༄༅།། རྒྱལ་རབས་གསང་བ་ཆོས་ལུགས་དང་འབྲེལ་ཏེ་རུ་པ་ཏིའི་གཏམ་རྒྱུད་དང་ཀརྞའི་བྱུང་རབས་ལ་དཔྱད་པ།
གཡང་མོ་མཚོ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 08-07
གཡང་མོ་མཚོ།
[ནང་དོན་གནད་བསྡུས།] རྩོམ་འདིར་བོད་ཀྱི་རྒྱལ་རབས་གསང་བ་ཆོས་ལུགས་དང་འབྲེལ་བའི་རུ་པ་ཏིའི་གཏམ་དེ་ཉིད་ཐོག་མར་ཇི་ལྟར་བྱུང་བ་དང་བར་དུ་རྒྱུ་དང་རྐྱེན་གང་དག་ལ་བརྟེན་ནས་འཕེལ་འགྲིབ་ཇི་འདྲར་གྱུར་བའི་དོན་ལ་དཔྱད་ཡོད་ཅིང་། བོད་དུ་གྲགས་དང་མ་གྲགས་པའི་《མ་ཧཱ་བྷ་ར་ཏ་》ཡི་འབྲེལ་ཡོད་གཏམ་རྒྱུད་དག་གི་གུང་ཅུང་ཟད་བསྒྲིགས་ནས། དེར་འཁོད་པའི་ཀརྞའི་སྒྲུང་གི་བྱུང་རབས་དང་བོད་དུ་གྲགས་ཆེ་བའི་རུ་པ་ཏིའི་གཏམ་རྒྱུད་གཉིས་ལ་ཕྱོགས་དུ་མ་ནས་གོ་བསྡུར་གྱིས་གསང་བ་ཆོས་ལུགས་ཀྱི་གཞི་འཛིན་གཙོ་བོ་རུ་པ་ཏིའི་གཏམ་གྱི་ཕྱི་མོ་བཙལ་ནས་བསྒྲུབས་ཡོད་དོ།།
[བརྡ་ཆད་གཙོ་བོ།] གསང་བ་ཆོས་ལུགས། རུ་པ་ཏི། ཀརྞ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-01-0018-21
ཧིནྡིའི་ལུགས་ཀྱི་རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་དུ་བྱུང་བ་འདི་འདྲ་ཞིག་ཡོད་དེ།① ཉིན་ཞིག་ལ་རྒྱལ་པོ་རཱ་མ་ཎའི་མཛུབ་དཀྲིས་གློ་བུར་དུ་ལྷུང་སྟེ་སའི་འོག་ཏུ་ནུབ་ནས་མི་མངོན་པར་གྱུར་བས་ཧ་ནུ་མན་ཐ་ཀླུའི་ཡུལ་དུ་མཛུབ་དཀྲིས་འཚོལ་བར་མངགས་ཤིང་། ཀླུའི་རྒྱལ་པོས་ཧ་ནུ་མན་ཐ་ལ་རཱ་མ་ཎའི་མཛུབ་དཀྲིས་དང་ཡོངས་སུ་མཚུངས་པའི་མཛུབ་དཀྲིས་སྟོང་ཕྲག་གཅིག་བསྟན་ཏེ་དེ་དག་ལས་མ་ནོར་བར་ལེན་དགོས་ཚུལ་བཤད་ནས། མི་ཡུལ་དུ་རྒྱལ་པོ་རཱ་མ་ཎ་སྟོང་ཕྲག་གཅིག་བྱོན་ཚུལ་དང་རྒྱལ་པོ་རེ་རེ་ལ་མཛུབ་དཀྲིས་དེ་ལྟ་བུ་རེ་རེ་ཡོད་ཚུལ། རྒྱལ་པོ་རེ་རེ་ཚེ་ལས་འདས་ཁར་ཁོང་ཅག་གི་མཛུབ་དཀྲིས་ཀླུའི་ཡུལ་དུ་ལྷུང་སྲོལ་ཡོད་པའི་དོན་སོགས་སྨོས་ལ། མཐར་ཧ་ནུ་མན་ཐས་རྒྱལ་པོའི་མཛུབ་དཀྲིས་གང་ཡིན་པར་མ་ཤེས་པས་འུ་ཐུག་སྟེ་མི་ཡུལ་དུ་ཕྱིར་ལོག་པར་གྲགས།② གལ་ཏེ་མི་ཡུལ་དུ་རྒྱལ་པོ་རཱ་མ་ཎ་སྟོང་བྱོན་པ་དང་དེ་དག་ལ་མཛུབ་དཀྲིས་སྟོང་ཡོད་པར་བཤད་པའི་སྒྲུང་འདི་རྒྱ་གར་གྱི་རིག་གནས་དང་འབྲེལ་ཆེ་བའི་ཨེ་ཤེ་ཡའི་ཡུལ་གྲུ་དག་ཏུ་རཱ་མ་ཎའི་གཏམ་རྒྱུད་དར་ཁྱབ་ཆེ་བའི་དོན་དང་མཉམ་དུ་སྦྱར་ན་གོ་རྒྱུ་མང་སྟེ། དར་ཚུལ་དང་གྲགས་ཚུལ་གྱི་ཆ་ནས་ཡོངས་སུ་ཕྱོགས་མཚུངས་པ་མིན་མོད་མི་རིགས་དང་ཡུལ་ཕྱོགས་སོ་སོར་རང་རང་ལུགས་ཀྱི་རཱ་མ་ཎའི་གཏམ་རྒྱུད་མི་འདྲ་བ་རེ་ཡོད་པར་མངོན་ལ།དེ་ཡང་བོད་ལ་མཚོན་ན་ཞང་ཞུང་ཆོས་དབང་གྲགས་པའི་(1404-1469/71) 《རཱ་མ་ཎའི་གཏམ་རྒྱུད་》ནི་གྲགས་ཆེ་ཞིང་།སྒྲུང་རབས་འདི་ཨེ་ཤེ་ཡའི་ཡིག་རིགས་ཉི་ཤུ་ལྷག་ལ་བསྒྱུར་ནས་ཡུལ་གྲུ་དེ་དག་ཏུ་ཡིག་ངག་སོགས་རྣམ་པ་ཅི་རིགས་ཀྱིས་དར་ནས་ཡུལ་དེ་དག་གི་ལོ་རྒྱུས་དང་རིག་གནས། སྤྱི་ཚོགས་སོགས་ལ་དངོས་བརྒྱུད་གང་རུང་གིས་ཤན་ཤུགས་ཐེབས་དང་ཐེབས་ཀྱིན་ཡོད་པས།③ ཀླུའི་རྒྱལ་པོས་རྒྱལ་པོ་རཱ་མ་ཎ་ལ་སྐྱེ་བ་སྟོང་གཅིག་བྱུང་སྟེ་མི་ཡུལ་ལ་རིམ་པར་མངའ་མཛད་ཚུལ་བསྟན་པའི་གཏམ་རྒྱུད་འདི་ཡང་ཡུལ་ཕྱོགས་ཀུན་ཏུ་རཱ་མ་ཎའི་གཏམ་རྒྱུད་ལ་འཕྲིན་ལས་ཤིན་ཏུ་རྒྱས་པར་གྱུར་བ་དང་ཤིན་ཏུ་འཕྲོད། 《རཱ་མ་ཡ་ཎ་》དང་འབྲེལ་ཆེ་བའི་《མ་ཧཱ་བྷ་ར་ཏ་》ལ་དོན་འདི་སྦྱར་ན་ཡང་ཤིན་ཏུ་འབྱོར་ཏེ། ཡུལ་ཕྱོགས་དང་མི་རིགས་སོ་སོར་དར་བའི་《མ་ཧཱ་བྷ་ར་ཏ་》ཡི་གཏམ་རྒྱུད་ལའང་ཡུལ་ཕྱོགས་དེ་དག་གི་ཁྱད་ཆོས་གྲུབ།④ སྐྱ་སེང་བུ་ལྔ་དང་དགྲ་ངན་དཔུང་ཚོགས་བར་གྱི་གཏམ་རྒྱུད་ཅི་རིགས་བརྗོད་གཞིར་བྱས་པའི་《མ་ཧཱ་བྷ་ར་ཏ་》ལའང་རིགས་དང་རྣམ་གྲངས་མང་དུ་མཆིས་ཤིང་། བོད་སྔ་མའི་ཤེས་རབ་དང་འགྲོགས་པའི་སྨྱུག་རྩེ་ལས་《མ་ཧཱ་བྷ་ར་ཏ་》ཡི་གཏམ་རྙིང་དག་བོད་ནས་དར་ཅིང་འཕེལ་ལ། བར་སྐབས་ཤིག་ལ་བོད་ཀྱི་རྒྱལ་རབས་གསང་བ་ཆོས་ལུགས་དང་འཕྲད་དེ་རུ་པ་ཏིའི་གཏམ་གྱི་སྒོ་མོ་རྣམ་པར་ཕྱེས་ནས་བོད་ཀྱི་རྒྱལ་པོ་ཐོག་མའི་འཆད་ལུགས་སྒོ་ཀུན་ནས་རྒྱས་པར་མཛད།
དང་པོ། གསང་བ་ཆོས་ལུགས་ཀྱི་གཞུང་སྣ་ཚོགས་ནས་བསྟན་པའི་རུ་པ་ཏིའི་སྐོར་བཤད་པ།
རྒྱལ་རབས་གསང་བ་ཆོས་ལུགས་ནི་གོང་མ་རྗེའི་གདུང་རབས་ཇི་ལྟར་བྱོན་ཚུལ་གྱི་རྣམ་གཞག་དག་ལས་བོད་ཀྱི་རྒྱལ་པོའི་གདུང་ཁུངས་རྒྱ་གར་ལ་གཏུགས་ཏེ་འཆད་པའི་ཡན་ལག་ཅིག་ལ་གོ་ཞིང་། འདོད་ཚུལ་གྱི་ཆ་ནས་གསང་བསྒྲགས་ཡང་གསང་དུ་བསྡུས་པའི་འཆད་ལུགས་གསུམ་ནི་ཉང་རང་ཉི་མ་འོད་ཟེར་(1124-1192)དང་མཁས་པ་ལྡེའུ་ལྟ་བུའི་བོད་ཀྱི་མཁས་པ་སྔ་མ་དག་གི་དགོངས་པ་དང་རྩོལ་བར་བརྟེན་ནས་གྲུབ་པར་གྱུར། རྒྱུ་མཚན་དེའི་ཕྱིར་དུས་རབས་བཅུ་གཉིས་པ་ཙམ་ནས་བཟུང་བོད་དུ་གྲགས་ཆེ་བའི་རྒྱལ་པོའི་གདུང་ཁུངས་ཀྱི་བརྗོད་ལུགས་ལ་རྣམ་པ་གསུམ་སྟེ།དེ་དག་ནི་《ཡི་གེ་ལྷ་གྱེས་ཅན་》ཁུངས་གཙོ་བོར་བྱས་པའི་བསྒྲགས་པ་བོན་ལུགས་དང་། 《བཀའ་ཆེམས་ཀ་ཁོལ་མ་》ལྟ་བུ་ཁུངས་གཙོ་བོར་བྱས་པའི་གསང་བ་ཆོས་ལུགས། ལྡེའུ་ཆོས་འབྱུང་གཉིས་དང་《ཡུམ་བུ་བླ་སྒང་གི་དཀར་ཆག་འབྲིང་པོ་》ལྟ་བུ་ཁུངས་གཙོ་བོར་བྱས་པའི་ཡང་གསང་ཐེའུ་རང་ལུགས་བཅས་ཡིན། དེ་ཡང་ཐ་སྙད་ཀྱི་སྐབས་སུ་བརྡའི་གྲགས་ཚུལ་དང་འཇུག་ཚུལ་ལ་དཔྱད་བྱ་མང་ཕྱིར་གནས་སྐབས་འདི་དང་ཉེ་བར་འབྲེལ་བའི་བརྡའི་འཇུག་ཡུལ་གསལ་བར་བྱ་རྒྱུ་ནི་གལ་ཆེ་བར་བསམས་ལ། གསང་བསྒྲགས་ཡང་གསང་གཙོས་པའི་ཐ་སྙད་འདི་དག་མཐའ་གཅིག་ཏུ་རྒྱལ་པོའི་གདུང་རབས་ཁོ་ན་དང་འབྲེལ་བར་འདོད་ན་མི་འོས་ཏེ། ཚུལ་འདི་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱི་འཁྲུངས་རབས་རྣམ་ཐར་ལ་བལྟས་པས་རྟོགས་པར་འགྱུར་ལ། མི་ཤིགས་གཡུང་དྲུང་འབྱུང་གནས་རྩལ་གྱིས་མཛད་པའི་《རྒྱལ་སྲས་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་མདོར་དྲིལ་བ་བསྒྲགས་པ་བོན་ལུགས་ལྟར་བསྟན་པ་བཞུགས་སོ་》བྱ་བར།⑤རེ་ཞིག་གདུལ་བྱ་ཐུན་མོང་སྣང་ངོ་རུ།། རྣམ་པར་ཐར་པ་ཕྱོགས་རེར་མཚོན་པ་ལས།། བསྒྲགས་པ་བོན་གྱི་ལུང་བྱང་ལས་བྱུང་བ།། ཆ་ཤས་ཙམ་ཞིག་བརྗོད་ན་འདི་ལྟ་སྟེ།། ཞེས་པ་ལྟ་བུ་དང་ཡང་དེའི་གནས་སྐབས་གཞན་དག་ཏུ་བྲིས་པའི་གནས་ཚུལ་དག་གཞིར་བཟུང་ན།⑥རྣམ་ཐར་འདིས་བསྒྲགས་པ་བོན་ལུགས་ཀྱི་འདོད་ཚུལ་ལྟར་སློབ་དཔོན་པདྨ་འབྱུང་གནས་ཀྱི་