ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཞིང་ཆེན་ཧྲིག་ཉིན་རྫོང་ཞ་ཏང་ཞང་གི་མང་ཚོགས་རྣམས་ལ་འཕྲིན་ལན་བསྐུར།
རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 08-07
ཟླ་བརྒྱད་པའི་ཚེས་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཞིང་ཆེན་ཧྲིག་ཉིན་རྫོང་ཞ་ཏང་ཞང་གི་མང་ཚོགས་རྣམས་ལ་འཕྲིན་ལན་བསྐུར་ཏེ། ཁོ་ཚོ་དབུལ་ཐར་བྱས་པར་རྟེན་འབྲེལ་ཞུས་པ་དང་། ཁོ་ཚོར་ཆུ་ཐིགས་རྡོ་འབིགས་ཀྱི་སྙིང་སྟོབས་དར་སྤེལ་བྱས་ཏེ་ཞང་སྡེ་དར་སྤེལ་བགྲོད་ལམ་དུ་གང་ལེགས་སྒོས་སྐྱོད་དགོས་པའི་སྐུལ་མ་བཏང་།
ཞི་ཅིན་ཕིང་གིས་འཕྲིན་ཡིག་ནང་གསུངས་རྒྱུར། ཞ་ཏང་ཞང་གི་མང་ཚོགས་རྣམས་དབུལ་ཐར་བྱས་ཏེ་འཚོ་བ་སྔར་ལས་སྐྱིད་པོ་རོལ་བཞིན་པ་རྟོགས་རྗེས་ང་རང་ཧ་ཅང་དགའ་སྤྲོ་སྐྱེས་བྱུང་ལ། མང་ཚོགས་རྣམས་ལ་ལྷག་བསམ་རྣམ་དག་སྒོས་རྟེན་འབྲེལ་ཞུས་པ་ཡིན་ཟེར།
ཞི་ཅིན་ཕིང་གིས་གསུངས་རྒྱུར། སྐབས་དེར་ཞ་ཏང་ཞང་དུ་བསྐྱོད་པའི་རྣམ་པ་དེ་ད་ལྟའི་བར་ང་རང་གིས་བརྗེད་ཐབས་མེད། ལོ་སུམ་ཅུ་ལྷག་ལ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཞ་ཏང་ཞང་གི་འགྲིམ་འགྲུལ་དང་ཐོན་སྐྱོད་སོགས་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པས། མང་ཚོགས་རྣམས་ལ་བདེ་སྐྱིད་ཚོར་སྣང་དང་ཐོབ་ཚོར་དྲག་པོ་སྐྱེས་པ་དང་། དེ་ལས་ཆུ་ཐིགས་རྡོ་འབིགས་ཀྱི་གནས་ལུགས་བདེན་དཔང་བྱས་ཡོད་ཟེར།
ཞི་ཅིན་ཕིང་གིས་གསུངས་རྒྱུར། ཞ་ཏང་ཞང་གི་མང་ཚོགས་རྣམས་ཀྱིས་མུ་མཐུད་དུ་ཆུ་ཐིགས་རྡོ་འབིགས་ཀྱི་སྙིང་སྟོབས་དར་སྤེལ་བྱས་ཏེ། ཆོད་སེམས་ཇེ་བརྟན་དུ་གཏོང་བ་དང་འབད་བརྩོན་ལྷོད་མེད་སྒོས་དབུལ་སྐྱོར་བྱ་བ་བཟང་བོར་བསྒྲུབ་ནས། རྒྱུན་མཐུད་སྒོས་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཧུར་ཐག་སྒོས་མཛེས་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་དགོས་པར་མ་ཟད། ཧྥུའུ་ཅན་གྱི་ཁྱད་ཆོས་ལྡན་པའི་ཞང་སྡེ་དར་སྤེལ་བགྲོད་ལམ་དུ་སྐྱོད་དགོས་ཟེར།
ཞ་ཏང་ཞང་ནི་ཧྥུའུ་ཅན་ཤར་ཕྱོགས་ཀྱི་ཉིན་ཏིའི་རི་ཁུལ་དུ་ཆགས་ཡོད་པ་དང་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་མཇུག་བར་དུ་ཞང་ཡོངས་ལ་གཞུང་ལམ་གཅིག་ཀྱང་མེད་པ་དང་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་མིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཞིང་ཆེན་དུ་བྱ་བ་སྒྲུབ་སྐབས། ཞ་ཏང་ཞང་དུ་སོང་ནས་དབུལ་སྐྱོར་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས། ཉེ་ལམ་མང་ཚོགས་རྣམས་ཀྱི་མངག་བཅོལ་ལྟར། ཞ་ཏང་ཞང་གི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་དྲུག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ཏེ་ཞ་ཏང་ཞང་གི་མང་ཚོགས་དབུལ་ཐར་བྱས་པའི་གཏམ་བཟང་ཡར་ཞུ་བྱས་ནས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱས།