གམ་འཕོ་འགྱུར་ནི་སྐྱེས་འཇིག་དང་། བྱུང་རིམ་དང་། རྒྱུ་འབྲས་ཀྱི་འབྲེལ་བ་སོགས་ཀྱི་ཚུལ་དུ་སྣང་ལ། དེ་ལ་དབྱེ་ན་འདས་མ་འོངས་ད་ལྟ་གསུམ་དུ་དབྱེ་བ། དེ་ཡང་ནང་བའི་གྲུབ་མཐའ་སྨྲ་བ་དག་ལས་མདོ་སེམས་རང་རྒྱུད་དག་གིས་འདས་མ་འོངས་གཉིས་ནི་རྟག་པ་དང་ད་ལྟ་བ་ནི་དངོས་པོར་འདོད་ལ། བྱེ་སྨྲ་དང་ཐལ་འགྱུར་པས་དུས་གསུམ་ཐམས་ཅད་དངོས་པོར་འདོད་དོ།།
གཉིས་པ། བོད་ཀྱི་བརྡ་སྤྲོད་གཞུང་དང་སྦྱར་ནས་དུས་ཀྱི་རྣམ་གཞག་ལ་བརྗོད་པ།
བརྡ་སྤྲོད་རིག་པ་ལས་བཤད་པའི་དུས་ནི་དུས་གསུམ་ཡིན་ཏེ། དེ་ནི་གཙོ་བོ་དུས་གསུམ་གྱི་རྣམ་གཞག་སྟོན་བྱེད་བྱ་བའི་མིང་གི་ཡིག་གཟུགས་འགྱུར་ཚུལ་ལ་བཤད་པ་ཡིན།གཞན་དུ་ན་ལ་དོན་ཚེ་སྐབས་ལ་འཇུག་པ་ཡང་དུས་དང་འབྲེལ་བ། དེ་ཡང་ལུང་སྟོན་པ་སུམ་ཅུ་པའི་རྩ་བར། ཅི་ཕྱིར་འཇུག་པར་བྱེད་ཅེ་ན། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར།མ་ནིང་གཉིས་ཀ་ད་ལྟར་ཆེད། མོ་ནི་བདག་ད་མ་འོངས་ཕྱིར།ཤིན་ཏུ་མོ་ནི་མཉམ་ཕྱིར་རོ།།④ ཞེས་སི་ཏུའི་སུམ་རྟགས་འབྲེལ་ཆེན་དུ་སྔོན་འཇུག་ལྔའི་འཇུག་ཚུལ་བཤད་པར་དུས་གསུམ་བསྟན་པ་དང་། དུས་གསུམ་གྱི་གོ་དོན་བསྟན་པ་ལ་དེ་ལས། བྱ་བ་བྱས་ཟིན་པ་ནི་དུས་འདས་པ་དང་། བྱ་བ་བྱེད་པར་འགྱུར་བ་ནི་དུས་མ་འོངས་པ་དང་། བྱ་བ་བྱེད་བཞིན་པ་ནི་དུས་ད་ལྟ་བ་ཡིན་ནོ།།⑤ ཞེས་སོ།། པྲ་ཏིའི་སུམ་རྟགས་ལས་སྔོན་འཇུག་ལྔའི་འཇུག་ཚུལ་ནི། ཅིའི་ཕྱིར་འཇུག་པར་བྱེད་ཅེ་ན། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། མ་ནིང་གཉིས་ཀ་ད་ལྟར་ཆེད། མོ་ནི་བདག་དང་མ་འོངས་ཕྱིར། ཤིན་ཏུ་མོ་ནི་མཉམ་པས་སོ།།⑥ ཞེས་དང་། དུས་ནི་འདས་དང་མ་འོངས་དང་། ད་ལྟར་དང་བཅས་གསུམ་དུ་འགྱུར།⑦ཞེས་དང་། དུས་གསུམ་གྱི་གོ་དོན་ནི། བྱ་བ་ཟིན་དང་བྱེད་འགྱུར་དང་། ད་ལྟ་བྱེད་བཞིན་པ་རྣམས་ལ། འདས་དང་མ་འོངས་ད་ལྟར་འདོད།⑧ ཅེས་གསུངས་སོ།།
བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ཕལ་ཆེར་བྱ་བའི་མིང་གི་དུས་གསུམ་གྱི་རྣམ་གཞག་བརྗོད་པ་མ་གཏོགས་དུས་ཀྱི་གོ་དོན་དང་མཚན་ཉིད་སོགས་ནི་སྤྱིར་བཏང་དུ་མི་བརྗོད་དེ། དུས་གསུམ་གྱི་རྣམ་གཞག་ལའང་བྱ་བ་བྱས་ཟིན་པ་ནི་དུས་འདས་པ་དང་། བྱ་བ་བྱེད་བཞིན་པ་ནི་དུས་ད་ལྟ་བ་དང་། བྱ་བ་བྱེད་པར་འགྱུར་བ་ནི་དུས་མ་འོངས་པ་ལ་འཇོག་པ།⑨ འདིར་དུས་ཀྱི་གོ་དོན་ནི་དུས་གསུམ་ཀ་སྟེ་གཞི་ལ་སྦྱར་ནས་བརྗོད་དེ། དུས་གསུམ་གྱི་གོ་དོན་གཞི་ལ་སྦྱར་ན་བྱ་ཚིག་ཅན་ནི་མ་འོངས་པ་དང་། བྱེད་ཚིག་ཅན་ནི་ད་ལྟ་བ། བྱས་ཚིག་ཅན་ནི་འདས་པ། སྐུལ་ཚིག་དང་དགག་སྒྲ་སྦྱར་བའི་སྐུལ་ཚིག་ནི་མ་འོངས་པ་ཡིན་ནོ།།⑩ དེ་ཡང་བྱ་བའི་མིང་ནི་སེམས་ཅན་གྱི་རྩོལ་བ་དང་། བེམ་པོའི་འགྱུར་བ་མཚོན་བྱེད་ཀྱི་བརྡ་ཡིན་ཏེ། བརྗོད་བྱ་དེ་ཚོར་དུས་ཀྱི་རྣམ་གཞག་དང་། བདག་གཞན་གྱི་དབྱེ་བ་ཡོད་པས། དེ་རྗོད་བྱེད་ཀྱི་སྒྲ་ལའང་ཁྱད་པར་ཡོད་ལ། དེ་མཚོན་བྱེད་ཀྱི་ཡིག་གཟུགས་ལའང་དུས་གསུམ་སྐུལ་ཚིག་དང་བཞིའི་རྣམ་དབྱེ་ཡོད་པ།⑾ དུས་ཀྱི་གོ་དོན་གྱི་དབང་དུ་བཏང་ན། འཇིག་རྟེན་གྱི་བྱ་དངོས་ཐམས་ཅད་ནི་སྐད་ཅིག་སྐད་ཅིག་ཏུ་འགྱུར་བཞིན་ཡོད་ཅིང་མི་རྟག་པ་ཡིན་ལ། རྒྱུ་དང་འབྲས་བུའི་ཚུལ་དུ་རྟེན་ཅིང་འབྲེལ་བར་ཡོད་པས། དུས་ཀྱི་སྔ་ཕྱིའི་གོ་རིམ་མེད་ན་དེ་དག་ཐམས་ཅད་ནི་རྙོག་ཤིང་འཛིང་བར་གྱུར་བས་མིའི་རིགས་ཀྱི་གོ་རྟོགས་ཀྱིས་གཞལ་དུ་མེད་པ། དེ་བཞིན་དུ་རྒྱུ་འབྲས་ཀྱི་རྟེན་ཅིང་འབྲེལ་བའི་ཚུལ་ལ་བཞག་ནས་དུས་ལའང་རྒྱུ་དུས་ཀྱི་མ་སྐྱེས་པའི་ཆ་དང་། རང་དུས་ཀྱི་སྐྱེས་ལ་མ་འགགས་པའི་ཆ་དང་། འབྲས་དུས་ཀྱི་སྐྱེས་ཟིན་འགགས་པའི་ཆ་གསུམ་རེ་ཡོད་པའི་དབང་གིས། འགྱུར་ལྡོག་དེ་དག་མཚོན་བྱེད་ཀྱི་བྱ་བའི་མིང་ལ་ཡང་མ་འོངས་པ་དང་། ད་ལྟ་བ་དང་། འདས་པ་སྟེ། དུས་གསུམ་གྱི་ཁྱད་པར་ཡོད་དོ།།⑿དེ་བཞིན་དུ་བརྡ་སྤྲོད་པའམ་གཏམ་གླེང་བའི་སྐབས་ནི་ད་ལྟ་བ་ཡིན་ལ། དུས་ད་ལྟ་བ་འདི་ལ་བལྟོས་ནས་དུས་ཚོད་སྐད་ཅིག་སྔ་མ་ཡན་ཆད་དུས་འདས་པ་དང་། སྐད་ཅིག་ཕྱི་མ་མན་ཆད་དུས་མ་འོངས་པ་ཡིན།⒀ གཞན་དུ་ན་ཁ་སྐད་དུ་དུས་གསུམ་སོ་སོར་བྱ་བའི་མིང་གསལ་བྱེད་ཀྱི་སྒྲའམ་ཚིག་གྲོགས་ཀྱང་ཐ་དད་དུ་ཡོད་དེ། དཔེར་ན། དུས་འདས་པ་གསལ་བྱེད་ཀྱི་སྒྲ་ནི་། ཟིན། ཚར། གྱུར། བྱུང་། སོང་། བྱས། མྱོང་སོགས་ལྟ་བུ་དང་། དུས་ད་ལྟ་བ་གསལ་བྱེད་ཀྱི་སྒྲ་ནི།བཞིན། ཡོད། གདའ། མཆིས། སྣང་། བྱེད་སོགས་དང་།ཡིག་སྐད་དུ་ཀྱིན་གྱིན་གིན་ཡིན་དང་། ཅིང་ཞིང་ཤིང་སོགས་ཀྱིས་མཚམས་སྦྱར་བ་ཡིན། དུས་མ་འོངས་པ་གསལ་བྱེད་ཀྱི་སྒྲ་ནི་ཨམ་སྐད་དུ། རྒྱུ་ཡིན། རྒྱུ་རེད་ཅེས་དང་། དབུས་སྐད་དུ། གི་ཡིན། གི་རེད་ཅེས་ལྟ་བུ། མཁས་པ་ལ་ལས་དུས་གསུམ་ལས་འདས་མ་འོངས་པ་གཉིས་ཀ་ལ་ད་དུང་འདས་པ་ཙམ་དང་། འདས་པའི་འདས་པ། འདས་པའི་ད་ལྟ་བ་དང་།འདས་པའི་མ་འོངས་པ་བཞི་དང་། མ་འོངས་པ་ཙམ་དང་།མ་འོངས་པའི་མ་འོངས་པ། མ་འོངས་པའི་ད་ལྟ་བ། མ་འོངས་པའི་འདས་པ་བཞིར་ཡང་དབྱེ་བ།⒁
མཁས་པ་ལ་ལས་དུས་གསུམ་ནི་བརྗོད་བྱ་དོན་གྱི་དུས་གསུམ་དང་རྗོད་བྱེད་ཚིག་གི་དུས་གསུམ་གཉིས་སུ་དབྱེ་བ།བརྗོད་བྱ་དོན་གྱི་དུས་གསུམ་ནི་རྗོད་པའི་གནས་སྐབས་དེར་བརྗོད་བྱའི་བྱ་བ་བྱས་ཟིན་མ་ཟིན། མངོན་འགྱུར་ཡོད་མེད་སོགས་ཀྱི་སྟེང་ནས་ཕྱེ་བ་སྟེ། དེའི་ནང་གསེས་སུ་དོན་གྱི་འདས་པ་ལ་དབྱེ་ན། བྱས་ཟིན་གྲུབ་ཟིན་འདས་པ་དང་། ཞུགས་ཟིན་འདས་པ་དང་། འབྲས་བུ་ལ་དམིགས་པའི་འདས་པ་དང་། རྒྱུ་བརྟག་པ་མཐའ་བཟུང་གི་འདས་པ་དང་གོ་རིམ་གྱི་འདས་པ་སོགས་ལྔ་དང་། དོན་གྱི་ད་ལྟ་བ་ལ་བྱེད་བཞིན་པའི་ད་ལྟ་བ་དང་། ལྟོས་འཇོག་གི་ད་ལྟ་བ་དང་། སྣང་གནས་ཀྱི་ད་ལྟ་བ་གསུམ། དོན་གྱི་མ་འོངས་པ་ལ་མ་སྐྱེས་བའི་མ་འོངས་པ་དང་འབྱུང་ངེས་པའི་བྱ་བ་མ་འོངས་པ་གཉིས་སོགས་རིགས་སམ་རྣམ་པ་མང་དུ་དབྱེ་བ། རྗོད་བྱེད་ཚིག་གི་དུས་གསུམ་ནི་རྗོད་བྱེད་ཀྱི་སྒྲ་དང་ཡིག་གཟུགས་ཀྱི་སྟེང་གི་སྐད་ཀྱི་གོམས་གཤིས་ལ་ཆགས་པའི་དུས་ཀྱི་ཁྱད་པར་ཏེ། དེ་ལ་དུས་གསུམ་སྒྲ་འདྲ་བ་དང་སྒྲ་མི་འདྲ་བ་རིགས་གཉིས་སུ་དབྱེ་བ།⒂ སྲོལ་རྒྱུན་ནམ་མཁས་པ་གཞན་གྱི་ལུགས་ལྟར་ན་འདི་ལ་དུས་གསུམ་སྤྱིར་བཏང་བ་དང་། དུས་གསུམ་བྱེ་བྲག་པ་དང་དུས་གསུམ་ཐོར་བུ་བ་གསུམ་དུ་དབྱེ་བ།
གཞན་དུ་ན་བྱ་བ་བྱེད་པའི་དུས་ཀྱི་དབང་དུ་བཏང་ན། འདས་པའི་དུས་ཀྱི་བྱ་བ་འདས་མ་འོངས་ད་ལྟ་གསུམ་དང་། ད་ལྟའི་དུས་ཀྱི་བྱ་བ་འདས་མ་འོངས་ད་ལྟ་གསུམ་དང་། མ་འོངས་པའི་དུས་ཀྱི་བྱ་བ་འདས་མ་འོངས་ད་ལྟ་གསུམ་སྟེ་གསུམ་གསུམ་དགུར་བྱས་པ་དང་། བྱེད་པ་པོ་གཞན་འབྲེལ་གྱི་བྱ་བའི་དུས་གསུམ་ནི་བྱེད་ཚིག་དུས་འདས་མ་འོངས་ད་ལྟ་གསུམ་ལ་འཇུག་ཚུལ་དང་། བྱ་ཚིག་དུས་འདས་མ་འོངས་ད་ལྟ་གསུམ་ལ་འཇུག་ཚུལ་སོགས་དྲུག་ཏུ་བྱས་པ་དང་། བྱེད་པ་པོ་གཞན་དང་མ་འབྲེལ་གྱི་བྱ་བའི་དུས་གསུམ་ནི་བྱུང་ཟིན་མཚོན་པ་དང་འབྱུང་འགྱུར་མཚོན་པ་བཅས་རྣམ་པ་གཉིས་ཏེ་འདས་མ་འོངས་པ་གཉིས་སོ།།⒃ འདི་ནི་བྱེད་པ་པོ་གཞན་མེད་པར་བྱ་དངོས་རང་སྟེང་གི་འགྱུར་བའམ་རང་ངོས་ནས་བྱུང་བར་བཤད་པ་ཡིན།
བྱ་དངོས་གང་དང་གང་ཡིན་རུང་དེའི་འགྱུར་བ་ནི་དུས་ངེས་ཅན་ཞིག་གི་ནང་དུ་བྱུང་བ་ཡིན་པས། རྒྱུ་དུས་ཀྱི་མ་སྐྱེས་པའི་ཆ་དང་། རང་དུས་ཀྱི་སྐྱེས་ལ་མ་འགགས་པའི་ཆ་དང་། འབྲས་དུས་ཀྱི་སྐྱེས་ཟིན་ཞིག་པའི་ཆ་སྟེ། བྱ་དངོས་རང་སྟེང་གི་དུས་གསུམ་གྱི་འགྱུར་བ་ནི་བརྡ་ལ་སྦྱོར་སྐབས་བརྡ་སྤྲོད་ཀྱི་གཞུང་དུ་བསྟན་པའི་དུས་གསུམ་སྟེ་བྱ་བའི་མིང་གི་དུས་གསུམ་ཡིན། སྔ་མ་ནི་བརྗོད་བྱ་དོན་གྱི་དུས་གསུམ་ཡིན་ལ། ཕྱི་མ་ནི་རྗོད་བྱེད་ཚིག་གི་དུས་གསུམ་ཡིན། གཞན་དུ་ན་སྔ་མ་ནི་དུས་གསུམ་མཚན་ཉིད་པ་ཡིན་ལ། ཕྱི་མ་ནི་དུས་གསུམ་བཏགས་པ་བ་ཡིན་པར་བརྗོད་ཀྱང་མི་འགྲིག་རྒྱུ་མེད་པར་སྙམ། འདི་ནི་མཚན་ཉིད་རིག་པའི་རྣམ་གཞག་ཏུ་བརྗོད་པའི་དུས་གསུམ་དང་བརྡ་སྤྲོད་རིག་པའི་རྣམ་གཞག་ཏུ་བརྗོད་པའི་དུས་གསུམ་གྱི་ཁྱད་པར་གྱི་གནད་ཀྱི་དམ་པ་ཡིན། མཚན་ཉིད་རིག་པས་བྱ་དངོས་ཀྱི་ངོ་བོ་དང་ཆོས་ཉིད་ཤེས་རྟོགས་བྱེད་པ་དང་། བརྡ་སྤྲོད་རིག་པས་དེའི་དོན་བརྡར་སྤྲོད་པས་ཕན་ཚུན་རྟེན་ཅིང་འབྲེལ་བའང་ཡིན་ནོ།།
བརྡ་སྤྲོད་ཀྱི་གཞུང་ལས་བཤད་པའི་དུས་གསུམ་གྱི་རྣམ་གཞག་ལྟར་ན། སྐྱེས་ལ་མ་འགགས་པ་ད་ལྟ་བའི་མཚན་ཉིད་དང་། སྐྱེས་བའི་རྒྱུ་ཡོད་ཀྱང་རེ་ཞིག་མ་སྐྱེས་པའི་ཆར་གྱུར་པའི་མེད་འགག་མ་འོངས་པའི་མཚན་ཉིད་དང་།⒄ སྐྱེས་ཟིན་ཞིག་པའི་ཆར་གྱུར་པའི་མེད་འགག་འདས་པའི་མཚན་ཉིད།⒅ གཞན་ཡང་དུས་གསུམ་ནི་ལྟོས་ས་ལྟོས་འཇོག་ཅིག་ཀྱང་ཡིན་ཏེ། དུས་འདས་མ་འོངས་གཉིས་ནི་དུས་ད་ལྟ་བ་ལ་ལྟོས་ནས་བཞག་པ་ཡིན་ཏེ། དཔེར་ན། དེ་རིང་ལ་ལྟོས་ན་ཁ་སང་ནི་འདས་པ་དང་སང་ཉིན་ནི་མ་འོངས་པ་དང་། ད་ལོ་ལ་ལྟོས་ན་ན་ནིང་ནི་འདས་པ་དང་སང་ལོ་ནི་མ་འོངས་པ་ལྟ་བུ། དེའི་ཕྱིར་ནང་བའི་གྲུབ་མཐའ་སྨྲ་བ་འགའ་ཞིག་གིས་ད་ལྟ་བ་མ་གཏོགས་འདས་མ་འོངས་གཉིས་ནི་དངོས་པོར་ཡིན་པར་ཁས་མི་ལེན་པ་དང་། འདས་མ་འོངས་གཉིས་ནི་རྟོག་པས་བཏགས་ཙམ་གྱི་རྟག་པར་བརྗོད་པ། སྤྱིར་མིའི་རིགས་ཀྱི་སྐད་ཆ་ནི་རང་གི་བསམ་བློ་འདུ་ཤེས་མཚོན་བྱེད་ཀྱི་བརྡའམ་ངག་ཡིན་ལ། བསམ་བློ་འདུ་ཤེས་ནི་ཕྱི་ཡུལ་དུ་གནས་པའི་དངོས་པོ་ཐམས་ཅད་ཀྱི་སྣང་ཚུལ་སྣ་ཚོགས་མཚོན་བྱེད་ཡིན་པས། སྐད་བརྡས་ཀྱང་རང་གིས་ཤེས་ཚོད་དུ་དངོས་པོ་ཐམས་ཅད་ཀྱི་ངོ་བོ་དང་སྣང་ཚུལ་མཚོན་པ། བརྡ་སྤྲོད་རིག་པའི་དུས་གསུམ་གྱི་རྣམ་གཞག་གི་བསྟན་བྱའང་འདི་ལས་མ་འདས་ཏེ། འདིས་མིའི་རིགས་ཀྱི་བསམ་བློ་འདུ་ཤེས་བརྒྱུད་ནས་ཕྱི་རོལ་ཡུལ་དུ་གནས་པའི་དངོས་པོ་ཀུན་གྱི་ངོ་བོ་དང་སྣང་ཚུལ་སོགས་བསྟན་ཞིང་མཚོན་པ། མདོར་ན་བློ་དང་རིག་པས་དུས་ཀྱི་རྣམ་གཞག་དང་བཅས་པའི་ཕྱི་རོལ་ཡུལ་དུ་གནས་པའི་ཆོས་ཐམས་ཅད་ཀྱི་ངོ་བོའམ་ཆོས་ཉིད་ཤེས་ཤིང་རྟོགས་པ་དང་། བརྡ་སྤྲོད་རིག་པས་བློ་རིག་གིས་ཤེས་རྟོགས་བྱུང་བའི་ཤེས་རིག་དེ་དག་ངག་དང་བཅས་པར་བརྟེན་ནས་ཡང་དག་པར་བརྡ་རུ་སྤྲོད་པས།བོད་ཀྱི་བརྡ་སྤྲོད་རིག་པའི་དུས་གསུམ་གྱི་རྣམ་གཞག་ཡང་དེ་དང་དེ་བཞིན་དུ་རང་རིགས་ཀྱིས་ཤེས་རྟོགས་བྱུང་བའི་དུས་ཀྱི་ཤེས་རིག་རྣམས་ངག་བརྡ་དང་ཡི་གེར་བརྟེན་ནས་ཡང་དག་པར་བརྗོད་པ་ཡིན་ནོ།།
གསུམ་པ། བོད་ཀྱི་གྲུབ་མཐའི་གཞུང་དང་སྦྱར་ནས་དུས་ཀྱི་རྣམ་གཞག་བརྗོད་པ།
མིའི་རིགས་ཀྱི་བསམ་བློའི་འདུ་ཤེས་ལྟར་ན་དུས་ནི་སྐད་ཅིག་སྐད་ཅིག་ཏུ་འོངས་འདས་ཀྱིས་འགྱུར་བ་ཞིག་ཡིན་པས་མི་རྟག་པ་དང་། ཆུ་བོའི་རྒྱུན་ལྟར་མུ་མཐུད་ནས་འོངས་ཤིང་འདས་པས་སྐད་ཅིག་སོ་སོའི་བར་དུ་རྒྱུན་ཞིག་ཀྱང་ཡོད་པར་སྙམ་སྟེ། དེ་ལྟར་ན་དུས་ནི་རྟག་ཆད་ཀྱི་མཐའ་སྤངས་བ་ཞིག་ཀྱང་ཡིན་དགོས་པར་བསམ། ཡིན་ན་ཡང་གཞུང་རྣམས་སུ་དེའི་མཐའ་སྤངས་ཚུལ་མི་འདྲ་སྟེ།ནང་བའི་གྲུབ་མཐའ་སྨྲ་བ་བཞི་ལྟར་ན། བྱེ་བྲག་སྨྲ་བ་རྣམས་འབྲས་བུ་སྐྱེ་བའི་ཚེ་རྒྱུ་འགག་པས་རྟག་པའི་མཐའ་སྤོང་ལ། རྒྱུའི་མཇུག་ཐོགས་སུ་འབྲས་འབྱུང་བས་ཆད་པའི་མཐའ་སྤོང་ངོ་ཞེས་ཟེར་རོ།། མདོ་སྡེ་བ་དག་འདུས་བྱས་རྣམས་རྒྱུན་མ་ཆད་པར་འཇུག་པས་ཆད་པའི་མཐའ་སྤོང་ཞིང་། སྐད་ཅིག་གིས་འཇིག་པས་རྟག་པའི་མཐའ་ལས་གྲོལ་ཞེས་འདོད་དོ།། སེམས་ཙམ་པ་རྣམས་ཀུན་བཏགས་བདེན་པར་མ་གྲུབ་པས་རྟག་པའི་མཐའ་སྤོང་ལ། གཞན་དབང་བདེན་པར་གྲུབ་པས་ཆད་པའི་མཐའ་སྤོང་ངོ་ཞེས་སྨྲའོ།།དབུ་མ་པ་རྣམས་ཆོས་ཐམས་ཅད་ཐ་སྙད་དུ་ཡོད་པས་ཆད་པའི་མཐའ་ལས་གྲོལ་ཞིང་། དོན་དམ་དུ་མེད་པས་རྟག་པའི་མཐའ་ལས་གྲོལ་ཞེས་བཞེད་དོ།།⒆
དེ་ལྟར་ན་དུས་ནི་གང་འདྲ་ཞིག་ཡིན་ཟེར་ན། བྱེ་བྲག་སྨྲ་བས་དུས་གསུམ་རྫས་སུ་འདོད་དེ། བུམ་པ་བུམ་པའི་འདས་པའི་དུས་སུ་ཡང་ཡོད། བུམ་པ་བུམ་པའི་མ་འོངས་པའི་དུས་སུ་ཡང་ཡོད་པར་འདོད།⒇ དེ་ཡང་བྱེ་བྲག་སྨྲ་བས་དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་སྨྲ་བས་བྱེ་བྲག་སྨྲ་བ་ཞེས་བརྗོད།(21) འདི་ལྟར་ན་བྱེ་བྲག་སྨྲ་བས་དུས་གསུམ་ཀ་ཡོད་པར་འདོད་པ་མ་ཟད་དུས་གསུམ་ཀ་ནི་དངོས་པོ་ཡིན་པར་འདོད་དོ།། གཞན་ཡང་བྱེ་བྲག་སྨྲ་བའི་ལྟ་བ་ལྟར་ན་དངོས་པོ་ནི་རྟག་པའི་དངོས་པོ་དང་མི་རྟག་པའི་དངོས་པོ་གཉིས་ཡོད་དེ། འདུས་མ་བྱས་ཀྱི་ཆོས་རྣམས་རྟག་པའི་དངོས་པོ་དང་། གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་མི་རྟག་པའི་དངོས་པོར་འདོད་དོ།།(22) བྱེ་སྨྲ་བའི་ལུགས་ལ་འདུས་བྱས་ལ་མི་རྟག་པས་ཁྱབ་ཀྱང་། སྐད་ཅིག་རེ་རེ་ནས་འཇིག་པས་མ་ཁྱབ་སྟེ་སྐྱེས་ཟིན་པའི་འོག་ཏུ་གནས་པའི་བྱ་བ་དང་། དེའི་འོག་ཏུ་འཇིག་པའི་བྱ་བ་འཇུག་པར་འདོད་པའི་ཕྱིར།(23)
མདོ་སྡེ་བའི་ལྟ་བར། དངོས་པོ་གཞན་ཞིག་རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པར་ཞིག་པའི་ཆ་དེ་འདས་པའི་མཚན་ཉིད། དངོས་པོ་གཞན་ཞིག་སྐྱེ་བའི་རྒྱུ་ཡོད་ཀྱང་རྐྱེན་མ་ཚང་བའི་དབང་གིས་ཡུལ་དུས་འགའ་ཞིག་ཏུ་མ་སྐྱེས་པའི་ཆ་དེ་མ་འོངས་པའི་མཚན་ཉིད། སྐྱེས་ལ་མ་འགག་པ་ད་ལྟ་བའི་མཚན་ཉིད། དུས་གསུམ་ལས་འདས་པ་དང་མ་འོངས་པ་གཉིས་རྟག་པ་ཡིན་ལ། ད་ལྟ་བ་དང་དངོས་པོ་དོན་གཅིག་ཏུ་འདོད་དོ།།(24) གཞན་ཡང་མདོ་སྡེ་བས་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་དང་། ཤེས་པ་སྐད་ཅིག་ཆ་མེད་ཁས་ལེན་པ་སོགས་བྱེ་བྲག་སྨྲ་བ་དང་མཐུན་ཀྱང་། ཐམས་ཅད་དུ་འདྲ་བ་ནི་མ་ཡིན་ཏེ། བྱེ་སྨྲས་ཡོད་པར་འདོད་ཕྱིན་རྫས་གྲུབ་ཏུ་འདོད་ལ། མདོ་སྡེ་བས་དེ་ལྟར་མི་འདོད་པ།(25) བྱེ་བྲག་སྨྲ་བས་རྒྱུ་འབྲས་དུས་མཉམ་པར་འདོད་ལ། མདོ་སྡེ་བ་ཡན་ཆད་ཀྱིས་དེ་ལྟར་མི་འདོད་པའི་ཕྱིར།(26) དུས་གསུམ་དང་། མེད་འགག་གི་འཇོག་ཚུལ་མདོ་སེམས་རང་རྒྱུད་པ་གསུམ་མཐུན་ནོ།།(27) བྱེ་སྨྲས་རྟག་པའི་དངོས་པོ་དང་། མི་རྟག་པའི་དངོས་པོ་གཉིས་འདོད་ལ། འདིར་(མདོ་སྡེ་བས)དངོས་པོ་ལ་མི་རྟག་པ་དང་སྐད་ཅིག་མས་ཁྱབ་པར་ཁས་ལེན་ནོ།།(28) མ་བྱས་པ་ལ་དངོས་མེད་དགོས་པས་ན་རྟག་པའི་དངོས་པོ་མི་འཐད་དོ།།(29) མདོ་སྡེ་བས་རྒྱུ་འབྲས་དུས་མི་མཉམ་པར་འདོད་དེ། རྒྱུ་འབྲས་ལ་བསྐྱེད་བྱ་དང་སྐྱེད་བྱེད་ཅིག་དགོས་པས་ན་དུས་མཉམ་དུ་མི་རུང་པའི་ཕྱིར་ཏེ། དུས་མཉམ་དུ་ཡོད་ན། ཡང་ན་གཏན་ནས་སྐྱེད་མི་དགོས་པ་དང་། ཡང་ན་སྐྱེད་མི་ནུས་པའི་ཕྱིར་ཏེ། རྣམ་འགྲེལ་ལས། མེད་པ་སྔར་ནུས་མེད་ཕྱིར་དང་། ཕྱིས་ཀྱང་ཉེ་བར་མི་སྦྱོར་ཕྱིར། རྒྱུ་རྣམས་ཐམས་ཅད་སྔར་ཡོད་ཡིན། ཞེས་གསུངས་པ་ལྟར། འབྲས་བུ་སྔར་མེད་གསར་དུ་བསྐྱེད་པ་དང་། རྒྱུ་རྣམས་འབྲས་བུའི་སྔོན་དུ་ཡོད་པར་མདོ་སེམས་དབུ་མ་པ་རྣམས་ཀྱིས་མཐུན་པར་བཤད་དོ།།(30)
དེ་ཡང་བྱེ་སྨྲས་གཟུགས་དང་ཤེས་པ་སོགས་དཔྱད་མཐར་རྙེད་དགོས་པར་བཟུང་ཞིང་། དེ་ཡང་མཐར་གཏུགས་ན་རྡུལ་ཕྲ་རབ་ཆ་མེད་དང་། རྒྱུན་གྱི་ཐུག་མཐའ་སྐད་ཅིག་ཆ་མེད་ཅིག་ཡོད་དགོས་པར་མཐོང་ནས་རགས་པ་རྣམས་ལ་རྩོམ་གཞིར་རྡུལ་ཆ་མེད་དང་། རྒྱུན་གྱི་རྩོམ་གཞིར་སྐད་ཅིག་ཆ་མེད་ཁས་བླངས་ནས་ཆ་མེད་དང་ནམ་མཁའ་སོགས་བཅོམ་པ་དང་གཞིག་པས་རང་འཛིན་གྱི་བློ་མི་འདོར་བ་རྣམས་རྫས་ཡོད་དང་། ་་་་་་་བཅོམ་གཞིག་གིས་རང་འཛིན་གྱི་བློ་འདོར་བ་རྣམས་བཏགས་ཡོད་དང་།(31) ཞེས་དང་། མདོ་སྡེ་བས་ཕྲ་རྡུལ་ཆ་མེད་སོགས་ཀྱང་བྱེ་སྨྲ་དང་འདྲ་བར་ཁས་ལེན།(32) ཞེས་སོ།།
མདོར་ན་དུས་གསུམ་གྱི་རྣམ་གཞག་ལ་མདོ་སེམས་རང་རྒྱུད་པ་གསུམ་ནི་མཐུན་པ་ཆེ་སྟེ། དེ་གསུམ་གྱིས་དུས་གསུམ་ཀ་ནི་དངོས་པོར་མི་འདོད་དེ། དུས་གསུམ་ལས་ད་ལྟ་བ་ནི་དངོས་པོ་དང་འདས་མ་འོངས་གཉིས་ནི་རྟག་པར་འདོད་ལ། དངོས་པོ་ལ་རྟག་པའི་དངོས་པོ་དང་མི་རྟག་པའི་དངོས་པོ་ཡང་མི་འདོད་དེ། དངོས་པོ་ལ་མི་རྟག་པས་ཁྱབ་པར་འདོད་དོ།། གཞན་དུ་ན་ཡོད་པར་འདོད་ཕྱིན་ཡང་རྫས་གྲུབ་ཏུ་མི་འདོད་ལ། དུས་གསུམ་ཡང་རྫས་ཀྱི་བྱེ་བྲག་ཏུའང་མི་འདོད་དེ། བུམ་པ་བུམ་པའི་འདས་པའི་དུས་སུ་མེད་ལ། བུམ་པ་བུམ་པའི་མ་འོངས་པའི་དུས་སུ་ཡང་མེད་པར་འདོད། བུམ་པའི་འདས་པ་དང་བུམ་པའི་མ་འོངས་པ་ནི་རྟག་པ་ཡིན་ལ། བུམ་པའི་འདས་པ་དང་མ་འོངས་པའི་དུས་སུ་བུམ་པ་ཡོད་མི་སྲིད་པའི་ཕྱིར། བྱེ་སྨྲ་བ་དང་ཐལ་འགྱུར་བ་གཉིས་ནི་དུས་གསུམ་དངོས་པོར་འདོད་ཀྱང་འདོད་ཚུལ་མི་འདྲ་སྟེ། བྱེ་སྨྲ་བས་དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་སྨྲ་ཞིང་དངོས་པོར་འདོད་པ་མ་ཟད། དངོས་པོ་ལ་ཡང་རྟག་པའི་དངོས་པོ་དང་མི་རྟག་པའི་དངོས་པོ་གཉིས་སུ་དབྱེ་ཞིང་། འདུས་མ་བྱས་པའི་ཆོས་ནི་སྔ་མ་དང་འདུས་བྱས་ཀྱི་ཆོས་ནི་ཕྱི་མར་འདོད་དོ།། བྱེ་བྲག་སྨྲ་བས་སྐྱེ་འགག་གནས་གསུམ་ཡོད་པའི་དངོས་པོ་ཐམས་ཅད་ལ་དུས་གསུམ་རེ་ཡོད་ཅིང་། དངོས་པོ་དེའི་དུས་གསུམ་གྱི་སྐབས་སུ་དངོས་པོ་དེ་འདོར་ཡང་དེའི་རྫས་རྒྱུན་ཡོད་པར་ཁས་ལེན།(33) དངོས་པོ་ཐམས་ཅད་ཀྱི་སྐྱེ་གནས་འཇིག་གསུམ་གྱི་དུས་གསུམ་ནི་རྫས་ཀྱི་བྱེ་བྲག་དང་། འདས་སམ་ཡང་ན་ད་ལྟ་བ་ཡང་ན་མ་འོངས་པ་གང་ཡིན་རུང་དངོས་པོ་དེའི་རྣམ་པ་མི་འདྲ་བ་ཙམ་ལས་རྫས་རྒྱུན་གཅིག་ཡིན་པར་འདོད་དོ།།(34)