རིགས་རུས་གདུང་ཁུངས་འཆད་ཅིང་། དེར་བརྟེན་ཕྱོགས་གཅིག་ནས་བསྒྲགས་པ་བོན་ལུགས་སོགས་ནི་མཐའ་གཅིག་ཏུ་རྒྱལ་པོ་ཐོག་མའི་རིགས་རུས་དང་གདུང་ཁུངས་ཁོ་ནའི་རྣམ་གཞག་ཙམ་མ་ཡིན་པར། སྐྱེས་བུ་ཆེན་པོ་དག་གི་རྣམ་ཐར་ལོ་རྒྱུས་ལའང་སྦྱོར་སྲོལ་ཡོད་པར་མངོན་ལ། ཡང་ཕྱོགས་གཞན་ཞིག་ནས་བྱེ་བྲག་གི་རྒྱལ་རབས་འཆད་ལུགས་ཀྱང་བོད་དུ་རྣམ་ཐར་རྩོམ་རིག་དར་བའི་སྤྱི་ཁོག་དང་འབྲལ་ཐབས་མེད་ཅིང་། བསྟན་པ་ཕྱི་དར་ལ་རྣམ་ཐར་འབྲི་སྲོལ་ཤིན་ཏུ་དར་ཆེ་བར་གྱུར་བ་འདིས་རྒྱལ་པོའི་ལོ་རྒྱུས་འཆད་ཚུལ་ལའང་ཤན་ཤུགས་ངེས་ཅན་ཐེབས་ཡོད་པས་ཐ་སྙད་འདི་དག་གི་འཇུག་ཚུལ་འདིའི་རིགས་ཀྱིས་རྒྱལ་རབས་དང་རྣམ་ཐར་བར་གྱི་འབྲེལ་བ་ཟབ་མོ་ཞིག་མཚོན་ཡོད་སྙམ། འདིར་བརྗོད་པའི་གསང་བ་ཆོས་ལུགས་ནི་རྒྱལ་པོ་ཐོག་མའི་རྣམ་གཞག་ཁོ་ན་ལ་གོ་ཞིང་། དེ་ཡང་སྐབས་ལ་ལར་གྲགས་པ་ཆོས་ལུགས་ཞེས་སུ་གྲགས་མོད། འདིར་གཅིག་ནས་ཡོངས་གྲགས་དང་མང་ཕྱོགས་ཀྱི་ལུགས་ལ་བསྟུན་པ་དང་། གཉིས་ནས་རྩོམ་འདིའི་དཀྱུས་ཀྱི་སྐབས་སྐབས་སུ་ལུགས་འདིར་གསང་བ་ཞེས་པའི་མིང་ཐོགས་པའི་རྒྱུ་མཚན་དུ་མ་རིམ་གྱིས་ཞུ་འདོད་པ་དག་ལ་གཞིགས་ནས་དེ་ལྟར་དུ་བཞག་གོ།
གཅིག 《ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པའི་རྒྱ་ཆེར་འགྲེལ་བ་》དང་བུད་མེད་དུ་བརྫུས་པའི་རུ་པ་ཏི། གསང་བ་ཆོས་ལུགས་ལ་ཡན་ལག་གི་འདོད་ཚུལ་མི་འདྲ་བ་མང་སྟེ། བོད་ཀྱི་མི་རྗེ་ཐོག་མ་རྒྱལ་པོ་གཉའ་ཁྲི་བཙན་པོ་ནི་གདུང་རྒྱུད་ཀྱི་རྒྱལ་པོ་སྟེ་ཤཱཀྱ་རི་བྲག་པའི་རིགས་རྒྱུད་དམ། ཤཱཀྱ་ལི་ཙ་བྱིའམ། ཤཱཀྱ་ཆེན་པོའི་རིགས་རྒྱུད་དུ་འདོད་པའི་ལུགས་ཆེན་པོ་གསུམ་ཡོད་ལ། དེའི་དང་པོར་རྒྱལ་པོ་སྐྱ་སེང་གི་བུ་རུའམ་རྒྱལ་པོ་དམག་བརྒྱ་བའི་བུ་རུ་འདོད་པའི་ལུགས་གཉིས་དང་། གཉིས་པར་རྒྱལ་པོ་གཟུགས་ཅན་སྙིང་པོའི་བུ་རུ་འདོད་པའམ་རྒྱལ་པོ་གསལ་རྒྱལ་གྱི་བུ་རུ་འདོད་པ་བཅས་རང་ལུགས་གཉིས་ཡོད་པས།རྒྱ་གར་གྱི་རྒྱལ་རྒྱུད་གང་ལ་གཏུགས་པ་ནི་ལུགས་དེ་དག་གི་རྩ་བའི་ཁྱད་པར་དུ་ངེས་མོད། རྒྱལ་པོ་སྐྱ་སེང་ངམ་དམག་བརྒྱ་བ། གཟུགས་ཅན་སྙིང་པོ་སོགས་གདུང་རྒྱུད་གང་དུ་འདོད་རུང་རྩ་བའི་ཆ་ནས་བོད་ཀྱི་རྒྱལ་པོ་ཐོག་མ་ནི་ཕྱི་ནང་གི་རྒྱུ་རྐྱེན་ངེས་ཅན་གྱི་དབང་གིས་བོད་དུ་ཕེབས་པའི་རུ་པ་ཏི་བྱ་བའམ་ཁོང་གི་བུ་རྒྱུད་ཡིན་པར་འདོད་པ་ནི་《བཀའ་ཆེམས་ཀ་ཁོལ་མ་》སོགས་ཀྱིས་མཚོན་པའི་རྒྱལ་རབས་གསང་བ་ཆོས་ལུགས་ཀྱི་གཞུང་མང་གི་ཁས་ལེན་དུ་སྣང་བའི་དབང་གིས། རུ་པ་ཏིའི་གཏམ་གྱི་ཁུངས་དང་སྤྱི་ཁོག་ངེས་པར་བྱ་རྒྱུ་ནི་རྒྱལ་རབས་གསང་བ་ཆོས་ལུགས་ཀྱི་གསང་བ་རྟོགས་པའི་གནད་ཅིག་ཏུ་མཐོང་།
རུ་པ་ཏིའི་སྐོར་གྱི་གཏམ་ཐོག་མ་ནི་བསྟན་འགྱུར་སྣ་ཚོགས་སྡེ་ཚན་གྱི་པོད་དང་པོར་བཞུགས་པའི་《ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པ་》ཡི་འགྲེལ་བ་《ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པའི་རྒྱ་ཆེར་འགྲེལ་བ་》ཞེས་པར་གྲགས་ཤིང་།དེ་ལས། རུ་པ་ཏི་ཞེས་བྱ་བའི་རྒྱལ་པོ་དཔུང་གི་ཚོགས་གཅིག་དང་བཅས་པ་གཡུལ་འགྱེད་པའི་ཚེ། བུད་མེད་ཀྱི་ཆ་ལུགས་སུ་བྱས་ཏེ་བྲོས་ནས་རི་ཁ་བ་ཅན་གྱི་རི་ཁྲོད་དུ་ཞུགས་ཏེ།གནས་པའི་རིགས་ལས་དེང་སང་ན་ཡང་བོད་ཅེས་བྱ་བར་གྲགས་པ་ཡིན་ནོ་ཞེས་གསལ་བ་འདི་ཉིད་ཡིན།⑦ 《ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པ་》ནི་ལྷ་དབང་ཕྱུག་ཆེན་པོ་ལ་མཆོག་ཏུ་དད་པའི་མཐོ་བཙུན་གྲུབ་རྗེ་དང་བདེ་བྱེད་བདག་པོ་སྤུན་གཉིས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཉིད་སྲིད་པ་གསུམ་གྱི་བླ་མ་དམ་པ་ཡིན་པའི་ངེས་པ་རྙེད་དེ། མཐོ་བཙུན་གྲུབ་རྗེས་ཁྱད་པར་དུ་འཕགས་པའི་བསྟོད་པ་དང་། བདེ་བྱེད་བདག་པོས་ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པ་བརྩམས་ཏེ་ཐུབ་པའི་དབང་པོ་ལ་བསྟོད་པ་བྱས་པ་ལས་ཕྱི་མ་འདི་ཉིད་ཡིན་པ་དང་། དེའི་འགྲེལ་བ་《ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པའི་རྒྱ་ཆེར་འགྲེལ་བ་》ནི་རྒྱ་གར་གྱི་སློབ་དཔོན་ཤེས་རབ་གོ་ཆས་མཛད་ཅིང་ཕྱི་དར་ལ་ལོ་ཙཱ་བ་རིན་ཆེན་བཟང་པོས་(958-1055)བོད་ཡིག་ཏུ་བསྒྱུར་ལ། ཕྱིས་བཅོམ་ལྡན་རིག་པའི་རལ་གྲི་(1227-1305)སོགས་ཀྱི་སྐུ་དུས་སུ་བསྟན་འགྱུར་དུ་བསྡུས་ནས་འཕྲིན་ལས་དར། སྟོད་འགྲེལ་འདིར་རུ་པ་ཏིའི་གཏམ་ནི་སྐྱ་སེང་དང་འཐབ་དཀའི་དཔུང་ཚོགས་བར་གྱི་གཡུལ་འགྱེད་དང་འབྲེལ་ནས་བྱུང་སྟེ། ཁྱབ་འཇུག་གིས་གཡོ་སྒྱུའི་ཐབས་སྣ་ཚོགས་ལ་བརྟེན་ནས་སྲིད་སྒྲུབ་གཡུལ་ལ་བསྐུལ་བ་དང་། དེའི་རྣམ་སྨིན་གྱི་འབྲས་བུར་འཐབ་དཀའི་དཔུང་ཚོགས་བཅོ་བརྒྱད་ཡོངས་སུ་ཕམ་ནས་སྐྱ་སེང་གི་བུ་དག་རྣམ་པར་རྒྱལ་བའི་གནས་སྐབས་སུ། རུ་པ་ཏི་བྱ་བའི་འཐབ་དཀའི་དཔུང་གི་ཚོགས་གཅིག་བུད་མེད་ཀྱི་ཆས་སུ་ཞུགས་ཏེ་ཁ་བ་ཅན་གྱི་རི་ཁྲོད་དུ་བྲོས་ཤིང་དེ་དག་འཕེལ་བའི་རིགས་ལ་དེང་སང་བོད་ཅེས་བྱ་བར་གྲགས་པར་འདོད་པས། དེའི་དགོངས་གཞི་དངོས་ནི་སྔོན་རྩོད་ལྡན་གྱི་དུས་སུ་སྐྱ་སེང་སྤུན་གཉིས་སྲིད་ལ་མ་འཆམ་པར་འཐབ་པས་ན་ཕམ་པའི་ཕྱོགས་དེའི་དཔུང་ཚོགས་གཅིག་བྲོས་ཤིང་ཕྱིས་སུ་དེའི་རྒྱུད་དུ་བོད་འཕེལ་བའི་དོན་ཡིན་པར་སྣང་མོད། ཕྱི་དར་གྱི་རྗེས་སུ་བོད་ཀྱི་བཀའ་བསྟན་བསྡུ་མཁན་དག་གིས་བསྟོད་འགྲེལ་འདི་བསྟན་འགྱུར་དུ་བསྡུས་ཏེ་ཀུན་ལ་ཡོངས་སུ་གྲགས་པར་བརྟེན། བོད་ཀྱི་མཁས་པའི་སྡེ་རུ་སློབ་དཔོན་ཤེས་རབ་གོ་ཆའི་དགོངས་པ་ལ་གོ་བ་ལེན་སྟངས་མི་འདྲ་བ་བྱུང་བ་དང་། བོད་ཀྱི་ཆོས་འབྱུང་ལོ་རྒྱུས་དག་ཏུའང་རུ་པ་ཏིའི་གཏམ་མང་དུ་འཕེལ་ཏེ་བོད་ཀྱི་རྒྱལ་རབས་གསང་བ་ཆོས་ལུགས་ཀྱི་གཏམ་གཙོ་བོར་གྱུར་ཏོ།།
གཉིས། རུ་པ་ཏིའི་གཏམ་རྒྱུད་གཞུང་ཤིང་དུ་བྱས་པའི་རྒྱལ་རབས་གསང་བ་ཆོས་ལུགས། སློབ་དཔོན་ཤེས་རབ་གོ་ཆས་བསྟོད་འགྲེལ་དུ་གསུངས་པའི་རུ་པ་ཏིའི་གཏམ་དེ་ཉིད་ཕྱིས་སུ་བོད་དུ་ཇི་ལྟར་བརྒྱུད་པའི་ཚུལ་བཤད་པ་ལ་མཚན་གཞི་མང་མོད། འདིར་ཡིག་ཚོགས་ལ་མ་འཛེམས་པར་གནད་ཆེ་བ་འགའ་དྲངས་ནས་སྨོས་ན། ཉང་རལ་ཉི་མ་འོད་ཟེར་གྱིས་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》དུ། ལ་ལས་སློབ་དཔོན་ཤེས་རབ་གོ་ཆས་མཛད་པའི་ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པའི་འགྲེལ་བར་རྒྱལ་པོ་སྐྱ་སེང་ལ་མི་མ་ཡིན་གྱི་བུ་ལྔ་བྱུང་བའི་རྒྱལ་རྒྱུད་ཀྱི་རིམ་པར་རྒྱལ་པོ་གཉའ་ཁྲི་བཙན་པོ་འཁྲུངས་པར་བསྟན་ཞེས་གསུངས་ཤིང་།⑧ ནེའུ་པཎྟི་ཏ་གྲགས་པ་སྨོན་ལམ་བློ་གྲོས་(དུས་རབས་བཅུ་གསུམ་པའི་སྐབས་)ཀྱིས་《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་》རུ། བོད་ཀྱི་རྒྱལ་ཁམས་ཆེན་པོ་འདིའི་བདག་པོར་གྱུར་བ་ནི། རི་བྲག་པ་སྐྱ་སེང་གེའི་བུ་ལྔ་ཚིགས་པ་ཡིན་པར། སློབ་དཔོན་ཤེས་རབ་གོ་ཆས་མཛད་པའི་ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པའི་འགྲེལ་པ་ལས་བཤད་ཅེས་པ་ལྟ་བུ་དང་།⑨ 《རྦ་བཞེད་》དུ། འདིར་སློན་དཔོན་ཤེས་རབ་གོ་ཆས་ལྷ་ལས་ཕུལ་དུ་བྱུང་བའི་འགྲེལ་ལས།རུ་པ་ཏི་ཞེས་བྱ་བའི་རྒྱལ་པོ་དཔུང་དང་བཅས་པ་གཡུལ་འགྱེད་པའི་ཚེ་བུད་མེད་ཀྱི་ཆསུ་བྱས་རེ་བྲོས་ནས་ཁ་བ་ཅན་གྱི་ཁྲོད་དུ་ཞུགས་ཏེ་གནས་པའི་རིགས་ལས་དེང་སང་ན་ཡང་བོད་ཅེས་བྱ་བར་གྲགས་པ་ཡིན་ནོ་ཞེས་གང་གསུངས་པ་འདི་ཡིནོ་ཞེས་བསྟོད་འགྲེལ་དང་དེའི་མཛད་པ་པོའི་མཚན་དངོས་སུ་སྨོས་ཏེ་ཁུངས་སུ་བསྟན་འདུག་ཅིང་།⑩ འབྲས་སྤུངས་གནས་བཅུ་ལྷ་ཁང་ཕྱི་ར་ཅན་གྱི་ཡིག་ཆ་ཨང་107པ་བོད་ཀྱི་རྒྱལ་རབས་ཡི་གེ་《བོད་དུ་མིའི་སྐྱེ་འགྲོ་བྱུང་ཚུལ་》བྱ་བ་རུ། ཡང་མངའ་བདག་མྱང་བན་ཉི་མ་འོད་ཟེར་གྱིས་ཆོས་འབྱུང་མེ་ཏོག་སྙིང་པོ་ཉི་མའི་བཅུད་ལས། རྒྱ་གར་རྒྱལ་པོ་དྲང་སྲོང་རྒྱས་པ་ཞེས་པ་ལ་བུ་ཡུལ་འཁོར་སྐྱོངས་དང་སྐྱ་སེང་གཉིས་བྱུང་། ཡུལ་འཁོར་སྐྱོང་ལ་བུ་དགྲ་ངན་དང་འཐབ་དགའ་སོགས་བརྒྱ་བྱུང་། སྐྱབས་སེང་ལ་བུ་སྲིད་སྒྲུབ་སོགས་ལྔ་བྱུང་། མཆེད་རྣམས་མ་ཆམ་པས་འཁྲུགས་པའི་ཚེ་ལྷ་ཁྱབ་འཇུག་ཆེན་པོས་སྐྱ་སེང་གི་བུ་སྲིད་བསྒྲུབས་ཀྱི་གྲོགས་བྱས་ཏེ་ཡུལ་འཁོར་སྐྱོངས་དགྲ་ངན་དཔུང་ཆེན་བཅོ་བརྒྱད་དང་བཅས་པ་རླག་པར་བྱས་སོ། དེའི་ཚེ་ཡུལ་འཁོར་སྲུང་གི་རིགས་དམག་བརྒྱ་པའི་བུ་ཆུང་ཤོས་རུ་པ་ཏི་བྱ་བ་འཁོར་བཅས་སྲིད་བསྒྲུབ་གྱི་དམག་གི་འཇིགས་ཤིང་སྐྲག རང་གི་ཇོ་ཇོ་བསད་པའི་འཁོར་མི་བྱའོ་ཞེས་བུད་མེད་ཀྱི་ཆས་སུ་ཞུག་སྟེ་ནས་རི་གང་ཅན་གྱི་ཁྲོད་དུ་བྲོས་ནས་འདུག་པ་དེའི་རིགས་ལས་འཕེལ་ལོ་ཞེས་ཉང་རལ་ཉི་མ་འོད་ཟེར་གྱི་ཆོས་འབྱུང་ཁུངས་སུ་མཛད་དེ་སྨོས་འདུག་པ་དང་།⑾ གྲུ་ཤུལ་དོན་དམ་སྨྲ་བའི་སེང་གེས་《བཤད་མཛོད་ཡིད་བཞིན་ནོར་བུ་》རུ་གསང་བ་ཆོས་ལུགས་འཆད་སྐབས། ང་རྒྱལ་པོ་དམག་བརྒྱ་པའི་བུ་ཆུང་བ་རུ་པ་སྐྱེས་བྱ་བ་ཡིན། ངའི་ཕ་དང་ཕོ་བོ་ཐམསད་རྒྱལོ་སྐྱབས་སེང་ཀྱི་བུས་བསད། ང་ཤུགས་པ་ཡིན་ཟེར་ཞེས་ཅུང་ཞིབ་ཕྲས་བཀོད་པ་སོགས་གུང་བསྒྲིགས་ན།⑿ བོད་ཀྱི་གསང་བ་ཆོས་ལུགས་ཀྱི་གཞུང་མང་པོར་རུ་པ་ཏི་ནི་དམག་བརྒྱ་བའི་བུ་ཡིན་པ་དང་། རང་ཕྱོགས་གཡུལ་ལས་ཕམ་སྟེ་བོད་དུ་བྲོས་པས་གཉའ་ཁྲི་བཙན་པོར་གསོལ་བར་བསྟན་པས། རུ་པ་ཏི་དམག་བརྒྱ་བའི་བུར་འདོད་པའི་ལུགས་གཅིག་མཆིས་ཤིང་། བསྟོད་འགྲེལ་གྱི་ལུགས་ལྟར་ན་རུ་པ་ཏི་ནི་དགྲ་ངན་འཐབ་དཀའི་དཔུང་ཚོགས་ཙམ་ལས་སྐྱ་སེང་ངམ་དམག་བརྒྱ་བ་གང་རུང་གི་སྲས་ཡིན་པར་ཞལ་མ་གསལ་བའི་ལུགས་གཅིག་མཆིས་པའི་མཚན་གཞི་ལ་ཤཱཀྱའི་རིགས་ཀྱི་བྱུང་བ་དང་རྒྱལ་རབས་གཙོ་བོར་བརྗོད་པའི་《ཉི་མའི་རིགས་ཀྱི་རྒྱལ་རབས་སྐྱེ་རྒུའི་ཅོད་པན་ཉི་ཟླའི་ཕྲེང་མཛེས་》སུ། དེ་ནས་སྐྱབས་སེང་གི་བུ་ལྔས་རྒྱལ་སྲིད་ཐམས་ཅད་བཟུང་ཞིང་ཁྲིམས་འཇགས་ནས་སྐྱེ་བོ་ཀུན་ལ་ཕ་སྤུན་གྱི་ལྷག་མ་རྣམས་གར་སོང་དྲིས་པ་ན། རྒྱལ་པོ་རུ་སི་ནི་ཞེས་པ་དམག་དང་བཅས་པ་གངས་རིའི་ཁྲོད་དུ་བྲོས་སོ་ཞེས་སྨྲས་པས། འོ་ན་ད་དུང་དེ་དག་བོས་ཤིག་ཅེས་བརྗོད་པས། དེ་རྣམས་ལ་བོད་བོད་ཅེས་གྲགས་ཏེ། ལེགས་སྦྱར་གྱི་སྐད་ལས་བྷོ་ཊ་ཞེས་ཟེར་རོ་ཞེས་འབྱུང་ངོ་།། དེ་ན་བོད་ཀྱི་རྒྱལ་པོ་རྣམས། རྒྱལ་པོ་རུ་སི་ནིའི་བརྒྱུད་དང་།འཁོར་རྣམས་ཀྱང་དེ་དག་གི་རིགས་ལས་འཕེལ་ལོ་ཞེས་མཁས་པ་དག་བཞེད་དོ་ཞེས་འཁོད་པ་ལྟ་བུས་ཤེས་སོ།།⒀
ལོ་ཆེན་རིན་ཆེན་བཟང་པོས་《ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པའི་རྒྱ་ཆེར་བཤད་པ་》བོད་དུ་བསྒྱུར་རྗེས་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་དག་ཏུ་རུ་པ་ཏི་དང་འབྲེལ་བའི་གཏམ་མང་དུ་འཕེལ་ཅིང་། དེ་ཡང་འཕེལ་ཚུལ་གྱི་ཆ་ནས་རུ་པ་ཏི་བྱ་བ་བོད་མི་སྤྱིའི་ཁུངས་སུ་འདོད་ཚུལ་དང་། བོད་ཀྱི་རྒྱལ་པོའི་ཆད་ཁུངས་སུ་འདོད་ཚུལ་གཉིས་མཆིས་པ་ལས་ཕྱི་མ་ནི་རྒྱལ་རབས་གསང་བ་ཆོས་ལུགས་ཀྱི་གཞུང་ཤིང་དུ་སོང་ཞིང་། རུ་པ་ཏི་བྱ་བ་དོན་དམ་དུ་གདུང་རྒྱུད་གང་ལ་ཐུག་པའི་གནད་དེ་ནི་རྒྱལ་པོ་གཉའ་ཁྲི་བཙན་པོའི་རིགས་རུས་གདུང་ཁུངས་དང་འབྲེལ་ཆེ་བས་བོད་ཀྱི་མཁས་པའི་སྡེ་རུ་སྐྱ་སེང་གི་བུའམ་དམག་བརྒྱ་བའི་བུ་རུ་འདོད་པ་སོགས་ཡན་ལག་གི་གཏམ་ཡང་སྣ་ཚོགས་བྱུང་སྟེ་གསང་བ་ཆོས་ལུགས་ཀྱི་རྣམ་གཞག་སྔར་ལས་ཞིབ་ཅིང་ཕྲ་བར་མཛད་དོ།།
གསུམ། 《བཀའ་ཆེམས་ཀ་ཁོལ་མ་》དང་རྩིས་མཁན་གྱི་ལུང་བསྟན། དེ་ཡང་གོང་དུ་སོང་བ་ལྟར་རུ་པ་ཏིའི་གཏམ་གྱི་ས་བོན་ནི་སློབ་དཔོན་ཤེས་རབ་གོ་ཆའི་བསྟོད་འགྲེལ་ལ་ཐུག་ཅིང་། ཕྱིས་རྣམ་གྲངས་མང་དུ་འཕེལ་བ་ནི་བོད་དུ་ནང་བའི་བཀའ་དང་བསྟན་བཅོས་བོད་ཡིག་ཏུ་རྒྱ་ཆེན་པོར་བསྒྱུར་བའི་ཡིག་སྒྱུར་གྱི་འཕྲིན་ལས་དང་། བོད་ཡིག་ཏུ་འགྱུར་རོ་ཅོག་བཀའ་བསྟན་དུ་བཞེངས་པའི་གསུང་རབ་ཀྱི་འཕྲིན་ལས་སོགས་དང་འབྲེལ་ཚུལ་ནི་《འཕགས་པ་འཇམ་དཔལ་གྱི་རྩ་བའི་རྒྱུད་》དང་། 《ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པའི་རྒྱ་ཆེར་འགྲེལ་པ་》དང་《ཁྱད་པར་དུ་འཕགས་པར་བསྟོད་པའི་རྒྱ་ཆེར་འགྲེལ་པ་》ལྟ་བུས་མཚོན་པའི་བཀའ་དང་བསྟན་བཅོས་བོད་དུ་འགྱུར་བ་དག་རྒྱལ་རབས་གསང་བ་ཆོས་ལུགས་ཀྱི་གཏམ་གྱི་འབྱུང་ཁུངས་སུ་སོང་བའི་དོན་ལ་བརྟགས་པས་ཤེས།