དབུ་མ་ཐལ་འགྱུར་བས་འདས་མ་འོངས་ཞིག་པ་རྣམས་དངོས་པོར་འདོད་ཅིང་། ཕྱི་རོལ་གྱི་དོན་ཡང་ཁས་ལེན་ཏེ།(35) དེས་འདས་ད་ལྟ་མ་འོངས་གསུམ་ཀ་དངོས་པོ་ཡིན་པར་མ་ཟད་དེ་གསུམ་པོ་ཚང་མར་རྒྱུ་ཡོད་པར་འདོད། འདས་པ་ལ་རྒྱུ་ཡོད་ལ། ད་ལྟ་བ་ལའང་རྒྱུ་ཡོད། མ་འོངས་པ་ལ་ཡང་རྒྱུ་ཡོད། མདོར་ན་འདས་མ་འོངས་ད་ལྟ་ཚང་མ་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་ཡིན་པ་དང་རྟེན་འབྲེལ་ཡིན་ཟེར།(36) ཐལ་འགྱུར་བས་དངོས་པོ་གཞན་ཞིག་སྐྱེས་ཟིན་ཞིག་པའི་ཆ་དེ་འདས་པའི་མཚན་ཉིད་དང་། དངོས་པོ་གཞན་ཞིག་རང་ཉིད་སྐྱེད་བྱེད་ཀྱི་རྒྱུ་ཡོད་ཀྱང་རྐྱེན་མ་ཚང་བས་མ་སྐྱེས་པའི་ཆ་དེ་མ་འོངས་པའི་མཚན་ཉིད་དང་། དངོས་པོ་གཞན་ཞིག་པའི་ཆ་དང་དངོས་པོ་གཞན་མ་འོངས་པའི་ཆ་གང་ཡང་མ་ཡིན་ཞིང་སྐྱེས་ལ་མ་འགག་པ་དེ་ད་ལྟ་བའི་མཚན་ཉིད་དུ་འཇོག འདིས་བུམ་པའི་འདས་པ་དང་མ་འོངས་པའི་དུས་སུ་བུམ་པ་གཏན་མེད་པ་དང་། བུམ་པ་ཞིག་པའི་ཆ་དང་། རྒྱུ་ཡོད་ཀྱང་བུམ་པ་མ་སྐྱེས་པའི་ཆ་དེ་ཉིད་དངོས་པོ་དང་འདུས་བྱས་སུ་བཞེད་པ་ཡིན་ནོ།།(37) འདི་ལྟར་ན་ནང་པ་སངས་རྒྱས་པའི་གྲུབ་མཐའ་ཚང་མས་དུས་གསུམ་ཁས་ལེན་རུང་སོ་སོའི་འཇོག་ཚུལ་ནི་མི་འདྲ་སྟེ། དེ་དག་ལས་མདོ་སེམས་རང་རྒྱུད་གསུམ་ནི་མཐུན་ས་མང་པ་དང་། བྱེ་སྨྲ་བ་དང་ཐལ་འགྱུར་བ་གཉིས་ནི་འདྲ་ས་ཡོད་ལ།ཁྱད་པར་གཙོ་བོ་ནི་དུས་གསུམ་ཀ་དངོས་པོ་ཡིན་མིན་ལ་རག་ལས་པའོ།།
བཞི་པ། བོད་ཀྱི་ཚད་མའི་གཞུང་དང་སྦྱར་ནས་དུས་ཀྱི་རྣམ་གཞག་བརྗོད་པ།
ཚད་མ་རིག་པ་ལྟར་ན་དུས་ནི་ལྡན་མིན་འདུ་བྱེད་ཡིན་ཏེ། དེ་ཡང་ལྡན་མིན་འདུ་བྱེད་ཀྱི་མཚན་ཉིད་ནི། གཟུགས་ཤེས་གང་རུང་མ་ཡིན་པའི་འདུས་བྱས་དེ་ལྡན་མིན་འདུ་བྱེད་ཀྱི་མཚན་ཉིད། མཚན་གཞི་ནི། བུམ་པའི་སྐྱེ་འཇིག་གནས་རྙིང་བཞི་དང་། གང་ཟག་དང་། དུས་དང་། ལོ། ཟླ་བ། ཤར་ཕྱོགས་ལྟ་བུ། གཟུགས་ཀྱང་མ་ཡིན། ཤེས་པ་ཡང་མ་ཡིན་ལ། རྒྱུ་རྐྱེན་ལས་སྐྱེས་པའི་འདུས་བྱས་ཡིན་དགོས་སོ།།(38) དུས་ལ་དབྱེ་ན། དུས་མཐའི་སྐད་ཅིག་མ་དང་། རྒྱུན་གཉིས་ལས། དང་པོ་ནི། དུས་ཆུང་ཞིང་ཐུང་བའི་མཐར་ཐུག་དེ། དུས་མཐའི་སྐད་ཅིག་མའི་མཚན་ཉིད། མཚན་གཞི་ནི། སྐྱེས་བུ་སྟོབས་ལྡན་ཞིག་གིས་སེ་གོལ་གཅིག་གཏོག་པའི་ཡུན་ཚད་ལ་ཆ་རེ་ལྔ་ཕྱེས་པའི་ཆ་གཅིག་གི་ཡུན་ཚད་ལྟ་བུ། གཞན་སྐྱེས་བུ་སྟོབས་ལྡན་གྱིས་སེ་གོལ་གཅིག་གཏོག་པའི་ཡུན་ལ་ཆ་བརྒྱ་དང་ཉི་ཤུར་ཕྱེས་པའི་ཆ་གཅིག་གི་ཡུན་ཚད་ལ་འདོད་པའང་ཡོད་དོ།། གཉིས་པ་རྒྱུན་ནི། རང་གི་བདག་ཉིད་དུ་གྱུར་པའི་དུས་ཀྱི་ཆ་དང་བཅས་པའི་དངོས་པོ་དེ། རྒྱུན་གྱི་མཚན་ཉིད།མཚན་གཞི་ནི་དུས་མཐའི་སྐད་ཅིག་མ་གཉིས་ཡན་ཆད་མཐུད་པའི་ཡུན་ཚད་ནི་རྒྱུན་ཡིན། དེ་ལ་དབྱེ་ན། དེའི་སྐད་ཅིག་མ་དང་། བྱ་རྫོགས་ཀྱི་ཡུན་ཚད་གཉིས་ཡོད། དུས་མཐའི་སྐད་ཅིག་མ་བརྒྱ་དང་ཉི་ཤུའི་ཡུན་ཚད་དང་ལྡན་པའི་དངོས་པོ་དེ། དེའི་སྐད་ཅིག་མའི་མཚན་ཉིད། བྱ་བ་གཅིག་མགོ་བརྩམས་ནས་མཇུག་མ་རྫོགས་པའི་བར་གྱི་རྒྱུན་གྱི་དངོས་པོ་དེ། བྱ་རྫོགས་ཀྱི་སྐད་ཅིག་མའི་མཚན་ཉིད། འདི་ལ་རིང་ཐུང་གི་ངེས་པ་མེད་དེ། སྐྱེས་བུ་སྟོབས་ལྡན་གྱི་སེ་གོལ་གཅིག་གཏོག་པའི་ཡུན་ཚད་ལྟ་བུ་བྱ་རྫོགས་ཀྱི་ཐུང་མཐའི་སྐད་ཅིག་མ་དང་། བྱ་བའི་མགོ་བརྩམས་ནས་ཉིན་གཅིག་ལ་རྫོགས་པ་དང་། ཟླ་གཅིག་དང་ལོ་གཅིག་ལ་མཇུག་རྫོགས་དགོས་པ་སོགས་དུ་མ་ཞིག་ཡོད་དོ།།(39) ཚད་མ་རིག་པ་ལྟར་ན་དུས་ནི་ལྡན་མིན་འདུ་བྱེད་ཡིན་ལ། སྤྱིར་ན་ལྡན་མིན་འདུ་བྱེད་ནི་བཅུ་བཞི་དང་ཉེར་གསུམ་དུ་འཆད་དེ།(40) མངོན་པ་མཛོད་ལས་བཤད་པའི་ལྡན་མིན་འདུ་བྱེད་བཅུ་བཞི་ནི། ཐོབ་པ་དང་། མ་ཐོབ་པ་དང་། སྐལ་མཉམ་དང་། འདུ་ཤེས་མེད་པ་དང་། འདུ་ཤེས་མེད་པའི་སྙོམས་འཇིག་དང་།འགོག་པའི་སྙོམས་འཇུག་དང་། སྲོག་གི་དདབང་པོ་དང་།སྐྱེ་བ་དང་། གནས་པ་དང་། རྒ་བ་དང་། མི་རྟག་པ་དང་། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་རྣམས་སོ།། མངོན་པ་ཀུན་བཏུས་ལས་བཤད་པའི་ལྡན་མིན་འདུ་བྱེད་ཉེར་གསུམ་ནི། ཐོབ་པ་དང་། འདུ་ཤེས་མེད་པའི་སྙོམས་འཇིག་དང་། འགོག་པའི་སྙོམས་འཇུག་དང་། འདུ་ཤེས་མེད་པ་དང་། སྲོག་གི་དབང་པོ་དང་། སྐྱེ་བ་དང་།གནས་པ་དང་། རྒ་བ་དང་། མི་རྟག་པ་དང་། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས། སོ་སོའི་སྐྱེ་བོ་དང་། འཇུག་པ་དང་། སོ་སོར་ངེས་པ་དང་། འབྱོར་བ་དང་། འབྲེལ་བ་དང་། མགྱོགས་པ་དང་། གོ་རིམ་དང་། དུས་དང་། ཡུལ་དང་། གྲངས་དང་། ཚོགས་པ་རྣམས་ཡིན། གཞན་ཡང་ཉེར་གཉིས་སུ་འདྲེན་ཚུལ་ཡང་ཡོད་དེ། འདུ་ཤེས་པའི་སྙོམས་འཇིག་དང་། འགོག་པའི་སྙོམས་འཇུག་དང་། འདུ་ཤེས་མེད་པ་དང་། སྲོག་གི་དབང་པོ་དང་། རིས་མཐུན་པ་དང་།སྐྱེ་བ་དང་། རྒ་བ་དང་། གནས་པ་དང་། མི་རྟག་པ་དང་། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས། སོ་སོའི་སྐྱེ་བོ་དང་། འཇུག་པ་དང་། སོ་སོར་ངེས་པ་དང་། འབྱོར་འབྲེལ་བ་དང་། མགྱོགས་པ་དང་། གོ་རིམས་དང་། དུས་དང་། ཡུལ་དང་། གྲངས་དང་། ཚོགས་པ་རྣམས་ཡིན།(41)གོང་གི་འདི་དག་ཐམས་ཅད་ནི་གཟུགས་མ་ཡིན་པ་གང་ཞིག ཤེས་པའང་མ་ཡིན་པར་སེམས་དང་མཚུངས་པར་ལྡན་པ་མ་ཡིན་པའི་འདུ་བྱེད་ཡིན་དགོས་ལ། དེའི་ནང་གསེས་ཀྱི་དབྱེ་བ་ཕལ་ཆེར་ནི་དུས་དང་འབྲེལ་བ་དམ་པོ་ཡོད་དེ། དཔེར་ན་སྐྱེ་བ་དང་། གནས་པ་དང་། རྒ་བ་དང་། མི་རྟག་པ་དང་། མགྱོགས་པ་དང་། གོ་རིམ་སོགས་ལྟ་བུའོ།།
གཞན་ཡང་དུས་ནི་སྔ་ཕྱིའི་གོ་རིམ་དང་རྒྱུ་འབྲས་ཀྱི་འབྲེལ་བའམ། ཡང་ན་གཞི་དངོས་པོ་གཅིག་གི་སྐྱེས་གནས་འཇིག་གསུམ་གྱི་བྱུང་རིམ་ལ་སྦྱར་ནས་བཤད་ན། སྤྱིར་བཏང་དུ་དུས་ནི་འདས་མ་འོངས་ད་ལྟ་གསུམ་སྟེ་དུས་གསུམ་ཡོད་དེ། དུས་གསུམ་སོ་སོའི་མཚན་ཉིད་ནི། རང་དུས་ན་སྐྱེས་ལ་མ་འགག་པ་དེ་ད་ལྟ་བའི་མཚན་ཉིད། རང་གི་དགག་བྱའི་དངོས་པོ་དེ་སྐྱེས་བའི་རྒྱུ་ཡོད་ཀྱང་རྐྱེན་མ་ཚང་བའི་དབང་གིས་རེ་ཞིག་མ་སྐྱེས་པའི་ཆར་གྱུར་པའི་མེད་འགག་དེ། མ་འོངས་པའི་མཚན་ཉིད། རང་གི་དགག་བྱའི་དངོས་པོ་སྐྱེས་ཟིན་ཞིག་པའི་ཆར་གྱུར་པའི་མེད་འགག་དེ། འདས་པའི་མཚན་ཉིད་ཡིན་ནོ།། དུས་གསུམ་གྱི་མཚན་ཉིད་ནི་ཚད་མའི་བསྟན་བཅོས་སོ་སོ་ཕལ་ཆེར་མི་མཐུན་པ་མེད་དེ། ཡིན་ན་ཡང་ནང་བའི་གྲུབ་མཐའ་སོ་སོས་དུས་གསུམ་འདོད་ཚུལ་ནི་གོང་དུ་བཤད་མ་ཐག་བཞིན་ཁྱད་པར་ཡོད་པ། དེ་ཡང་སྤྱིར་བཏང་གི་བཤད་སྲོལ་ལྟར་ན་ཚད་མ་རིག་པ་ནི་མདོ་སེམས་གཉིས་ཀྱི་ལྟ་བ་གཙོ་བོར་བསྟན་པ་ཡིན་ཏེ། ནང་སྒོས་སུ་ཚད་མ་རྣམ་འགྲེལ་གྱི་ལེའུ་སྔ་མ་གཉིས་ནི་མདོ་སྡེ་བ་དང་། ཕྱི་མ་གཉིས་ནི་སེམས་ཙམ་པའི་ལྟ་བ་གཙོ་བོར་བསྟན་པ་ཡིན་ནོ།།(42) དེ་ལྟར་ན་ཚད་མ་རིག་པར་བཤད་པའི་དུས་གསུམ་གྱི་རྣམ་གཞག་དེ་ནི་མདོ་སེམས་གཉིས་ཀྱི་ལྟ་བ་ཡིན་དགོས་ལ། གཙོ་བོ་ནི་མདོ་སྡེ་བའི་ལྟ་བ་ཡིན་དགོས། དེའི་སྟབས་བོད་ཀྱི་མཁས་པ་རྣམས་ཀྱིས་གྲུབ་མཐའི་གཞུང་དུ་མདོ་སྡེ་བའི་དུས་གསུམ་གྱི་རྣམ་གཞག་འཆད་དུས་གཙོ་བོ་དེ་དང་བྱེ་བྲག་སྨྲ་བ་སོགས་ཀྱི་ཁྱད་པར་བཤད་པ་མ་གཏོགས་རྒྱས་པར་མི་འཆད་དོ།།
དེ་བཞིན་དུ་ཚད་མ་རིག་པའི་དུས་གསུམ་གྱི་རྣམ་གཞག་འཆད་པ་ལ། བསེ་བསྡུས་གྲྭ་ལྟར་ན། སྐྱེས་ལ་མ་འགག་པ་དེ་ད་ལྟ་བའི་མཚན་ཉིད། མྱུ་གུ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་དུས་ནི་མྱུ་གུའི་རྒྱུ་དུས་དང་། མྱུ་གུ་སྐྱེ་དུས་ནི་མྱུ་གུ་སྐད་ཅིག་དང་པོའི་དུས་ལྟ་བུ། མྱུ་གུ་གནས་དུས་ནི་མྱུ་གུ་སྐད་ཅིག་སྔ་ཕྱི་བར་གསུམ་གའི་དུས་དེ་ལྟ་བུ། མྱུ་གུ་འཇིག་དུས་ནི་མྱུ་གུའི་རང་དུས་དེ་ལས་དེའི་སྐད་ཅིག་གཉིས་པའི་དུས་དང་མྱུ་གུའི་འབྲས་བུ་སྐད་ཅིག་དང་པོའི་དུས་གཉིས་ཀ་ལྟ་བུའོ།། དངོས་པོ་དེ་སྐྱེ་བའི་རྒྱུ་ཡོད་ལ་རྐྱེན་མ་ཚང་བའི་དབང་གིས་རེ་ཞིག་མ་སྐྱེས་པའི་ཆར་གྱུར་པའི་མེད་འགག་དེ་མ་འོངས་པའི་མཚན་ཉིད།(43) མྱུ་གུའི་མ་འོངས་པ་དང་མྱུ་གུའི་མ་འོངས་པའི་དུས་གཉིས་མི་གཅིག་སྟེ། མྱུ་གུའི་རྒྱུ་དུས་དེ་མྱུ་གུ་མ་འོངས་པའི་དུས་ཡིན་ལ་མྱུ་གུའི་མ་འོངས་པ་མ་ཡིན། མྱུ་གུའི་རྒྱུ་དུས་སུ་མྱུ་གུ་མ་སྐྱེས་པའི་ཆ་དེ་མྱུ་གུའི་མ་འོངས་པ་ཡིན་ལ་མྱུ་གུའི་མ་འོངས་པའི་དུས་མ་ཡིན་ནོ།། རང་གི་དགག་བྱའི་དངོས་པོ་དེ་ཞིག་པའི་ཆར་གྱུར་པའི་མེད་འགག་དེ་འདས་པའི་མཚན་ཉིད། མྱུ་གུའི་འདས་པ་དང་མྱུ་གུའི་ཞིག་པ་གཉིས་དོན་གཅིག མྱུ་གུའི་འདས་པ་དང་མྱུ་གུའི་འདས་པའི་དུས་གཉིས་མི་གཅིག་སྟེ། མྱུ་གུའི་འབྲས་དུས་དེ་མྱུ་གུའི་འདས་པའི་དུས་ཡིན་ལ་མྱུ་གུའི་འདས་པ་མ་ཡིན། མྱུ་གུའི་ཞིག་པ་དེ་མྱུ་གུའི་འདས་པ་ཡིན་ལ་མྱུ་གུའི་འདས་པའི་དུས་མ་ཡིན་ནོ།།(44)
གཞན་ཡང་བུམ་པའི་འདས་པ་དང་། བུམ་པའི་འདས་པའི་དུས་དང་། བུམ་པ་ལ་ལྟོས་ཏེ་འདས་པ་དང་། འདས་པའི་བུམ་པ་ཞེས་པ་རྣམས་དོན་མི་གཅིག་སྟེ། དང་པོ་བུམ་པའི་འདས་པ་ནི། བུམ་པ་ཞིག་པའི་ཆར་གྱུར་པའི་མེད་དགག་ཡིན་པས་རྟག་པ་ཡིན་པ་དང་། གཉིས་པ་བུམ་པ་འདས་པའི་དུས་ནི། བུམ་པ་ཞིག་པའི་དུས་ཚོད་ལ་བྱེད་པ་ཡིན་པས་དངོས་པོ་དང་། གསུམ་པ་བུམ་པ་ལ་ལྟོས་ཏེ་འདས་པ་ཞེས་པ་ནི་བུམ་པའི་རྒྱུ་དང་བུམ་པའི་སྔ་ལོགས་སུ་བྱུང་བའི་དངོས་པོ་རྣམས་བུམ་པ་ལ་ལྟོས་ན་དེ་དག་འདས་པར་གྱུར་ཕྱིར། བུམ་པའི་སྔ་ལོགས་ཀྱི་དངོས་པོ་རྣམས་བུམ་པ་ལ་ལྟོས་ཏེ་འདས་པ་ཡིན་ཡང་། སྤྱིར་འདས་པ་མ་ཡིན་པར་ད་ལྟ་བ་ཡིན་པ་དང་། བཞི་བ་འདས་པའི་བུམ་པ་ཞེས་པ་ནི། འདས་པ་དང་བུམ་པ་གཉིས་ཀ་ཡིན་པར་གོ་རྒྱུ་ཡིན་ལ། དེ་གཉིས་ཀ་ཡིན་པའི་བུམ་པ་ཡོད་ན། བུམ་པ་ཞིག་པའང་ཡིན། བུམ་པ་ཡང་ཡིན་པ་ཡོད་དགོས་ལ། དེ་འདྲ་མེད་པས་དེ་གཞི་མ་གྲུབ་པའི་ཕྱིར་རོ།།(45) དེ་བཞིན་དུ་བུམ་པའི་མ་འོངས་པ་དང་། བུམ་པའི་མ་འོངས་པའི་དུས་དང་། བུམ་པ་ལ་ལྟོས་ཏེ་མ་འོངས་པ་དང་། མ་འོངས་པའི་བུམ་པ་ཞེས་པ་རྣམས་ཡང་དོན་མི་གཅིག་སྟེ། དང་པོ་བུམ་པའི་མ་འོངས་པ་ནི། ཡུལ་དུས་འགར་བུམ་པ་མ་སྐྱེས་པའི་ཆར་གྱུར་པའི་མེད་དགག་ཡིན་པས་རྟག་པ་ཡིན་ལ། གཉིས་པ་བུམ་པའི་མ་འོངས་པའི་དུས་ནི་བུམ་པ་མ་སྐྱེས་པའི་དུས་ཀྱི་ཡུན་ཚད་ལ་གོ་བས་དངོས་པོ་ཡིན། གསུམ་པ་བུམ་པ་ལ་ལྟོས་ཏེ་མ་འོངས་པ་ནི། བུམ་པའི་འབྲས་བུ་སོགས་བུམ་པའི་རང་དུས་སུ་མ་སྐྱེས་པའམ་མ་འོངས་པ་ཡིན་པས་བུམ་པའི་ཕྱི་ལོགས་སུ་བྱུང་བའི་དངོས་པོ་ཐམས་ཅད་དང་། བཞི་བ་མ་འོངས་པའི་བུམ་པ་ནི། མ་སྐྱེས་པའི་ཆར་གྱུར་པའི་མ་འོངས་པའང་ཡིན། སྐྱེས་ཟིན་གྱི་བུམ་པ་ཡང་ཡིན་པའི་གཞི་མཐུན་ལ་བྱེད་པ་ཡིན་པས་དེ་འདྲ་གཞི་མ་གྲུབ་བོ།།(46)