སྤྱིར་རུ་པ་ཏིའི་གཏམ་ནི་《དེབ་ཐེར་དམར་པོ་》དང་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》《རྒྱ་བོད་ཡིག་ཚང་ཆེན་མོ་》སོགས་ཀྱིས་མཚོན་པའི་བོད་ཀྱི་ལོ་རྒྱུས་གྲགས་ཅན་དག་ཏུ་འཁོད་ཡོད་མོད། 《བཀའ་ཆེམས་ཀ་ཁོལ་མ་》རུ་བྲིས་པའི་རུ་པ་ཏིའི་གཏམ་རྒྱུད་ནི་ཀུན་དང་མི་འདྲ་བས་དེར་ཐུན་མོང་མ་ཡིན་པའི་འཆད་ཚུལ་མང་བར་མཐོང་སྟེ།ཡང་དེ་ལས་ཉེ་བར་འབྲེལ་བ་དག་ཅུང་ཟད་དྲངས་ན། ཁོང་སྤུན་གཉིས་ཡབ་རྒྱལ་པོའི་རྒྱལ་སྲིད་ལ་མ་འཆམས་པར་འཐབས་པས་རྒྱལ་པོ་སྐྱ་སེང་རྒྱལ་པོའི་དུས་སུ། རྒྱལ་པོ་དམག་བརྒྱ་བ་འཕམ་ནས་འདི་ཅིས་ལན་པ་ཡིན་རྩིས་བྱས་པས། རྩིས་མཁན་ན་རེ་རྒྱལ་པོ་ཁྱོད་ལ་སྲས་ཡ་མཚན་ཅན་ཅིག་སྐྱེ། གནམ་རིམ་པ་བཅུ་གསུམ་གྱི་སྟེང་དུ་ལྷས་སྨུ་ཐག་ལ་ཐེན་ནས་འབྱོན། དུས་ཕྱི་མ་ལ་ལྷའི་སྨུ་ཐག་རིང་པོ་ལ་འཇུས་ཏེ་བབས་ནས་བོད་ཡུལ་གངས་རིའི་ཁྲོད་རི་གླང་རུའི་ཞོལ་དུ་བོད་ཀྱི་རྗེ་རྒྱལ་བྱེད་པ་ཅིག་སྐྱེ། སྲས་དེ་རྒྱལ་སྲིད་འཛིན་ཁ་མ་ལ་ཤི་ཟེར་རོ་ཞེས་འཁོད།⒁ 《བཀའ་ཆེམས་ཀ་ཁོལ་མ་》ནི་རྒྱལ་རབས་གསང་བ་ཆོས་ལུགས་དང་བསྒྲགས་པ་བོན་ལུགས་ཀྱི་གཏམ་གྱི་ཕྱི་མོར་སོང་ཞིང་། དཔེར་ན་དེར་ཤཱཀྱ་རིགས་གསུམ་གྱི་གདུང་རྒྱུད་དང་སྲིད་པ་ཕྱྭ་དང་ཐེན་དགུའི་ལྷ། ཤེས་པ་ཅན་བཅུ་གཉིས་སོགས་ཀྱི་སྐོར་ལ་ཞལ་ཤིན་ཏུ་གསལ་བ་དང་། སྒོས་སུ་དེར་རུ་པ་ཏིའི་སྐོར་ལ་བསྟོད་འགྲེལ་ནས་མ་བསྟན་ལ་བོད་ཀྱི་ལོ་རྒྱུས་ཡི་གེ་གཞན་དག་ཏུའང་མི་གསལ་བའི་གཏམ་ངོ་མཚར་བ་ཞིག་སྨོས་ཡོད་པ་ནི་རུ་པ་ཏི་ཉིད་བོད་ཀྱི་རྒྱལ་སྲིད་འཛིན་ཁ་མར་འཆི་བའི་ལུང་བསྟན་དེ་ཉིད་ཡིན་པར་མཐོང་། ལུང་བསྟན་འདིར་དཔྱད་བྱ་མང་བས་དེ་དག་རེ་རེ་ནས་བརྟག་དགོས་ལ། རྒྱལ་སྲིད་འཛིན་ཁར་ཤི་ན་ཕྱིས་བོད་ཀྱི་རྗེ་བོ་བྱེད་པའི་གཏམ་ཇི་ལྟར་འགྲུབ་ཅེ་ན། བཀའ་ཆེམས་ཀྱི་གཏམ་སྔ་ཕྱི་དག་ནི་འབྲེལ་ཤིན་ཏུ་ཆགས་ལ། དེར་བོད་ལ་ཕེབས་པའི་རྒྱ་གར་གྱི་རྒྱལ་སྲས་རུ་པ་ཏི་ཉིད་ཚེ་ལས་འདས་རྗེས་ལྷའི་ཡུལ་དུ་ཕྱྭ་ལྷའི་རིགས་སུ་འཁྲུངས་ནས་ཕྱིར་བོད་དུ་བྱོན་ཚུལ་བརྗོད་ཡོད་པས་མི་འགྲུབ་པའི་སྐྱོན་མེད་ཅིང་། དཔའ་བོ་གཙུག་ལག་ཕྲེང་བས་(1504-1564/66)ནི་《བཀའ་ཆེམས་ཀ་ཁོལ་མ་》ཡི་ཕྱི་མོ་ནུབ་ནས་དཀོན་གཉེར་གྱི་ངག་ནས་བྲིས་པས་དེའི་དཔེ་རྒྱུན་དག་མིན་ལ་དོགས་གཞི་གསུངས་འདུག་མོད།འདིའི་སྐོར་ལ་ཁོང་ཉིད་ཀྱིས། འོད་གསལ་ལྷ་ལས་བབ་དང་ཤཱཀྱ་ཡི།། རྒྱལ་རྒྱུད་ཡིན་པའང་འགལ་བ་མ་ཡིན་ཏེ།། ཟས་གཙང་སྲས་དང་དགའ་ལྡན་ལྷ་གནས་ནས།། བབས་པ་འགལ་བ་མེད་པ་ཇི་བཞིན་ནོ།། ཞེས་བཀའ་ཆེམས་ཀྱིས་བཤད་པའི་རུ་པ་ཏིའི་ལུང་བསྟན་འདི་ཉིད་འཐད་ལྡན་དུ་གསུངས་ཡོད།⒂ རུ་པ་ཏི་ཉིད་རྒྱལ་སྲིད་འཛིན་ཁར་ཤི་བའི་རྩིས་མཁན་གྱི་ལུང་བསྟན་འདི་ནི་བཀའ་ཆེམས་འདིར་མ་གཏོགས་གཞན་དུ་ཆེར་མ་གསལ་བས་གནད་ཤིན་ཏུ་ཆེ་ལ།འདི་ཁུངས་ཐུབ་ཡིན་མིན་དང་འདིས་ཁུངས་གང་ལ་མཛད་པ། འདིའི་ཤུགས་ཀྱི་བསྟན་དོན་གང་ཡིན་སོགས་ཤེས་དགོས་ན། འདི་དག་ནི་ངེས་པར་དུ་རུ་པ་ཏིའི་གཏམ་གྱི་ཡོང་ཁུངས་ཏེ་རྒྱལ་པོ་སྐྱ་སེང་དང་ཡུལ་འཁོར་སྐྱོང་གི་གཏམ་རྒྱུད་སྔ་ཕྱི་ཆ་ཚང་བར་འཁོད་པའི་གནའ་བོའི་རྒྱ་གར་གྱི་སྒྲུང་རབས་《མ་ཧཱ་བྷ་ར་ཏ་》དང་དེའི་གཏམ་བོད་དུ་འཕེལ་བ་དག་བརྒྱུད་ནས་ངེས་དགོས་ཤིང་། ཁྱད་པར་དུ་དོན་འདིར་བརྟགས་ན་བོད་ཀྱི་ཡིག་ཆ་དག་ཏུ་གྲགས་ཆེ་བའི་རུ་པ་ཏི་བྱ་བ་དེ་དོན་དམ་དུ་《མ་ཧཱ་བྷ་ར་ཏ་》རུ་བྲིས་ཡོད་མེད་དང་།ཡོད་ན་སུ་ལ་ཐུག་པ་དང་མེད་ན་ཇི་ལྟར་གྲུབ་པའི་རྩ་བའི་དོན་དུ་མའང་གཞི་གཅིག་ཏུ་རྟོགས་པར་འགྱུར་བས་དཔྱད་རིན་ཆེའོ་བསམས་ཤིང་། དེ་ཡང་མདོར་དེད་ན་བསྟོད་འགྲེལ་ནས་ཚིག་ཟུར་ཙམ་ལས་མ་བསྟན་པའི་རུ་པ་ཏིའི་གཏམ་གྱི་ས་བོན་ལ་བོད་ཀྱི་སྔ་རབས་བློ་ལྡན་དག་གིས་ཆད་པར་ཁ་སྐོང་དང་མེད་པའི་ཧོར་ཁོང་གསབ་སྟེ་བོད་ཀྱི་རྒྱལ་རབས་རྩོམ་པའི་མཐུན་རྐྱེན་དུ་བྱས་འདུག་ལ། ཚུལ་འདི་ལས་བོད་སྔ་མས་རྒྱ་གར་གྱི་གཏམ་རྙིང་བ་ལ་བོད་རང་གི་བཤད་པ་གསར་བས་བརྒྱན་ཏེ་སྔོན་སོང་གི་བྱུང་བར་རྣམ་པར་དཔྱད་པའི་རིགས་ལམ་གྱི་ངོ་བོ་ཉིད་དེ་དངོས་སྟོབས་ཀྱིས་ཤེས་ནུས་སོ།།
བཞི། རུ་པ་ཏི་བོད་རྗེ་ཐོག་མར་འབྲེལ་མིན་ལ་དོགས་གཞི་སྨོས་ཚུལ། བོད་ཀྱི་བཀའ་བསྟན་འཕྲིན་ལས་ལ་ཕྱག་རྗེས་ཤིན་ཏུ་ཆེ་བའི་བཅོམ་ལྡན་རིག་པའི་རལ་གྲིས་《མངོན་པ་ཀུན་བཏུས་རྒྱན་གྱི་མེ་ཏོག་》ཅེས་པར། བཅོམ་ལྡན་འདས་དང་བོད་ཀྱི་གཉའ་ཁྲི་བཙན་པོ་གཉིས་ནི་དུས་མཉམ་པར་མངོན་ཏེ་ལུང་གཞི་ལས། དོན་གྲུབ་དང་རབ་སྣང་དུས་གཅིག་ལ་སྐྱེས་པར་བཤད་ལ། ལུང་ཕྲན་ཚེགས་ལས། རབ་སྣང་གི་བཙུན་མོ་སྐྱ་སེང་གི་བུ་མོ་སྒྲོན་མེ་ཡིན་པར་བཤད་དོ།། དེ་རྒྱལ་པོ་དགྲ་ངན་དཔུང་ཚོགས་བཅོ་བརྒྱད་དང་འཐབ་པས་དགྲ་ངན་གྱི་ནུ་བོ་རུ་པ་ཏི་ཞེས་བྱ་བ་དཔུང་ཚོགས་དང་བཅས་ཏེ་བུད་མེད་ཀྱི་ཆས་སུ་ཞུགས་ནས་རི་བོ་གངས་ཅན་གྱི་ཕྱོགས་སུ་བྲོས་པ་ལས་འཕེལ་བ་ནི་དེང་སང་བོད་ཅེས་གྲགས་སོ་ཞེས་ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འགྲེལ་པ་སློབ་དཔོན་ཤེས་རབ་གོ་ཆས་བྱས་པ་ལས་འབྱུང་བའི་ཕྱིར་རོ་ཞེས་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་འཁྲུངས་དུས་ལོ་ཚིགས་དང་འབྲེལ་ཏེ་རུ་པ་ཏི་གཡུལ་ལས་བོད་དུ་བྲོས་པའི་གཏམ་དང་དེའི་ཁུངས་ལ་སོགས་པ་གསལ་བར་མཛད་འདུག་པས།⒃ 《མངོན་པ་ཀུན་བཏུས་རྒྱན་གྱི་མེ་ཏོག་》དང་《བཀའ་ཆེམས་ཀ་ཁོལ་མ་》ལྟ་བུས་མཚོན་པའི་བོད་ཀྱི་ཡི་གེ་དག་གི་འཕྲིན་ལས་ལ་བརྟེན་ནས་སློབ་དཔོན་ཤེས་རབ་གོ་ཆས་ཕྱོགས་ཙམ་གསུངས་པའི་རུ་པ་ཏིའི་གཏམ་གྱི་ས་བོན་ཉིད་རིམ་གྱིས་བོད་ཀྱི་རྒྱལ་རབས་ཀྱི་རྣམ་གཞག་ཅིག་ཏུ་འཕེལ་སོང་མོད། འཕེལ་རིམ་དེ་ལྟ་བུ་ནི་སྒྲུབ་ཅིང་རྩོལ་བར་མ་བརྟེན་པར་ལྷུན་གྱིས་གྲུབ་པར་གྱུར་བ་ཞིག་ནི་ག་ལ་ཡིན་ཏེ། བསྟོད་འགྲེལ་ནས་བསྟན་པའི་རུ་པ་ཏི་བྱ་བ་དེ་བོད་ཀྱི་རྒྱལ་རྒྱུད་ཀྱི་ཁུངས་སུ་འགྲོ་མིན་ལ་སྔ་རབས་མཁས་པ་དུ་མས་མ་ངེས་པའི་ཐེ་ཚོམ་དང་བཅས་ཏེ་དོགས་གཞི་གསུངས་པའི་གནས་སྐབས་ལས་ཀྱང་གཏམ་འདིའི་འཕེལ་རིམ་རགས་ཙམ་ཤེས་ལ། དཔེར་ན་ནེའུ་པཎྜི་ཏ་གྲགས་པ་སྨོན་ལམ་བློ་གྲོས་ཀྱིས་སློབ་དཔོན་ཤེས་རབ་གོ་ཆས་བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོ་ཉིད་སྐྱ་སེང་གི་སྲས་སུ་གསུངས་མེད་ཅིང་། དེ་ནི་བོད་ཀྱི་མཁས་པ་བཅོམ་ལྡན་རིག་པའི་རལ་གྲིའི་རྫུན་ཙམ་དུ་འདོད་པ་དང་།⒄ དཔའ་བོ་གཙུག་ལག་ཕྲེང་བས། ཀ་བཀོལ་མ་ལས་ཤཱཀྱ་རི་བྲགས་པའི་རྒྱུད་པ་ཅེས་སྣང་ཡང་། འཇམ་དཔལ་རྩ་རྒྱུད་ལས། ལི་ཙཱ་ཝི་རྣམས་རིགས་སུ་བྱུང་ཞེས་ལུང་བསྟན་པས་ཡི་གེ་ཉམས་པར་ཟད་སྟེ་ཀ་བཀོལ་མའི་ཕྱི་མོ་ནུབ་ནས་ཕྱིས་ལྷ་སའི་དཀོན་གཉེར་གྱི་ངག་ལས་བྲིས་ཟེར་བ་སོགས་དུ་མ་སྣང་བའི་ཕྱིར་ཞེས་པ་དང་།⒅ ཡང་ཁོང་གིས། དམག་བརྒྱ་པའི་བུ་རུ་པ་ཏི་སོགས་སྟོན་པ་མ་བྱོན་པའི་གོང་དུ་བྱུང་བར་ངེས་སོ།།དེས་ན་སངས་རྒྱས་མྱ་ངན་ལས་འདས་ནས་རིང་ཞིག་ལོན་པ་ན་ཤཱཀྱ་ལི་ཙཱ་ཝིའི་རྒྱུད་པ་མཚན་དཔེ་དང་ལྡན་པ་ཅིག་བོད་དུ་བྱོན་ནས་རྗེ་མཛད་པར་གསལ་ལ་དེ་མཚན་རུ་པ་ཏིར་གཅིག་པ་ཙམ་བྱུང་བ་ནི་མི་འགལ་ལོ།། འོན་ཀྱང་དེ་ཉིད་ཀྱི་ལོ་རྒྱུས་ངེས་པ་ཅན་བོད་དུ་སྔོན་མི་སྣང་ངོ་།།⒆ ཞེས་གསུངས་འདུག་ལ། དེ་དག་ཕྱོགས་གཅིག་ཏུ་བསྡུས་ན་དཔའ་བོ་གཙུག་ལག་ཕྲེང་བས་རྒྱུ་མཚན་ཕྱོགས་གསུམ་གྱི་སྒོ་ནས་རུ་པ་ཏི་བྱ་བ་བོད་ཀྱི་རྒྱལ་པོ་ཐོག་མའི་གདུང་ཁུངས་སུ་མི་འོས་པར་འདོད་ཅིང་། གཅིག་ནས་《འཕགས་པ་འཇམ་དཔལ་གྱི་རྩ་བའི་རྒྱུད་》ཀྱིས་ཁུངས་ཡང་དག་པ་ནི་ཤཱཀྱ་ལི་ཙཱ་ཝི་ཡིན་པར་བསྟན་པ་དྲངས་ཏེ་རང་ལུགས་ལ་དེར་འཐད་ཚུལ་སྨོས་པ་དང་། གཉིས་ནས་《བཀའ་ཆེམས་ཀ་ཁོལ་མ་》ནི་ཕྱིས་བྱུང་གཏམ་གྱིས་བསྒྲིབས་པས་གསུང་ཚད་མར་གཟུང་མི་རུང་བའི་ཚུལ་དང་། གསུམ་ནས་རུ་པ་ཏི་སོགས་ནི་སྟོན་པའི་གོང་གི་ཆེས་ཤིན་ཏུ་སྔ་བའི་རྩོད་ལྡན་དུས་དང་འབྲེལ་བས་ན་དེ་དག་ལོ་ཚིགས་ཀྱི་ཆ་ནས་བོད་ཀྱི་རྒྱལ་པོ་ཐོག་མ་བྱོན་པའི་དུས་དང་མཐུན་ཐབས་མེད་པས་གཞི་འགྲུབ་པར་མི་འགྱུར་བའི་གནས་ལུགས་བསྟན་ཏེ་རུ་པ་ཏི་བྱ་བ་བོད་ཀྱི་རྒྱལ་པོ་ཐོག་མའི་གདུང་ཁུངས་སུ་མི་འགྲོ་བའི་དགོངས་པ་ཞིབ་ཏུ་བཀྲལ་འདུག ཁྱད་པར་དུ་དཔའ་བོ་གཙུག་ལག་ཕྲེང་བས་དེ་ཉིད་ཀྱི་ལོ་རྒྱུས་ངེས་པ་ཅན་བོད་དུ་སྔོན་གྲགས་མི་སྣང་ངོ་ཞེས་གསུངས་པ་ལ་དཔྱད་རིན་ཆེ་སྟེ། དཔའ་བོ་གཙུག་ལག་ཕྲེང་བས་རུ་པ་ཏིའི་ལོ་རྒྱུས་བཙལ་རུང་མ་རྙེད་པས། དེ་ལས་ཕྱི་དར་སྐབས་བོད་དུ་གྲགས་ཆེ་བར་གྱུར་བའི་རུ་པ་ཏིའི་གཏམ་ལ་མཁས་པ་ཁོང་ལྟ་བུས་ཀྱང་སྒྲོ་འདོགས་ཆོད་མེད་ཚུལ་ཤེས་ཐུབ།
ནེའུ་པཎྜི་ཏས་གཟིགས་རུང་མ་མཐོང་ཞིང་དཔའ་བོ་གཙུག་ལག་ཕྲེང་བས་བཙལ་མོད་མ་རྙེད་པའི་རུ་པ་ཏིའི་གཏམ་གྱི་ཕྱི་མོ་དངོས་ནི་གང་ལ་ཐུག་ཅེ་ན། དེའི་ཕྱི་མོ་དངོས་ནི་བོད་ཡིག་ཏུ་ཆ་ཚང་བར་མི་བཞུགས་པས་མ་མཐོང་བ་དང་མ་རྙེད་པར་གྱུར་ལ། དགའ་བ་པ་སངས་ལགས་ཀྱིས་1996ལོར་《བོད་ལྗོངས་ཞིབ་འཇུག་》དེབ་དང་པོར་རྒྱ་གར་གྱི་སྙན་ངག་ཆེན་པོ་གཉིས་ཀྱི་ཡ་གྱལ་《མ་ཧཱ་བྷ་ར་ཏ་》ཡི་བོད་བསྒྱུར་ནང་དོན་ངོས་འཕྲོད་ཚུལ་དང་། དེ་དང་བོད་ཀྱི་ཤེས་རིག་དབར་གྱི་འབྲེལ་བ་འགའ་ངོས་འཕྲོད་ཚུལ་གླེང་བ་ཞེས་པའི་དཔྱད་རྩོམ་དུ་《མ་ཧཱ་བྷ་ར་ཏ་》ཡི་ལེའུ་སོ་སོའི་ནང་དོན་ངོ་ལེགས་པར་སྤྲད་པའི་ཁར། དེས་བོད་ཀྱི་ཤེས་རིག་ལ་ཐེབས་པའི་ཤན་ཤུགས་ནས་འཕྲོས་ཏེ་སློབ་དཔོན་ཤེས་རབ་གོ་ཆའི་གསུང་སྟེ་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་དག་ལ་རླུང་ལྟར་གྲགས་པའི་རུ་པ་ཏིའི་གཏམ་གྱི་ཕྱི་མོ་ནི་《མ་ཧཱ་བྷ་ར་ཏ་》ཡིན་ཚུལ་ལེགས་པར་བསྒྲུབས་ཡོད་ལ།⒇རུ་པ་ཏིའི་སྐོར་ལ་མུ་མཐུད་དུ་རྩད་གཅོད་བྱེད་དགོས་ན་《མ་ཧཱ་བྷ་ར་ཏ་》སྙིང་བོར་བཟུང་ནས་སྒོ་ཀུན་ནས་མ་བརྟགས་ན་བོད་སྔ་མའི་དོགས་གཞི་སེལ་བར་མི་ནུས་ཤིང་།གསང་བ་ཆོས་ལུགས་དང་འབྲེལ་བའི་རུ་པ་ཏིའི་གཏམ་དང་《མ་ཧཱ་བྷ་ར་ཏ་》ཡི་བར་གྱི་ཤིན་ཏུ་ཐུན་མོང་མ་ཡིན་པའི་འབྲེལ་བ་ལའང་གསལ་ཁ་མི་འབྱུང་ངོ་།། ནེའུ་པཎྜི་ཏས་བསྟོད་འགྲེལ་ལ་གཟིགས་རུང་མ་མཐོང་བའི་རྒྱུ་མཚན་ལ་བརྟེན་ནས་རུ་པ་ཏིས་བོད་ཀྱི་རྒྱལ་པོ་བྱས་པའི་གཏམ་གྱི་ཁུངས་ནི་རྒྱ་གཞུང་བསྟན་བཅོས་ཡིན་པར་འདོད་པའི་ལྟ་བ་དེ་དག་པ་མེད་ཚུལ་ཤེས་ཤིང་། དཔའ་བོ་གཙུག་ལག་ཕྲེང་བས་རུ་པ་ཏིའི་ལོ་རྒྱུས་བཙལ་ཡང་མ་རྙེད་པས་བོད་ཀྱི་རྒྱལ་པོའི་ཁུངས་སུ་མི་བཞེད་པའི་ཚུལ་ལས་རུ་པ་ཏིས་བོད་ཀྱི་རྒྱལ་པོ་ཐོག་མ་བྱས་པའི་གསང་བ་ཆོས་ལུགས་ཀྱི་འཆད་ཚུལ་དེ་ཉིད་བོད་དུ་ཐོག་མར་ཇི་ལྟར་གྲགས་ཚུལ་དང་། བར་དུ་རྒྱུ་རྐྱེན་གང་དག་ལ་བརྟེན་ནས་འཕེལ་འགྲིབ་བྱུང་བའི་རྣམ་པ་རགས་ཙམ་རྟོགས་ཐུབ་བོ་སྙམ། སྤྱི་མཐུན་གྱི་རིགས་པ་ཤིན་ཏུ་རྩིང་མོ་ཙམ་གྱིས་དཔྱད་ན་ཡང་། གློ་བུར་བའི་རྒྱ་གར་བ་ཞིག་གིས་བོད་ཀྱི་རྒྱལ་པོ་བྱས་པའི་བརྗོད་འདོད་འཆད་པ་ལ་ཐོག་མར་སྔ་ཕྱིའི་གཏམ་ཀུན་བསྒྲིགས། བར་དུ་སྒྲུབ་བྱེད་རྒྱུ་མཚན་བཙལ། ཐ་མར་འཐད་ལྡན་རྩོད་སྤངས་སོགས་འགྲུབ་པར་བགྱིས་ཏེ་མཐར་ཡོངས་སུ་གྲགས་པའི་རྒྱལ་རབས་ལོ་རྒྱུས་ཀྱི་རྣམ་གཞག་ཅིག་ཏུ་མཛད་པ་འདི་ཡང་བྱ་སླ་བའི་ལས་ཤིག་ག་ལ་ཡིན་ཏེ། དེའི་ཟུར་ནས་བོད་ཀྱི་སྔ་རབས་བློ་ལྡན་དག་གིས་སྔོན་སོང་གི་བྱུང་བ་འཆད་པའི་ཐབས་དང་ཤེས་རབ་གང་ཉིད་མངོན་ཡོང་བར་སྙམ་ལ།ཐབས་ཤེས་དེ་ལྟ་བུ་ནི་མངོན་པར་རྟོགས་པར་བྱེད་འོས་པའི་ཡུལ་འབའ་ཞིག་ཏུ་འདོད་དོ།།
གཉིས་པ། 《མ་ཧཱ་བྷ་ར་ཏ་》རུ་བྲིས་པའི་ཀརྞའི་བྱུང་རབས་མདོར་བསྡུས།
《མ་ཧཱ་བྷ་ར་ཏ་》ནི་གནའ་བོའི་རྒྱ་གར་གྱི་སྒྲུང་རབས་ཆེན་མོ་གཉིས་ཀྱི་ཡ་གྱལ་དང་། དེའི་གཞུང་གི་སྤྱི་ཁོག་ནི་དྲང་སྲོང་རྒྱས་པའམ་མཚན་གཞན་ལ་ཝ་ཡཱ་ས་(Vyasa)ཞེས་པར་འབོད་པ་དེས་ཐོག་མར་མཛད་དེ་ཕྱིས་སུ་དུས་རབས་དུ་མའི་སྙན་ངག་མཁན་པོའི་སྨྱུག་རྩེ་བརྒྱུད་པས་ད་ལྟའི་གཞུང་ཚད་ལ་ཚིགས་བཅད་འབུམ་དུ་གྲུབ་ལ། དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་པར་དཔར་པའི་《མ་ཧཱ་བྷ་ར་ཏ་》ལ་ལེའུ་བཅོ་བརྒྱད་དང་ཚིགས་བཅད་བརྒྱད་ཁྲི་ཙམ་ཡོད།སྒྲུང་རབས་ཆེན་མོ་འདི་ནི་ས་སྐྱོང་དྲང་སྲོང་རྒྱས་པའམ་བྷ་ར་ཏ་ཆེན་མོར་གྲགས་པ་དེའི་རྒྱལ་རྒྱུད་ནང་ཁུལ་དུ་བྱུང་བའི་སྤུན་ཟླ་ནང་དམེ་དང་ཉེ་དུ་དམར་འཛིང་གི་བྱུང་རབས་དང་།རྒྱལ་པོ་སྐྱ་སེང་(Pandu)གྲོངས་རྗེས་འཐབ་དཀའ་(Duryodhana)སོགས་དགྲ་ངན་གྱི་རིགས་དང་གཡུལ་ངོར་བརྟན་པ་(Yudhisthira)སོགས་སྐྱ་སེང་རིགས་ཀྱི་བར་ལ་སྤུན་ཟླ་ནང་དམེ་དང་གཉེན་ཉེ་ནང་འཁོན་བྱུང་བའི་གཏམ་སྣ་ཚོགས་ཡིན་ལ། སྒྲུང་རབས་ཆེན་མོ་འདིར་གཟིགས་རྟོག་དང་ཉམས་ཞིབ་ཡུན་རིང་མཛད་པའི་མཁས་པ་རྣམས་ཀྱིས་སྒྲུང་རབས་སུ་འཁོད་པའི་སྐྱ་སེང་བུ་ལྔ་དང་དགྲ་ངན་དཔུང་ཚོགས་བཅུ་གཉིས་བར་གྱི་ན་ཀྲའི་གཡུལ་འགྱེད་(KurukshetraWar)ལ་ལོ་རྒྱུས་ཀྱི་ས་བོན་གང་འཚམས་ཡོད་པས་སྒྲུང་རབས་འདི་ནི་གནའ་བོའི་རྒྱ་གར་གྱི་སྤྱི་ཚོགས་དང་ཤེས་རིག་གི་མེ་ལོང་དུ་འདོད་ཅིང་། དཔེར་ན་ཝར་ཏཱ་(Padmakar VishnuVartak)ལགས་ཀྱིས་ན་ཀྲའི་གཡུལ་འགྱེད་ནི་ཕལ་ཆེར་སྤྱི་ལོའི་སྔོན་གྱི་ལོ་5561ཙམ་ལ་བྱུང་བར་འདོད་པ་ལྟ་བུའོ།།(21)
《མ་ཧཱ་བྷ་ར་ཏ་》བོད་དུ་ཆ་ཚང་བར་བསྒྱུར་མེད་མོད། སྒྲུང་རབས་འདིའི་གཏམ་རྒྱུད་ཀྱི་བྱུང་རིམ་རེ་གཉིས་དང་སྤྱི་ཁོག་ནི་བོད་དུ་དར་སྔ་སྟེ། བོད་ཀྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་ནས་བསྟན་འགྱུར་རྣམས་ཀྱི་བསྟོད་ཚོགས་སུ་བཞུགས་པའི་《ཁྱད་པར་དུ་འཕགས་པའི་བསྟོད་པ་》དང་《ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པ་》ལས་རྒྱལ་པོ་སྐྱ་སེང་དང་དགྲ་ངན་དཔུང་ཚོགས་བཅུ་གཉིས་ཀྱི་གཏམ་རེ་གཉིས་ཙམ་ཐོག་མར་བྱུང་ཞིང་། ལོ་ཙཱ་བ་རིན་ཆེན་བཟང་པོས་བོད་ཡིག་ཏུ་བསྒྱུར་ཏེ་བསྟན་འགྱུར་གྱི་བསྟོད་ཚོགས་སུ་བཞུགས་པའི་《ཁྱད་པར་དུ་འཕགས་པར་བསྟོད་པའི་རྒྱ་ཆེར་བཤད་པ་》དང་《ལྷ་ལས་ཕུང་དུ་བྱུང་བར་བསྟོད་པའི་རྒྱ་ཆེར་བཤད་པ་》ལྟ་བུའི་བསྟོད་འགྲེལ་དུའང་འདིའི་སྐོར་གྱི་ཚིག་རེ་གཉིས་མཐོང་། དེའི་རྗེས་སུ་རྒྱ་གར་ལུགས་ཀྱི་བསྟན་བཅོས་ལ་ནང་བྱན་ཆུད་པའི་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་རྒྱ་གར་གྱི་སྒྲུང་རབས་འདི་ལ་གཟིགས་རྟོག་མཛད་དེ་《ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་》དུ། བློ་དང་བརྩོན་འགྲུས་ཡོད་གྱུར་ན།། དེ་ཡིས་སྒྲུབ་པར་མི་ནུས་གང་།། དགྲ་ངན་དཔུང་ཚོགས་བཅུ་གཉིས་པོ།། སྐྱ་བསད་པ་ཡིས་བཅོམ་ཞེས་ཐོས།། ཞེས་སྒྲུང་རབས་འདིའི་གཏམ་ཐོག་མར་བྲིས་པ་ལ་ཁོང་ཉིད་ཀྱི་སྲས་ཀྱི་ཐུ་བོ་ལྷོ་པ་ཀུན་མཁྱེན་རིན་ཆེན་དཔལ་(དུས་རབས་བཅུ་གསུམ་པ་)གྱིས་མཛད་ཅིང་དམར་སྟོན་ཆོས་རྒྱལ་(དུས་རབས་བཅུ་གསུམ་པ་)གྱིས་ཞུ་དག་བགྱིས་པའི་ལེགས་བཤད་ཀྱི་འགྲེལ་བ་རུ་སྐྱ་སེང་བུ་ལྔ་དང་དགྲ་ངན་དཔུང་ཚོགས་བཅུ་གཉིས་ཀྱི་གཏམ་ཞིབ་མོར་བྲིས་ཡོད། ས་སྐྱ་ལེགས་བཤད་ཀྱི་འགྲེལ་བའི་རྗེས་ནས་《མ་ཧཱ་བྷ་ར་ཏ་》ཡི་གཏམ་རྒྱུད་ཅུང་ཆ་ཚང་བའི་ངང་བོད་དུ་དར་ཡོད་ཅིང་། ལྷག་པར་《སྙན་ངག་མེ་ལོང་》དང་དེའི་འགྲེལ་བ་ཅི་རིགས་སུ་སྒྲུང་རབས་འདི་དང་འབྲེལ་བའི་གཏམ་རྒྱས་བསྡུས་གང་རུང་ཞིག་རིམ་པར་བྱོན་ཏོ།།
གཅིག ཀརྞའི་གདུང་ཁུངས་ཀྱི་གསང་བ། གལ་ཏེ་《མ་ཧཱ་བྷ་ར་ཏ་》ཡི་དཔའ་བོ་དག་ལས་ཁྱེད་ཀྱིས་གཅིག་མ་གཏོགས་མི་དྲན་ན། གང་དེ་ནི་ཀརྞ་ཡིན་པར་ཤོག་ཅེས་པའི་བཤད་སྲོལ་ལས་《མ་ཧཱ་བྷ་ར་ཏ་》རུ་བྲིས་པའི་ཀརྞའི་(Karna)གཏམ་རྒྱུད་ཀྱི་གལ་ཆེའི་རང་བཞིན་དང་། གཏམ་དེ་དག་ཡོངས་སུ་གྲགས་པར་སོང་ནས་ཀརྞ་ནི་《མ་ཧཱ་བྷ་ར་ཏ་》ཡི་དཔའ་བོ་ཀུན་ལས་མཆོག་ཏུ་གྱུར་བ་དང་ཀུན་གྱི་ཡིད་དབང་ཅིག་ཅར་དུ་འཕྲོག་པའི་ཁྱུ་མཆོག་ཅིག་ཡིན་པའི་གནས་ཚུལ་ཤེས་ཐུབ།(22) ཐོག་མར་《མ་ཧཱ་བྷ་ར་ཏ་》རུ་བྱུང་བའི་ཀརྞའི་སྐོར་བོད་ཡིག་ཏུ་འཁོད་ཡོད་པ་དག་གུང་བསྒྲིགས་ཏེ་ངོ་ཅུང་ཟད་སྤྲད་ན། བསེ་ཚང་བློ་བཟང་དཔལ་ལྡན་ལགས་ཀྱིས་《ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པ་ཐུབ་དབང་དགྱེས་པའི་མཆོད་སྤྲིན་》ལས། རྣ་ཅན་འཐབ་དཀའ་ལ་སོགས་ལ།། ཁྱབ་འཇུག་གིས་ནི་གནོད་པ་བརྩམས།།སེམས་ཅན་རྣམས་ལ་ཕན་བཞེད་པ།། ཁྱོད་ཀྱིས་སྲོག་ཀྱང་བཏང་བ་མཛད།། ཅེས་པའི་རྩ་ཚིག་གི་དོན་ལ་དེ་ལས། དེ་ཡང་ཡུལ་འཁོར་སྲུང་གི་བུ་རྣ་བ་ཅན་དང་། འཐབ་དཀའི་ལོ་རྒྱུས་ལ་བཤད་ཚུལ་སྣ་ཚོགས་ཡོད་ཀྱང་། འདིར་བསྟོད་འགྲེལ་དུ་གསུངས་པ་ལྟར་ན། བུ་མོ་ཀུན་དིས་ཉི་མ་ལ་སྐྱེས་སུ་གཞོན་ནུ་མཛེས་ཤིང་ཡིད་དུ་འོང་བ་ཞིག་ཏུ་འགྱུར་བའི་མཆོག་བྱིན་ཏེ་ཉི་མ་དེ་ལྟར་དུ་གྱུར་པ་ན། གང་གི་རིགས་བསྐྲུན་པར་བྱོས་ཤིག་ཟེར་ནས། བུ་མོ་དེ་དང་ཉི་མ་གཉིས་ལྷན་ཅིག་འདོད་པའི་བདེ་བ་ལ་ལོངས་སྤྱད་དེ་ཉི་མ་སོང་ངོ་།།དེའི་རྗེས་སུ་བུ་མོ་ཀུན་དི་མངལ་དང་ལྡན་པར་གྱུར་ནས།རྗེས་སུ་བུ་གོ་ཆ་བགོས་པ། རྣ་ཆས་བརྒྱན་པ་ཞིག་བཙས་པས།མིང་ལ་ཀརྞ་འམ། རྣ་བ་ཅན་ཞེས་གྲགས་སོ།། དེ་ནས་མ་ཡིད་མི་དགའ་བར་རང་གི་གཡོག་མོ་ལ་སྨྲས་པ། བུ་རྣ་བ་ཅན་འདིའི་ལུས་ལ་འཇམ་པའི་གོས་ཀྱིས་དཀྲིས་ཏེ་ཤིང་སྒྲོམ་གྱི་ནང་དུ་གཞུག་ལ་སྒྲོམ་གྱི་ཁ་མར་དང་སྦྲང་རྩིས་བཀང་བར་བྱས་ནས་ཆུ་བོ་གང་གཱ་ལ་སྐྱུར་ཅིག་ཟེར་བས། གཡོག་མོས་དེ་ལྟར་བྱས་ཏེ་མཚན་མོ་ཞིག་ལ་ཆུ་བོ་གང་གཱའི་ངོགས་སུ་སོང་ནས། ཉི་མའི་བུ་ནི་མཛེས་པ་འདིའི།། སྒྲོམ་ནི་རྒྱ་མཚོས་བསྲུང་བར་གྱིས།། ལྷ་ཡི་ཚོགས་ནི་འདུས་པ་དང་།།ཚངས་པས་ཀྱང་ནི་རྟག་ཏུ་སྲུངས།། ཞེས་སྨྲ་བཞིན་དུ་སྒྲོམ་ཆུ་བོ་གང་གཱ་བོར་རོ།། དེ་ནས་གང་གཱ་དང་ཐག་མི་རིང་བའི་ཡུལ་ཞིག་ན་ཡུལ་འཁོར་སྲུང་གིས་རྟ་འཚོ་བཞིན་འདུག་པའི་ཚེ། གང་གཱའི་ཆུས་ཤིང་སྒྲོམ་ཞིག་ཁྱེར་བ་མཐོང་བ་དང་།རང་གི་འཁོར་རྣམས་ལ་ཆུའི་ནང་གི་སྒྲོམ་དེ་ལོངས་ཤིག་ཅེས་བསྒོ་བས། སྒྲོམ་དེ་བླངས་ནས་ཁ་ཕྱེ་བ་ན། དེའི་ནང་དུ་ཁྱེའུ་རྣ་བརྒྱན་ཅན་གོ་ཆ་བགོས་པ་ཞིག་ཡོད་པ་མཐོང་བས་ཡུལ་འཁོར་སྲུང་དགའ་སྟེ། འདི་ནི་རང་གི་བུར་བྱའོ་སྙམ་ནས་ཆུང་མ་ལ་གཏད་དེ་གསོས་སོ་ཞེས་འཁོད་པའི་གནས་ཚུལ་གཞིར་བཟུང་ན།(23) ཀརྞའམ་རྣ་བ་ཅན་དུ་གྲགས་པ་གང་དེ་ནི་རྒྱལ་པོ་སྐྱ་སེང་གི་བཙུན་མོ་ཀུན་ཏི་(Kunti)བྱ་བ་ཉི་མའི་ལྷ་(Surya)དང་འདུས་ཏེ་འཁྲུངས་པའི་སྲས་ཡིན་ལ། ཡུམ་ཀུན་ཏིས་ཁྱེའུ་ངོ་མཚར་བ་དེ་ཆུ་ལ་བསྐྱུར་དགོས་པའི་རྒྱུ་མཚན་ལ་《ས་སྐྱ་ལེགས་བཤད་ཀྱི་འགྲེལ་བ་》རུ། དེ་ནས་ལྷ་མོ་ཀོན་ཏིས་ཉི་མ་ལ་གསོལ་བ་བཏབ་པས་དེ་དང་ལྷན་ཅིག་ཏུ་བསྡད་པ་ལས་བུ་གཅིག་བྱུང་སྟེ། དེའི་མིང་རྣ་ཅན་ཞེས་པ་སྟེ། དེ་རྒྱལ་པོ་ལ་ངོ་ཚ་ནས་ཟངས་ཀྱི་སྒྲོམ་དུ་བཅུག་སྟེ། རྒྱ་མཚོ་བསྐྱོད་པ་བསྐུར་ནས་བཏང་ཞེས་འཁོད་པས་ཡུམ་ལ་ཕ་ངོས་བཟུང་མེད་པའི་ནལ་བུ་ཞིག་འཁྲུངས་པས་རྒྱལ་པོར་གསང་ཕྱིར་ཆུ་ལ་བསྐུར་བར་མངོན་ལ།(24) ཡང་དེ་ལས། དེ་ལྟར་ན་ཀོན་ཏིའི་བུ་སྔ་མ་ཅན་ནི་རྒྱ་མཚོར་བཏང་ལ། མིའི་ཡུལ་ན་ཀྲིཤྣའི་བུ་གསུམ་ཀོན་ཏའི་བུ་ཕྱི་མ་གཉིས་ཏེ། ལྔ་བོ་ནི་ངོ་བོ་ལྷའི་བུ་ཡིན་ཡང་། འཇིག་རྟེན་ན་སྐྱ་བསེང་གི་བུ་ལྔ་ཞེས་གྲགས་སོ།། ཞེས་པ་དང་།(25) 《སྐྱ་བསེང་བུ་ལྔའི་རྟོགས་བརྗོད་》ལས། རྣ་ཅན་ལས་གཞན་ལྷ་བུ་ལྔར།། སྐྱ་བསེང་གི་ནི་བུ་རུ་བཏགས།། ལྷ་དང་མི་མོ་འདུས་པ་བདེན་སྲིད་དམ།། སྙམ་ཡང་འགྲོ་བའི་ལས་ཚུལ་བསམ་མི་ཁྱབ།།ཅེས་འཁོད་པས།(26) ཀརྞ་ནི་རྒྱལ་པོ་སྐྱ་སེང་དང་མ་འདུས་པར་ཡུམ་ཀུན་ཏི་ལ་འཁྲུངས་པ་དང་། རྒྱལ་པོར་གསང་ཆེད་ཆུ་ལ་བསྐུར་ནས་གཞན་གྱིས་བུར་གསོས་ཤིང་། འཇིག་རྟེན་ཀུན་ལ་ཀརྞ་ནི་རྙེད་མཁན་གྱི་བུ་ཡིན་པ་ལས་ཀུན་ཏིའི་བུ་ཡིན་པའི་གསང་བ་ཡོངས་སུ་མ་གྲགས་པས། འཇིག་རྟེན་ཐུན་མོང་གི་སྣང་ངོར་ནི་སྐྱ་སེང་བུ་ལྔར་གྲགས་པའི་གཏམ་འཕེལ་ལ། མདོར་ན་ཀརྞའི་གདུང་ཁུངས་དངོས་ཀྱི་གསང་བ་དེ་ཉིད་ནི་《མ་ཧཱ་བྷ་ར་ཏ་》ཡི་བྱུང་རིམ་སྔ་ཕྱི་ཀུན་དང་འབྲེལ་ཤིན་ཏུ་ཆེ་བའི་གནད་དམ་པ་ཅིག་ཏུ་ངེས་སོ།།