དེ་ཡང་དུས་འདས་མ་འོངས་གཉིས་ནི་དུས་ད་ལྟ་བ་ལ་ལྟོས་ནས་བཞག་པ་ཡིན་ཏེ། ད་ལྟ་བ་ལ་མ་ལྟོས་ན་འདས་མ་འོངས་གཉིས་འཇོག་ཚུལ་མེད་ལ་རྟོགས་ཚུལ་ཡང་མེད་པ། མདོ་སྡེ་བའི་ལུགས་སམ་ཚད་མའི་གཞུང་ལྟར་ན། འདས་མ་འོངས་གཉིས་ནི་རྟག་པ་ཡིན་ལ། ད་ལྟ་བ་ནི་དངོས་པོ་ཡིན་པ། རང་དུས་ན་སྐྱེས་ལ་མ་འགག་པའི་ཆོས་དེ་ད་ལྟ་བའི་མཚན་ཉིད། སྐྱེས་ལ་མ་འགག་པ་ཡིན་ན་ད་ལྟ་བ་ཡིན་པས་ཁྱབ་ཀྱང་། མ་འགག་པ་ཡིན་ན་ད་ལྟ་བ་ཡིན་པས་མ་ཁྱབ་སྟེ། རྟག་པ་རྣམས་ལ་སྐྱེས་འགག་མེད་ཅིང་དངོས་པོ་མ་ཡིན་པའི་ཕྱིར།(47) དེ་བཞིན་དུ་དངོས་པོ་ཡིན་ན་སྐྱེས་ཟིན་པ་ཡིན་པས་ཁྱབ་སྟེ། སྐྱེས་དགོས་ཀྱི་དངོས་པོ་མེད་པའི་ཕྱིར། དངོས་པོ་ཡིན་ན་སྐྱེས་ལ་མ་འགག་པ་ཡིན་པས་ཁྱབ། འགགས་ཟིན་གྱི་དངོས་པོ་མེད་པའི་ཕྱིར།(48) དངོས་པོ་ཡིན་ན་འགག་བཞིན་པ་ཡིན་པས་ཁྱབ།(49) དངོས་པོ་ཡིན་ན་རང་དུས་སྐད་ཅིག་གཉིས་པར་མི་སྡོད་པས་ཁྱབ་པའི་ཕྱིར། དེར་ཐལ། དངོས་པོ་ཡིན་ན་རང་དུས་སྐད་ཅིག་གཉིས་པར་འཇིག་པས་ཁྱབ་པའི་ཕྱིར།(50)
སྤྱིར་དུས་ནི་འདས་མ་འོངས་ད་ལྟ་གསུམ་དུ་ངེས་ལ།མདོ་སྡེ་བའི་ལུགས་སམ་ཚད་མའི་གཞུང་ལུགས་ལྟར་ན། འདས་མ་འོངས་པ་གཉིས་ནི་རྟག་པ་དང་། ད་ལྟ་བ་ནི་དངོས་པོ་ཡིན་གྱི། ཡིན་ན་ཡང་འདས་དང་མ་འོངས་པའི་དུས་གཉིས་ནི་དངོས་པོ་ཡིན་ལ། ནང་སྒོས་སུ་ལྡན་མིན་འདུ་བྱེད་ཡིན་ཏེ། དུས་ཡིན་པའི་ཕྱིར། ད་ལྟ་བ་ནི་དངོས་པོ་ཡིན་པས། ད་ལྟ་བ་ལ་གཟུགས་ཤེས་ལྡན་མིན་གསུམ་ཡོད་དེ། དངོས་པོ་ཡིན་པའི་ཕྱིར། ད་ལྟ་བའི་དུས་ནི་ལྡན་མིན་འདུ་བྱེད་ཡིན་པས་ཁྱབ་སྟེ། དུས་ཡིན་པའི་ཕྱིར། གཞན་ཡང་། དུས་གསུམ་ནི་སྐད་ཅིག་སྔ་ཕྱི་བར་གསུམ་ལ་ལྟོས་ནས་བཞག་པ་ཡིན་ཏེ། འདས་པའི་དུས་སོགས་ནི་ད་ལྟར་གྱི་དུས་ཚོད་ལ་ལྟོས་ཏེ་དེ་ཡན་ཆད་དུ་སོང་ཟིན་པའི་དུས་ཀྱི་ཡུན་ནི་འདས་པའི་དུས་དང་། དེ་ཕྱིན་ཆད་འབྱུང་འགྱུར་གྱི་དུས་ནི་མ་འོངས་པའི་དུས་དང་། དུས་དེ་གཉིས་བར་གྱི་དུས་ནི་ད་ལྟར་གྱི་དུས་ལ་བྱེད་པས། དུས་ཚོད་ཀྱི་དུས་གསུམ་ནི་འགལ་བ་ཡིན། གཞན་ཡང་དེ་དག་ཐམས་ཅད་ནི་དངོས་པོ་ཡིན་པས།དུས་གསུམ་གང་རུང་ཡིན་ན། ད་ལྟ་བའི་དུས་ཡིན་པས་མ་ཁྱབ་ཀྱང་ད་ལྟ་བ་ཡིན་པས་ཁྱབ་པའི་ཕྱིར་རོ།།(51) གཞན་དུ་ན་གཞི་གཅིག་ལ་ལྟོས་པའི་འདས་མ་འོངས་ད་ལྟ་བ་གསུམ་དུས་མཉམ་མེད་པས་ཁྱབ་ཀྱང་། སྤྱིར་འདས་སོགས་དུས་མཉམ་དུ་གྲུབ་པ་ཡིན་ཏེ། བུམ་པའི་སྔ་ལོགས་སུ་བུམ་པའི་མ་འོངས་དང་། ཕྱི་ལོགས་སུ་བུམ་པའི་འདས་པ་དང་། རང་དུས་སུ་བུམ་པའི་ད་ལྟ་བ་གྲུབ་པ་བཞིན་གཞན་ཐམས་ཅད་ལ་འདྲ་བས། གཞི་གཅིག་གི་འདས་སོགས་དུས་མཉམ་དུ་མེད་པ་གང་ཞིག བུམ་པ་ལ་སོགས་པའི་རང་དུས་ད་ལྟ་བ་དང་།བུམ་པའི་དུས་སུ་བུམ་པའི་རྒྱུ་འགག་པ་ལ་སོགས་པའི་འདས་པ་དང་། བུམ་པའི་དུས་སུ་བུམ་པའི་འབྲས་བུ་མ་སྐྱེས་པའི་ཆ་མ་འོངས་པ་སོགས་དུས་མཉམ་དུ་གྲུབ་པའི་ཕྱིར་རོ།།(52)
མདོར་ན་དུས་ནི་དངོས་པོ་སྟེ་ལྡན་མིན་འདུ་བྱེད་ཡིན་པ་རྩོད་པ་མེད་ལ། དུས་གསུམ་གྱི་རྣམ་གཞག་ལ་གྲུབ་མཐའ་སོ་སོའི་འདོད་ཚུལ་མི་འདྲ་སྟེ། བྱེ་སྨྲ་བ་དང་ཐལ་འགྱུར་བ་གཉིས་ཀྱིས་དུས་གསུམ་ནི་དངོས་པོ་ཡིན་པ་མཐུན་པར་སྨྲ་བ་དང་། ཐལ་འགྱུར་བས་དུས་གསུམ་ནི་དངོས་པོ་ཡིན་ལ་རྒྱུ་རྐྱེན་ལས་གྲུབ་ཅིང་རྟེན་ཅིང་འབྲེལ་བ་ཡིན་པར་འདོད་དེ།རྟག་པ་ནི་དུས་དང་བྲལ་བ་ཡིན་ནོ།། མདོ་སེམས་སོགས་ཀྱི་ལྟ་བ་གཞིར་བཞག་པའི་ཚད་མ་རིག་པའི་དུས་གསུམ་གྱི་རྣམ་གཞག་ལྟར་ན། ད་ལྟ་བ་ནི་དངོས་པོ་ཡིན་པ་མ་གཏོགས་འདས་མ་འོངས་གཉིས་ནི་རྟག་པ་ཡིན། དངོས་པོ་ཡིན་ན་ད་ལྟ་བ་ཡིན་པས་ཁྱབ་སྟེ། འདས་པའི་དངོས་པོ་དང་མ་འོངས་པའི་དངོས་པོ་ནི་མེད་པའི་ཕྱིར། དངོས་པོ་ཡིན་ན་སྐྱེས་ཟིན་པ་ཡིན་པ་ཁྱབ་སྟེ། སྐྱེས་དགོས་པའི་དངོས་པོ་མེད་པའི་ཕྱིར།དངོས་པོ་ཡིན་ན་སྐྱེས་ལ་མ་འགག་པས་ཡིན་པས་ཁྱབ་སྟེ།འགགས་ཟིན་པའི་དངོས་པོ་མེད་པའི་ཕྱིར་རོ།། ཡིན་ན་ཡང་དངོས་པོའི་འདས་པ་དང་མ་འོངས་པ་ནི་ཡོད་དེ། རྟོག་པས་བཏགས་པའི་བློར་ཡོད་པ་དེ་ཡིན་པའི་ཕྱིར། དེ་གཉིས་ནི་མེད་འགག་ཡིན་པས་རྟག་པ་ཡིན་ནོ།།
མཇུག་བསྡུ་བ།
དོན་གྱིས་མིའི་རིགས་ནི་དུས་ཀྱི་འདུ་ཤེས་ནང་དུ་འཚོ་ཞིང་གནས་པ་ཞིག་ཡིན་ལ། མི་རིགས་སོ་སོར་ད་བར་མངའ་བའི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན། ཐ་ན་མི་རིགས་སོ་སོའི་ལོ་རྒྱུས་སོགས་ཀྱང་དུས་ཀྱི་རྒྱུན་གྱིས་གྲུབ་པའི་དུས་རབས་སོ་སོར་སྐྲུན་པ་ཡིན་པས།དུས་ཀྱི་འདུ་ཤེས་ནི་མི་རིགས་སོ་སོའི་འཚོ་གནས་འཕེལ་གསུམ་ལ་མེད་དུ་མི་རུང་པ་ཡིན། དེ་དང་ཆབས་གཅིག་ཏུ་མི་རིགས་སོ་སོའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོར་སོ་སོའི་ཐོན་སྐྱེད་དང་འཚོ་གནས་ཀྱི་བརྒྱུད་རིམ་ནང་དུ་རང་རང་གི་དུས་ཀྱི་རྣམ་གཞག་ཅིག་ཀྱང་རིམ་བཞིན་དུ་བྱུང་ཞིང་ཆགས་པ་རེད། དེ་ཡང་གནའ་དེང་གི་མཁས་པ་དང་རྒྱལ་ཁབ་ཕྱི་ནང་གི་ཚན་རིག་མཁས་ཅན་དང་མཚན་ཉིད་རིག་པ་སྨྲ་བ་རྣམས་ཀྱིས་དུས་ཀྱི་རྣམ་གཞག་འཇོག་ཚུལ་སྣ་ཚོགས་པ་གནང་ཡོད་དེ། མཁས་པ་ལ་ལས་དུས་ནི་དངོས་པོའི་གནས་ལུགས་ཤིག་ཡིན་པར་བཤད་ལ། ལ་ལས་དུས་ནི་བྱ་དངོས་ཀྱི་འགྱུར་ལྡོག་དང་འབྲེལ་བར་བསམ་པ། གཞན་ཁ་ཅིག་གིས་དུས་ནི་དངོས་རྫས་ཀྱི་འགུལ་བསྐྱོད་དང་། མྱུར་ཚད་དང་། ལྗིད་ཚད་སོགས་དང་འབྲེལ་བ་དམ་པོ་ཡོད་པར་བརྗོད་དེ། མགྱོགས་ཤིང་ལྗིད་ན་ལྟོས་བཅས་ཀྱིས་དུས་ཡུན་ཐུང་ཞིང་དལ་བ་དང་། དལ་ཞིང་ཡང་ན་དུས་ནི་ལྟོས་བཅས་ཀྱིས་མྱུར་ཞིང་རིང་བར་སྣང་ཟེར། ཡང་ཁ་ཅིག་གིས་དུས་ནི་ཆུ་རྒྱུན་བཞིན་དུ་བར་མི་ཆད་པར་བཞུད་ཅིང་འདས་ལ་ཕྱི་རོལ་ཡུལ་གྱི་བྱ་དངོས་དང་འབྲེལ་བ་མེད་ཟེར། ལ་ལས་དུས་ནི་མིའི་བསམ་བློ་འདུ་ཤེས་དང་ཡིད་ཀྱི་འཆར་སྣང་ཞིག་ཡིན་པར་འདོད་ལ། ལ་ལས་དུས་ནི་འདས་ཟིན་པའི་བྱ་དངོས་ཕྱིར་དྲན་པ་དང་འབྱུང་འགྱུར་མ་འོངས་པ་ལ་བློ་སེམས་ཕྱོགས་པ་ཙམ་ཡིན་ཟེར། གཏན་ཚིགས་རིག་པའི་མཁས་པ་རྣམས་ཀྱིས་དུས་ལ་འདས་མ་འོངས་ད་ལྟ་གསུམ་གྱི་སྒོ་ནས་དུས་ངོས་འཛིན་བྱེད་དེ། དུས་ད་ལྟ་བ་ལྟོས་གཞིར་བཟུང་ནས་འདས་མ་འོངས་གཉིས་འཇོག་པ། ཡིན་ན་ཡང་ད་ལྟ་བའི་ལྟོས་གཞི་ནི་གང་ལ་འཛིན་དགོས་པ་དང་། ད་ལྟ་བ་གཞིར་བཟུང་ནས་ད་ལྟ་བ་ངོས་འཛིན་བྱས་ན་གཞི་འགལ་དུ་གྱུར་པ་དང་། འདས་མ་འོངས་གཉིས་སོ་སོ་ལྟོས་གཞིར་བཟུང་ནས་ད་ལྟ་བ་སོགས་ངོས་འཛིན་བྱས་ན་ཅི་ལྟར་གྱུར་པ་སོགས་མིའི་བློ་རིག་གི་མཐའ་ཟད་པའི་ཚོད་དུ་འགྲོ་ཞིང་འཛད་མཐའ་མེད་པའི་གནས་སུ་གྱུར་ཟེར། དེ་བཞིན་དུ་དུས་ཀྱི་རྣམ་གཞག་ནི་རྣམ་པའི་ཆ་ནས་སྣ་མང་རྙོག་འཛིང་ཅན་དུ་ཕྱིན་ཡོད་ལ། དུས་ཀྱི་མཚན་ཉིད་ལ་ནི་ལྟ་ཅི་དུས་ཀྱི་གོ་དོན་དང་ངོ་བོ་སོགས་ཀྱང་སྨྲ་བསམ་བརྗོད་ལས་འདས་པའི་ཚད་དུ་གྱུར་ཡོད་པའོ།།