གཉིས། ཀརྞྞའི་ཆེ་བ་དང་ཡོན་ཏན། བོད་དུ་ཀརྞ་དང་འབྲེལ་བའི་གཏམ་ནི་《ས་སྐྱ་ལེགས་བཤད་ཀྱི་འགྲེལ་བ་》ལས་རྒྱས་པ་ཞིག་མ་བྱུང་བར་སྣང་མོད། 《མ་ཧཱ་བྷ་ར་ཏ་》རུ་ཁོང་གི་བྱུང་རིམ་ཧ་ཅང་ཞིབ་ཕྲར་འཁོད་ཡོད་ཅིང་། ཀརྞའི་གདུང་ཁུངས་ཀྱི་གསང་བ་དང་འབྲེལ་ཏེ་ཡུམ་ཀུན་ཏིས་ཆུ་ལ་བསྐྱུར་ཚུལ་དང་ཤིང་རྟའི་ཁ་ལོ་བ་བཟའ་ཟླ་གཉིས་ཀྱིས་རྙེད་དེ་རང་གི་བུར་བསྐྱངས་ཚུལ། ཕྱིས་སུ་ཡུལ་འཁོར་སྐྱོང་(Dhritarashtra)གི་སྲས་འཐབ་དཀའ་དང་གྲོགས་པོར་གྱུར་ཚུལ་སོགས་ནི་《མ་ཧཱ་བྷ་ར་ཏ་》ཡི་ལེའུ་གོང་མ་དག་ཏུ་ཐར་ཐོར་དུ་བྲིས་ཡོད་ཅིང་། ན་ཀྲའི་གཡུལ་དུ་ཞུགས་པའི་བྱུང་རིམ་དང་དེར་འབྲེལ་བའི་ཁོང་གི་ཆེས་མཐའི་ལས་དབང་སོགས་ནི་《མ་ཧཱ་བྷ་ར་ཏ་》ཡི་ལེའུ་བརྒྱད་པ་རྣ་ཅན་གྱི་སྐབས་སུ་བྲིས་ཡོད་པས། ཀུན་ཏིའི་བུ་སྔ་མ་ཀརྞ་ནི་《མ་ཧཱ་བྷ་ར་ཏ་》ཡི་མི་སྣ་གཙོ་བོ་དང་། ཁྱད་པར་དུ་ཁོང་དང་འཐབ་དཀའི་བར་གྱི་མི་འགྱུར་གྲོགས་པོའི་དམ་ཚིག་དང་།སྲིད་སྒྲུབ་(Arjuna)བར་གྱི་མ་ཞི་འགལ་བ་དང་ཡ་ངའི་ནང་དམེ་ནི་གནའ་བོའི་རྒྱ་གར་གྱི་སྒྲུང་རབས་ཆེན་མོ་《མ་ཧཱ་བྷ་ར་ཏ་》ཡི་བརྗོད་བྱའི་སྲོག་ཤིང་ཡིན། 《མ་ཧཱ་བྷ་ར་ཏ་》ལས་ཀརྞ་ནི་དྲིན་ཅན་ལ་དྲིན་གཟོ་ཤེས་ཤིང་དྲིན་གཟོ་བར་བློ་མི་ཞུམ་པ། གྲོགས་པོ་ལ་བློ་དཀར་ཞིང་ཕྱི་ཐག་རིང་བ། གྲོགས་པོའི་དམ་ཚིག་དུས་དང་རྣམ་པར་ཀུན་ཏུ་མི་འདོར་བ། བླ་མར་བསྟེན་ཤེས་ལ་བསྙེན་བཀུར་ཆེ་བ། རང་ཚུགས་བརྟན་ཞིང་དམ་བཅས་པ་ལ་བློ་རྩེ་གཉིས་སུ་མི་བྱེད་པ། གཏོང་ཕོད་ཆེ་ཞིང་གཞན་ཕན་གྱི་བློ་དང་སྙིང་རྗེ་ཡིས་རང་རྒྱུད་ཡོངས་སུ་བརླན་པ། བརྩོན་འགྲུས་ཀྱི་ཆུ་རྒྱུན་རིང་ཞིང་ཤེས་འདོད་སྦྱོང་འདོད་ཀྱི་བསམ་པས་ཀུན་ནས་བརྟས་པ། དཀའ་སྡུག་དང་དབུལ་ཕོངས་ལ་ཅི་མི་སྙམ་ཞིང་བྱ་བའི་ཐོག་མཐའ་བར་གསུམ་ལ་བརྟག་ཤེས་ཤིང་དཔྱད་མཁས་པ། གཡུལ་ངོར་དཔའ་མཛངས་ལྡན་ཞིང་རྟུལ་ཕོད་ཆེ་བ་སོགས་མི་གཤིས་གསེར་གྱི་རང་བཞིན་རང་རྒྱུད་ལ་གྲུབ་ཡོད་པར་བཤད་ཅིང་།《མ་ཧཱ་བྷ་ར་ཏ་》ལས་ཀརྞ་ལ་བསྔགས་པའི་ཚིགས་བཅད་དང་གནས་སྐབས་མང་ལ། དཔེར་ན་《ས་སྐྱ་ལེགས་བཤད་ཀྱི་འགྲེལ་བ་》རུ་རྣ་ཅན་གྱིས་རང་གི་རྡོ་རྗེའི་པགས་པ་གཡོ་ཅན་བརྒྱ་བྱིན་ལ་ཕངས་མེད་དུ་སྦྱིན་པའི་བྱུང་བ་དང་འབྲེལ་ཏེ། བརྒྱ་བྱིན་ལྟ་བུའི་བརྩེ་བྲལ་མེད།། རྣ་ཅན་ལྟ་བུའི་གཏོང་ཕོད་མེད།། ཅེས་པའི་གཏམ་སྨོས་པ་ཁོ་ནས་ཀྱང་ཀརྞའི་མི་གཤིས་ཀྱི་ཆེ་བ་མདོར་ཙམ་ཤེས་ཐུབ།
ཀརྞའི་ཕྱིའི་གཟུགས་ཀྱི་ཆེ་བ་ནི་《ས་སྐྱ་ལེགས་བཤད་ཀྱི་འགྲེལ་བ་》རུ། བུ་ཆུང་དེའི་སྐེད་པ་ལ་སྐུད་པ་དཀྲིས་ཏེ་བྱིན་བརླབས་པས། གཞན་ཐམས་ཅད་ཀྱི་པགས་པ་རྡོ་རྗེའི་རང་བཞིན་དུ་སོང་བ་ལ། འོན་ཀྱང་དེའི་སྐེད་པའི་ཐད་ཀར་མ་འབྱར་བསྲུབ་གཅིག་བྱུང་བ་ལ། རྡོ་རྗེ་ཕ་ལམ་གྱི་སྐེ་རགས་བཅིངས་ཏེ་བཞག་གོ་ཞེས་བྱུང་ལ།(27) 《ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པ་ཐུབ་དབང་དགྱེས་པའི་མཆོད་སྤྲིན་》ལས། དེའི་རྗེས་སུ་བུ་མོ་ཀུན་དི་མངལ་དང་ལྡན་པར་གྱུར་ནས། རྗེས་སུ་བུ་གོ་ཆ་བགོས་པ། རྣ་ཆས་བརྒྱན་པ་ཞིག་བཙས་པས། མིང་ལ་ཀརྞ་འམ། རྣ་བ་ཅན་ཞེས་གྲགས་སོ་ཞེས་འཁོད་པ་དང་།(28) 《སྐྱ་བསེང་བུ་ལྔའི་རྟོགས་བརྗོད་》དུ། རྟ་གཟུགས་ཞེས་བྱའི་སྲིན་པོས་རྙེད།། བལྟས་པས་ཡིད་འོང་ཁྱེའུ་མཐོང་།། ལྷ་ཡིས་རང་ལ་བྱིན་པར་རློམ།། དྲང་སོང་མཐུ་ཆེན་ལ་གཏད་ནས།། ཕ་རོལ་མཚོན་གྱིས་མི་གནོད་ཕྱིར།། ལུས་པགས་སྲ་མཁྲེགས་རྡོ་རྗེ་ཡི།། རང་བཞིན་ཉིད་དུ་བྱིན་རློབས་ཞེས།། གྲགས་པ་སོགས་གཞིར་བཟུང་ན།(29) སྤྱིར་ཡུམ་ནས་སྐྱེས་ཙམ་ཉིད་ནས་ལྷན་སྐྱེས་ཀྱིས་རང་ཆས་སུ་ཞུགས་པ་ཡིན་ནམ་ཕྱིས་རྙེད་མཁན་གྱིས་དྲང་སྲོང་ལ་གཏད་པས་རྗེས་སུ་གནང་བ་ཡིན་པའི་ཐད་ལ་ཞལ་མི་མཐུན་མོད། ཁྱེའུ་དེས་རྡོ་རྗེ་པགས་པའི་གོ་ཆ་བཞེས་ཤིང་རྣ་ཆ་གསོལ་བས་མཚན་ལའང་ཀརྞ་སྟེ་བོད་སྐད་དུ་བྱས་ན་རྣ་ཅན་དུ་གྲགས་པར་མངོན་ལ། 《ས་སྐྱ་ལེགས་བཤད་ཀྱི་འགྲེལ་བ་》རུ། དེ་ན་རེ། འོ་ན་ཁྱེད་ཀྱི་པགས་པ་དེ་འདོད་བྱས་པས། སྦྱིན་གྱིས་ཟེར་ཏེ། རྣ་ཅན་གྱི་སྐེད་པའི་རྡོ་རྗེ་ཕ་ལམ་གྱི་སྐེད་རིགས་བཀྲོལ་ཏེ། སྟོད་ཀྱི་པགས་པ་སྟོད་དུ་བཤུས། སྨད་ཀྱི་པགས་པ་སྨད་ངོས་སུ་བཤུས་ནས་བྱིན་པ་ལ། བར་སྣང་གི་ལྷ་འགའ་ཞིག་ན་རེ། བརྒྱ་བྱིན་ལྟ་བུའི་བརྩེ་བྲལ་མེད། རྣ་ཅན་ལྟ་བུའི་གཏོད་ཕོད་མེད། ཅེས་སོ།།དེ་ནས་བརྒྱ་བྱིན་གྱིས་ལྤགས་པ་དེ་སྔ་མ་བཞིན་དུ་རང་གི་བུ་སྲིད་བསྒྲུབ་ལ་གཡོགས་ཏེ། མཚོན་ཆས་མི་ཕུགས་པར་བྱས་སོ་ཞེས་འཁོད་ཅིང་།(30) རང་རྒྱུད་ཀྱི་གཏོད་ཕོད་ཆེན་པོ་དང་བརྒྱ་བྱིན་གྱི་གཡོ་སྒྱུའི་གར་ལ་བརྟེན་ཏེ་ཀརྞའི་ཐུན་མོང་མ་ཡིན་པའི་རང་ལུས་ཀྱི་ཆེ་བ་སྟེ་རྡོ་རྗེ་པགས་པ་ནི་རང་ཉིད་ཕམ་པ་དང་གཞན་ཕྱོགས་རྒྱལ་བའི་རྒྱུ་རུ་ཟད་དོ།།
གསུམ། ན་ཀྲའི་གཡུལ་འགྱེད་དང་ཀརྞའི་ལས་དབང་། གང་གཱའི་རྒྱུན་གྱི་གཡོ་བ་དང་འགྲོགས་ནས་སྒྲོམ་དུ་ཞུགས་པའི་ཀུན་ཏིའི་བུ་ཀརྞ་ཡི་ལས་དབང་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། ཆུར་མ་ཞུགས་གོང་ཀརྞ་ནི་ཀུན་ཏིའི་བུ་ཆེ་བ་ཡིན་པ་དང་ཆུར་ཞུགས་རྗེས་སྒྲོམ་ནང་གི་ཀརྞ་ནི་རིགས་རུས་དང་ཐོབ་ཐང་མེད་པའི་ཁྱེའུ་འཁྱམ་པོ་ཞིག་ཡིན་ལ། སྐབས་དེ་ནི་ཀརྞ་ལ་མཚོན་ན་རིགས་རུས་ཐོབ་ཐང་དངོས་དོར་ཏེ་གཞན་ཞིག་འཚོལ་བའི་གོ་རིམ་ཞིག་ཀྱང་ཡིན་ཏེ། སྤྱིར་ཀརྞ་སྒྲོམ་ནས་རྙེད་དེ་རང་གི་བུར་གསོ་མཁན་སུ་ཡིན་སྐོར་ལ་འཁོད་ཚུལ་མི་མཐུན་མོད་འདིར་སྐབས་དོན་དང་ཆེར་མ་འབྲེལ་བས་མཆན་གྱིས་དཀྱུས་སྒྲིབ་པར་དོགས་ནས་འགོད་པར་མི་བྱ་ལ། མདོར་ན་ཀུན་ཏིའི་སྲས་སུ་འཁྲུངས་ནས་གཞན་གྱིས་བུར་བསྐྱངས་པ་དང་། སྐྱ་སེང་གི་ཕྱོགས་གཏོགས་ནས་འཐབ་དཀའི་དཔུང་རོགས་སུ་གྱུར་བ་ནི་ཀརྞའི་མི་ཚེའི་བྱུང་བ་ལས་འཕེལ་འགྲིབ་ཆེ་ཤོས་ཤིག་དང་།གདུང་ཁུངས་ཀྱི་གསང་བ་དང་དེར་བརྟེན་པའི་རིགས་རུས་ཐོབ་ཐང་གི་འགྱུར་བ་འདིས་《མ་ཧཱ་བྷ་ར་ཏ་》ཡི་བརྗོད་བྱ་སྤྱི་དང་ཁྱད་པར་དུ་སྐྱ་སེང་འཐབ་དཀའ་བཅས་པའི་ཕྱོགས་ཁག་ཆེན་པོ་གཉིས་བར་གྱི་འབྲེལ་བ་དང་། དེ་མིན་ཀུན་ཏི་དང་ཀརྞས་མཚོན་པའི་མ་བུའི་འབྲེལ་བ། ཀརྞ་དང་སྲིད་སྒྲུབ་ཀྱིས་མཚོན་པའི་ཕུ་ནུའི་འབྲེལ་བ། ཀརྞ་དང་འཐབ་དཀས་མཚོན་པའི་གྲོགས་པོའི་འབྲེལ་བ་དང་དེ་དག་གི་མངོན་ཚུལ་དང་འཕེལ་ཕྱོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།