བོད་ཀྱི་སྲོལ་རྒྱུན་གྱི་དུས་ཀྱི་རྣམ་གཞག་ལྟར་ན། ཐོག་མར་དུས་ཀྱི་འདུ་ཤེས་ནི་ཉི་ཟླ་སྐར་གསུམ་གྱི་འཆར་ནུབ་དང་རྩྭ་རྩི་ཤིང་སོགས་ཀྱི་སྐྱེ་འཇིག་གི་རང་བྱུང་འགྱུར་ལྡོག་ལས་བྱུང་བ་ཡིན་ལ། རྗེས་སུ་རིམ་བཞིན་རང་གི་ཉམས་མྱོང་ཕྱོགས་སྡོམ་དང་གཞན་གྱི་ཤེས་རིག་བསྡུ་ལེན་གྱིས་དུས་ཀྱི་རྣམ་གཞག་ཆ་ཚང་ཞིང་གཏིང་ཟབ་པ་ཞིག་གྲུབ་ཡོད་དེ། དེ་ཡང་བོད་ཀྱི་ཤེས་རིག་ཁྱབ་ཁོངས་སོ་སོའི་དུས་ཀྱི་རྣམ་གཞག་ཕྱོགས་སྡོམ་བྱས་ན། དུས་ནི་གཟུགས་དང་ཤེས་པ་གང་ཡང་མ་ཡིན་པའི་ལྡན་མིན་འདུ་བྱེད་དུ་འདོད་པ་དང་། རྣམ་པའི་སྟེང་ནས་དབྱེ་ན་དུས་ནི་འདས་མ་འོངས་ད་ལྟ་གསུམ་དུ་འབྱེད་པ་དང་། འདས་མ་འོངས་ད་ལྟ་གསུམ་ཡང་གོང་དུ་བཤད་པ་བཞིན་རྟག་དངོས་ཅི་རིགས་སུ་འདོད་པ། ཡིན་ན་ཡང་དངོས་གཞི་གཅིག་ལ་སྦྱར་ན་འདས་མ་འོངས་ད་ལྟ་གསུམ་ནི་འགལ་བ་ཡིན་ཏེ།དངོས་པོ་ཐམས་ཅད་ནི་མིའི་བསམ་བློ་འདུ་ཤེས་སུ་དུས་གསུམ་གྱི་རྣམ་པར་གནས་པ་ཡིན་ལ། དོན་དངོས་སུ་ད་ལྟ་བའི་ཚུལ་དུ་གནས་པ། འདས་མ་འོངས་གཉིས་ཀྱི་ལྟོས་གཞི་ནི་ད་ལྟ་བ་ཡིན་ཏེ། འདས་མ་འོངས་གཉིས་ནི་ད་ལྟ་བར་ལྟོས་ནས་བཞག་པ་ཡིན་ནོ།།
མདོར་ན་བོད་མིའི་དུས་ཀྱི་འདུ་ཤེས་སམ་དུས་ཀྱི་ཚོད་ངོས་འཛིན་པའི་ལོ་རྒྱུས་ནི་ཤིན་ཏུ་སྔ་ལ། བོད་ཀྱི་དུས་ཀྱི་རྣམ་གཞག་ཀྱང་རྒྱུད་རིམ་ལྡན་ཞིང་ཆ་ཚང་བ་ཞིག་ཡིན་པ་མ་ཟད་སྤྱི་ཚོགས་འཚོ་བ་དང་ཐོན་སྐྱེད་ལས་རིམ་དུ་རྒྱ་ཁྱབ་ཏུ་ལག་ལེན་བྱེད་པ་ཡིན་ཏེ། དུས་ཀྱི་རྣམ་གཞག་དེ་དག་ནི་བོད་ཀྱི་མེས་པོ་རྣམས་ཀྱིས་རང་གི་ཡུན་རིང་བའི་སྤྱི་ཚོགས་ལོ་རྒྱུས་འཕེལ་རྒྱས་ཀྱི་རྒྱུད་རིམ་དུ། རང་ཉིད་འཚོ་ཞིང་གནས་པའི་རང་བྱུང་ཁོར་ཡུག་གི་སྣང་ཚུལ་དང་འགྱུར་ལྡོག་ལ་ཡང་དང་ཡང་དུ་བརྟག་དཔྱད་དང་ཤེས་རྟོགས་བྱས་ནས་རང་གི་ཞིང་འབྲོག་གི་ཐོན་སྐྱེད་དང་སྤྱི་ཚོགས་འཚོ་བའི་ཉམས་མྱོང་ལས་བྱུང་བ་ཡིན་པ་བཤད་མ་དགོས་པ་རེད། དེ་ལྟ་བུའི་བསམ་བློའི་འདུ་ཤེས་དང་ཤེས་རིག་ཞིག་ཡོད་པས་ད་གཟོད་མི་རིགས་གཞན་ཀྱི་དུས་ཀྱི་རྣམ་གཞག་དང་ལེན་དང་རང་གི་དུས་ཀྱི་གོ་དོན་དང་རྣམ་གཞག་གཏིང་ཇེ་ཟབ་དང་ཆ་ཇེ་ཚང་དུ་གྱུར། དེ་བས་གནའ་བོའི་རྒྱ་གར་གྱི་ཚད་མ་རིག་པ་དང་ནང་དོན་རིག་པ་སོགས་མཚན་ཉིད་རིག་པའི་དུས་ཀྱི་རྣམ་གཞག་དག་དང་ལེན་བྱེད་ཐུབ་པ་བྱུང་བ་མ་ཟད་རང་གི་བསམ་བློའི་གཅེས་ནོར་དུའང་གྱུར། དེར་བརྟེན་བོད་ལ་ལོའི་ཟླ་ཚེས་གསུམ་དང་དུས་ཚིགས་བཞི། སྐྱེས་གནས་འཇིག་སྟོང་། སྐྱེས་རྒ་ན་འཆི་སོགས་འཚོ་བ་དངོས་དང་འབྲེལ་བའི་དུས་ཚོད་སྐོར་གྱི་བསམ་བློའི་འདུ་ཤེས་དག་དང་། འགྲོ་བ་རིགས་དྲུགའཁོར་བ་དང་འཁོར་བ་ལས་འདས་པ། ཚེ་སྔ་ཕྱི། ལས་རྒྱུ་འབྲས། རྟེན་འབྲེལ་ཡན་ལག་བཅུ་གཉིས། དུས་གསུམ་སངས་རྒྱས་སོགས་ཆོས་ཕྱོགས་ཀྱི་དུས་ཀྱི་འདུ་ཤེས་དག་ནི་དམངས་ཁྲོད་དུ་རྒྱ་ཁྱབ་དང་གཏིང་ཟབ་ཏུ་ཆགས་ཡོད་པ།དེ་མིན་དུས་གསུམ་གྱི་རྣམ་གཞག་ནི་སྤྱི་ཚོགས་འཚོ་བ་དང་རིག་པའི་གཞུང་ལུགས་དག་ཏུའང་རྒྱ་ཁྱབ་ཏུ་ལག་བསྟར་བྱས་པས། རིགས་པའི་གཞུང་ལུགས་ཀྱི་རིན་ཐང་མཆིས་པ་མ་ཟད་ལག་ལེན་གྱི་དོན་སྙིང་ཡང་ལྡན་པ་རེད། དེ་ཡང་དམངས་ཁྲོད་ཀྱི་འཚོ་བའི་ཉམས་མྱོང་ལྟར་ན་འདས་མ་འོངས་ད་ལྟ་གསུམ་ནི་བདེན་པར་གྲུབ་པ་ཡིན་ཏེ། དེར་བརྟེན་བོད་མི་རྣམས་ཀྱིས་ད་ལྟའི་གནས་བབ་ལ་རྐང་པ་གཙུགས་ནས་འདས་པའི་ལོ་རྒྱུས་ལ་ཕྱི་མིག་བལྟ་ཞིང་མ་འོངས་འབྱུང་འགྱུར་གྱི་མདུན་ལམ་ལ་ཡིད་སྨོན་དང་རེ་འདུན་གྱི་ཕུགས་བསམ་ཡང་རྒྱང་དུ་བརྐྱངས་སོ།།
དཔྱད་གཞིའི་ཡིག་ཆ།
1. སི་ཏུ་ཆོས་ཀྱི་སྣང་བ། 《ཀརྨ་སི་ཏུའི་སུམ་རྟགས་འབྲེལ་ཆེན》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2003ལོའི་ཟླ་2པ།
2. པྲ་ཏི་རིན་ཆེན་དོན་གྲུབ། 《པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་སུམ་རྟགས་དགོངས་འགྲེལ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1980ལོའི་ཟླ་10པ།
3.ཚེ་ཏན་ཞབས་དྲུང་། 《ཐོན་མིའི་ཞལ་ལུང》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1980ལོའི་ཟླ་11པ།
4.དོར་ཞི་གདོང་དྲུག་སྙེམས་བློ། 《བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987ལོའི་ཟླ་6པ།
5. དཔའ་རིས་སངས་རྒྱས། 《བརྡ་སྤྲོད་གསལ་བྱེད་ངག་སྒྲོན》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1998ལོའི་ཟླ་9པ།
6. འཇམ་དབྱངས་བཞད་པའི་རྡོ་རྗེ། 《གྲུབ་མཐའི་རྣམ་བཤད་ཀུན་བཟང་ཞིང་གི་ཉི་མ》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1992ལོའི་ཟླ་8པ།
7.དཀོན་མཆོག་འཇིགས་མེད་དབང་པོ། 《གྲུབ་མཐའ་རིན་ཆེན་ཕྲེང་བ》 མི་རིགས་དཔེ་སྐྲུན་ཁང་། 1996ལོའི་ཟླ་2པ།
8. ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། 《ཐུའུ་བཀྭན་གྲུབ་མཐའ》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1984ལོའི་ཟླ་4པ།
9.བློ་བཟང་རྡོ་རྗེ། 《ཀུན་མཁྱེན་ལམ་བཟང་གསལ་བའི་རིན་ཆེན་སྒྲོན་མེའི་སྣང་བ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1989ལོའི་ཟླ་12པ།
10.བསེ་ངག་དབང་བཀྲ་ཤིས། 《ཚད་མའི་དགོངས་དོན་རྩ་འགྲེལ་མཁས་པའི་མགུལ་རྒྱན》 མི་རིགས་དཔེ་སྐྲུན་ཁང་། 1985ལོའི་ཟླ་10པ།
11.དུང་དཀར་བློ་བཟང་འཕྲིན་ལས། 《གྲུབ་མཐའི་སྐོར་གྱི་རྣམ་བཤད》 མི་རིགས་དཔེ་སྐྲུན་ཁང་། 2004ལོའི་ཟླ་3པ།
12.དམུ་དགེ་བསམ་གཏན། 《ཤེས་བྱའི་རྣམ་གྲངས་བློ་གསལ་རིགས་སྒོ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1981ལོའི་ཟླ་10པ།
13.འབྲུག་རྒྱལ་མཁར་གྱིས་སྒྲིག། 《ཀུན་མཁྱེན་ཡབ་སྲས་ཀྱི་གསུང་རྩོམ་མཁོ་བསྡུས》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1997ལོའི་ཟླ་2པ།
14.བློ་བཟང་ཆོས་གྲགས། 《ཚད་མ་རིག་པའི་སྤྱི་དོན་རིགས་གཞུང་རྒྱ་མཚོའི་འཇུག་ངོགས》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1998ལོའི་ཟླ་8པ།
15.多识仁波:《藏传佛教认识论》,甘肃民族出版社,2010年12月。
16.黄明信:《黄明信藏学文集:藏历研究》,中国藏学出版社,2007年12月。
མཆན་འགྲེལ།
①②黄明信:《黄明信藏学文集:藏历研究》,中国藏学出版社,2007年12月,第51页;第52页。
③དམུ་དགེ་བསམ་གཏན། 《ཤེས་བྱའི་རྣམ་གྲངས་བློ་གསལ་རིགས་སྒོ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1981ལོའི་ཟླ་10པ། p.63
④⑤སི་ཏུ་ཆོས་ཀྱི་སྣང་བ། 《ཀརྨ་སི་ཏུའི་སུམ་རྟགས་འབྲེལ་ཆེན་མཁས་པའི་མགུར་རྒྱན་མུ་ཏིག་ཕྲེང་མཛེས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2003ལོའི་ཟླ་2པ། p.6 p.156
⑥⑦⑧པྲ་ཏི་རིན་ཆེན་དོན་གྲུབ། 《པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་སུམ་རྟགས་དགོངས་འགྲེལ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1980ལོའི་ཟླ་10པ། p.78 p.78 p.79
⑨⑩ཚེ་ཏན་ཞབས་དྲུང་། 《ཐོན་མིའི་ཞལ་ལུང》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1980ལོའི་ཟླ་11པ། p.235-236 p.236
⑾⑿⒀དཔའ་རིས་སངས་རྒྱས། 《བརྡ་སྤྲོད་གསལ་བྱེད་ངག་སྒྲོན》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1998ལོའི་ཟླ་9པ། p.254 p.256 p.257
⒁དཔའ་རིས་སངས་རྒྱས། 《བརྡ་སྤྲོད་གསལ་བྱེད་ངག་སྒྲོན》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1998ལོའི་ཟླ་9ནང་། p.262-265
⒂⒃དོར་ཞི་གདོང་དྲུག་སྙེམས་བློ། 《བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987ལོའི་ཟླ་6པ། p.151-157 p.162-177
⒄⒅དོར་ཞི་གདོང་དྲུག་སྙེམས་བློ། 《བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987ལོའི་ཟླ་6པ། p.147 p.148
⒆⒇དཀོན་མཆོག་འཇིགས་མེད་དབང་པོ། 《གྲུབ་མཐའ་རིན་ཆེན་ཕྲེང་བ》 མི་རིགས་དཔེ་སྐྲུན་ཁང་། 1996ལོའི་ཟླ་2པ། p.11-12 p.15
(21)(22)(23)(24)(25)(26)(27)དཀོན་མཆོག་འཇིགས་མེད་དབང་པོ། 《གྲུབ་མཐའ་རིན་ཆེན་ཕྲེང་བ》 མི་རིགས་དཔེ་སྐྲུན་ཁང་། 1996ལོའི་ཟླ་2པ། p.13 p.14 p.16 p.24 p.24 p.24 p.31
(28)(29)(30) བློ་བཟང་རྡོ་རྗེ། 《ཀུན་མཁྱེན་ལམ་བཟང་གསལ་བའི་རིན་ཆེན་སྒྲོན་མེའི་སྣང་བ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1989ལོའི་ཟླ་12པ། p.115 p.117 p.119
(31)(32)ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། 《ཐུའུ་བཀྭན་གྲུབ་མཐའ》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1984ལོའི་ཟླ་4པ། p.32 p.33
(33)(34)(35) དུང་དཀར་བློ་བཟང་འཕྲིན་ལས། 《གྲུབ་མཐའི་སྐོར་གྱི་རྣམ་བཤད》 མི་རིགས་དཔེ་སྐྲུན་ཁང་། 2004ལོའི་ཟླ་3པ། p.327 p.350-351 p.431
(36)དཀོན་མཆོག་འཇིགས་མེད་དབང་པོ། 《གྲུབ་མཐའ་རིན་ཆེན་ཕྲེང་བ》 མི་རིགས་དཔེ་སྐྲུན་ཁང་། 1996ལོའི་ཟླ་2པ། p.43
(37)བློ་བཟང་ཆོས་གྲགས། 《ཚད་མ་རིག་པའི་སྤྱི་དོན་རིགས་གཞུང་རྒྱ་མཚོའི་འཇུག་ངོགས》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1998ལོའི་ཟླ་8པ། p.461
(38)དམུ་དགེ་བསམ་གཏན། 《ཤེས་བྱའི་རྣམ་གྲངས་བློ་གསལ་རིགས་སྒོ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1981ལོའི་ཟླ་10པ། p.58
(39)(40)དམུ་དགེ་བསམ་གཏན། 《ཤེས་བྱའི་རྣམ་གྲངས་བློ་གསལ་རིགས་སྒོ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1981ལོའི་ཟླ་10པ། p.62-63 p.70
(41)དུང་དཀར་བློ་བཟང་འཕྲིན་ལས། 《དུང་དཀར་ཚིག་མཛོད་ཆེན་མོ》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོའི་ཟླ་4པ། p.1170-1171
(42)དུང་དཀར་བློ་བཟང་འཕྲིན་ལས། 《གྲུབ་མཐའི་སྐོར་གྱི་རྣམ་བཤད》 མི་རིགས་དཔེ་སྐྲུན་ཁང་། 2004ལོའི་ཟླ་3པ། p.356
(43)(44) སེ་ངག་དབང་བཀྲ་ཤིས། 《ཚད་མའི་དགོངས་དོན་རྩ་འགྲེལ་མཁས་པའི་མགུལ་རྒྱན》 མི་རིགས་དཔེ་སྐྲུན་ཁང་། 1985ལོའི་ཟླ་10པ། p.258 p.259
(45)བློ་བཟང་ཆོས་གྲགས། 《ཚད་མ་རིག་པའི་སྤྱི་དོན་རིགས་གཞུང་རྒྱ་མཚོའི་འཇུག་ངོགས》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1998ལོའི་ཟླ་8པ། p.451-452
(46)(47)(48)(49)(50)(51)(52)བློ་བཟང་ཆོས་གྲགས། 《ཚད་མ་རིག་པའི་སྤྱི་དོན་རིགས་གཞུང་རྒྱ་མཚོའི་འཇུག་ངོགས》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1998ལོའི་ཟླ་8པ། p.453-454p.455 p.456 p.457 p.458 p.459 p.460
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1