སྐྱེས་པའི་ཕ་མས་དོར་ཏེ་བསྐྱངས་པའི་ཕ་མས་བུ་རུ་གསོས་པ་ནི་ཀརྞ་འཚར་ལོངས་བྱུང་བའི་གོ་རིམ་ཁྲོད་ཀྱི་དོན་ཆེན་དང་ མཐའི་ལས་དབང་གི་སྔོན་བསགས་ཀྱི་རྒྱུ་རུ་ངེས་ན། ཕུ་ནུ་ནང་དམེ་ཡི་ངོ་བོར་སོང་བའི་ན་ཀྲའི་གཡུལ་འགྱེད་ནི་སྔོན་དུ་བསགས་པའི་རྒྱུ་དག་རྣམ་པར་སྨིན་པའི་འབྲས་བུར་བཤད་དུ་རུང་ལ། 《ས་སྐྱ་ལེགས་བཤད་ཀྱི་འགྲེལ་བ་》རུ་ཀརྞ་དང་རང་གི་སྤུན་ཟླ་སྐྱ་སེང་བུ་ལྔ་གཡུལ་ལས་འཕྲད་པའི་སྐོར་ལ་ཤིན་ཏུ་བསྡུས་པ་ཞིག་ལས་མ་བྱུང་མོད། ཕྱིས་ཀྱི་དོན་མདོར་བསྡུས་ནི་《མ་ཧཱ་བྷ་ར་ཏ་》དབྱིན་ཡིག་ཏུ་འགྱུར་བའི་གཞུང་སྣ་ཚོགས་ནས་ཤེས་ཏེ། ཀརྞ་དང་སྲིད་སྒྲུབ། འཐབ་དཀའ་བཅས་པའི་མི་གསུམ་བར་གྱི་འབྲེལ་བའི་ངོ་བོ་དང་འཕེལ་རིམ་ནི་དེ་དག་གི་བརྗོད་བྱའི་སྙིང་པོར་གྲུབ་ལ།ཁོང་གསུམ་མདའ་རྩལ་འགྲན་བསྡུར་ཞིག་ཏུ་འཕྲད་པ་ནས་དབུ་བརྩམས་ཏེ་རྒྱུ་རྐྱེན་དུ་མའི་དབང་གིས་ཀརྞ་དང་སྲིད་སྒྲུབ་བར་ལ་འཁོན་སྡང་བྱུང་སྟེ་ཕུ་ནུ་ཟུང་ནི་དགྲ་བོའི་ངོ་བོར་སོང་ཞིང་། འཐབ་དཀས་ནི་ངན་སེམས་གཡོ་སྒྱུ་ཡིས་ཀརྞ་རང་ཕྱོགས་སུ་བཟུང་བས་དགྲ་ངོ་གྲོགས་པོའི་ཚུལ་དུ་སོང་སྟེ་ཀརྞ་ནི་འཐབ་དཀའི་དཔུང་ཚོགས་ཀྱི་དམག་དཔོན་དུ་གྱུར་ནས། མཐར་ན་ཀྲའི་གཡུལ་འགྱེད་དེ་《མ་ཧཱ་བྷ་ར་ཏ་》ཡི་མཇུག་ཏུ་བྲིས་པའི་ཕུ་ནུ་ནང་དམེ་དང་ཉེ་དུ་ནང་འགལ་གྱིས་བསླངས་པའི་གཡུལ་འཐབ་སྐྱི་གཡའ་བ་དེ་ནས་སྲིད་སྒྲུབ་ཀྱིས་དྲངས་པའི་སྐྱ་སེང་ཕྱོགས་གཏོགས་(Pandava)དང་ཀརྞས་དྲངས་པའི་འཐབ་དཀའི་ཕྱོགས་གཏོགས་(Kaurava)གཉིས་ཕན་ཚུན་མེ་ཆུ་བཞིན་དུ་འཕྲད་པར་གྱུར་ཏོ།། སྐབས་འདི་ནི་དུས་ཤིན་ཏུ་དམིགས་བསལ་ཞིག་ཡིན་ཏེ། ཀརྞའི་གདུང་ཁུངས་ཀྱི་གསང་བ་ཀུན་ལ་བསྒྲགས་པའི་དུས་ལ་སླེབས་ཤིང་། སྤུན་ཟླ་ནང་འཛིང་གི་ལས་ངན་བཟློག་པའི་ཕྱིར་དུ་ཡུམ་ཀུན་ཏིས་ཀརྞ་ལ་ཁོའི་གདུང་རབས་ཀྱི་གསང་བ་བརྟོལ་ཏེ་གཡུལ་ལས་ཕྱིར་འཐེན་པར་འབད་མོད།ཀརྞས་རང་ཉིད་ནི་སྐྱ་སེང་གི་ཕྱོགས་འཛིན་དང་སྲིད་སྒྲུབ་སོགས་ཀྱི་སྤུན་ཟླ་ཡིན་པའི་གསང་བ་དེ་མ་ཤི་བར་དུ་གསང་རྒྱ་བྱེད་དགོས་པའི་རེ་བ་ནན་དུ་ཞུས་ཏེ་གཡུལ་ལ་ཞུགས་པ་དང་། ད་དུང་ཡུམ་ལ་རང་ཉིད་ནི་བསྐྱངས་པའི་ཡུམ་གྱི་སྲས་ཡིན་པས་མིང་ལ་ཀུན་ཏེ་ཡ་(Kaunteya)ཞེས་ཀུན་ཏིའི་བུ་རུ་མི་འབོད་པར་ར་ཏེ་ཡ་(Radheya)ཞེས་པར་འབོད་ཚུལ་སྨོས་ཏེ་གཡུལ་ལ་ཞུགས། སྐབས་དེའི་ར་ཏེ་ཡ་(Radheya)དང་ཀུན་ཏེ་ཡ་(Kaunteya)བྱ་བའི་མིང་གཉིས་ཀྱིས་རིགས་རུས་ཐོབ་ཐང་མི་འདྲ་བ་གཉིས་མཚོན་ལ། དེ་གཉིས་ལ་བླང་དོར་བྱེད་པའི་སྐབས་སུ་ཀརྞས་རང་ཉིད་ནི་སྐྱ་སེང་བུ་ལྔའི་སྤུན་ཟླ་ཡིན་པའི་ལྷན་སྐྱེས་ཀྱི་ཐོབ་ཐང་དོར་ནས་ཆུ་ལས་རྙེད་མཁན་གྱི་བུ་ཡིན་པའི་རྗེས་སུ་གནང་བའི་ཐོབ་ཐང་དོན་དུ་གཉེར། གནས་ཚུལ་དེ་ལྟ་བུའི་འོག་ནས་རྩོད་ལྡན་དུས་ཀྱི་དཔའ་བོ་སྤུན་གཉིས་ཏེ་སྲིད་སྒྲུབ་དང་ཀརྞའི་བར་གྱི་གཡུལ་ནི་སུས་ཀྱང་བཟློག་མ་ནུས་ཤིང་། ཕྱོགས་གཉིས་ཀྱིས་ན་ཀྲ་(Kurukshetra)བྱ་བའི་གྲོང་ཁྱེར་གྱི་འདབས་ནས་ཉིན་བཅོ་བརྒྱད་ཀྱི་རིང་ལ་གཡུལ་འཐབ་དྲག་པོ་བགྱིས་པ་དང་།བརྒྱ་བྱིན་སོགས་ཀྱི་གཡོ་ཐབས་ཀྱི་དབང་གིས་རང་ལུས་ཀྱི་རྡོ་རྗེ་པགས་པ་དོར་བའི་ཀརྞ་ནི་གཡུལ་གྱི་ཉིན་བཅུ་བདུན་པར་རང་གི་ནུ་བོའི་མདའ་ཁ་ལས་ཤིའོ།། སྐབས་དེར་ཡུམ་ཀུན་ཏིས་བུ་གཞན་དག་ཀརྞའི་འདས་མཆོད་ལ་བསྐུལ་ཆེད་ཁོའི་གདུང་ཁུངས་ངོ་མའི་གསང་རྒྱ་བརྟོལ་བས། སྐྱ་སེང་བུ་ལྔས་ད་གཟོད་ན་ཀྲའི་གཡུལ་འགྱེད་ནི་འཐབ་དཀའི་གཡོ་སྒྱུས་བསླངས་པའི་ཕུ་ནུ་ནང་དམེ་ཤ་སྟག་ཡིན་ཚུལ་ཤེས་ནས་ཡིད་སེམས་རབ་ཏུ་སྐྱོ་བར་གྱུར་ལ། སྐྱ་སེང་གི་བུ་ཆེ་བ་གཡུལ་ངོ་བརྟན་པས་རྒྱལ་སྲིད་རང་གི་ཚ་བོར་གཏད་དེ་སྤུན་གཞན་དག་དང་ལྷན་དུ་ནགས་སུ་ཞུགས་ཏེ་སྒྲུང་གི་མཇུག་ཡོངས་སུ་བསྡུས། ཡིན་ནའང་གདུང་ཁུངས་ལ་གསང་བ་ཆེན་པོ་མཆིས་པའི་《མ་ཧཱ་བྷ་ར་ཏ་》ཡི་དཔའ་བོ་དག་གི་ཐུ་བོ་སྟེ་ཀརྞ་ཉིད་མཇུག་མཐར་འཆི་བའི་ལས་དབང་ལ་བཟློག་ཐབས་མ་བྱུང་ཞིང་། ཁོང་ནི་ན་ཀྲའི་གཡུལ་འགྱེད་ལས་གྲོངས་ཏེ་ནམ་ཡང་ཕྱིར་ལྡོག་པ་མེད་པར་གྱུར་བ་ནི་《མ་ཧཱ་བྷ་ར་ཏ་》རུ་བྲིས་པའི་སྐྱོ་གར་ཆེ་ཤོས་དེ་ཡིན།
གསུམ་པ། གསང་བ་ཆོས་ལུགས་དང་འབྲེལ་ནས་ཀརྞ་དང་རུ་པ་ཏིའི་གཏམ་གཉིས་ཅུང་ཟད་བསྡུར་བ།
གོང་དུ་བསྟོད་འགྲེལ་སོགས་གཞིར་བྱས་ཤིང་རྒྱལ་རབས་གསང་བ་ཆོས་ལུགས་དང་འབྲེལ་བའི་རུ་པ་ཏིའི་གཏམ་རྒྱུད་དང་། 《མ་ཧཱ་བྷ་ར་ཏ་》ལས་བྱུང་བའི་ཀརྞའི་བྱུང་རབས་གཉིས་སྡེ་ཚན་སོ་སོར་བྲིས་ཏེ་གཏམ་སོ་སོའི་ཁུངས་དང་བྱུང་འཕེལ་ལ་བརྟགས་ཁུལ་བྱས་ཏེ། ཀརྞའི་གདུང་ཁུངས་དངོས་དང་དེ་གསང་རྒྱ་མཛད་པའི་དགོས་ཆེད་དང་མཇུག་འབྲས། དེར་འབྲེལ་གསང་རྒྱ་བརྟོལ་བའི་དགོས་ཆེད་དང་མཇུག་འབྲས་སོགས་ནི་གོང་གི་སྡེ་ཚན་ནས་ཤེས་པར་གྱུར་ལ། ད་ནི་རུ་པ་ཏིའི་རིགས་རུས་གདུང་ཁུངས་དང་ཁོང་དང་སྐྱ་སེང་འཐབ་དཀའ་བར་གྱི་འབྲེལ་བ་ཅི་ཡིན་སྐོར་ལ་བོད་ཀྱི་ཡིག་ཆར་འཁོད་པའི་གནས་ཚུལ་དག་གུང་བསྒྲིགས་ནས་བརྟགས་ཚེ། རུ་པ་ཏིའི་གཏམ་ནི་རྒྱལ་རབས་གསང་བ་ཆོས་ལུགས་ཀྱི་གཞི་འཛིན་ས་གཙོ་བོ་ཞིག་ཡིན་མོད། ན་ཀྲའི་གཡུལ་ནས་བོད་དུ་བྲོས་ཡོང་བར་བཤད་པའི་རྒྱ་གར་གྱི་རྒྱལ་པོའམ་རྒྱལ་བུ་འདི་དོན་དམ་དུ་སུ་ཡིན་པའི་སྐོར་བོད་ཀྱི་ཡིག་ཆར་བསྟན་ཚུལ་ལ། 《བཀའ་ཆེམས་ཀ་ཁོལ་མ་》དང་《མངོན་པ་ཀུན་བཏུས་རྒྱན་གྱི་མེ་ཏོག་》 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》ལྟ་བུས་དམག་བརྒྱ་བའི་བུ་ཞེས་སྤྱི་ཙམ་དང་། 《བཤད་མཛོད་ཡིད་བཞིན་ནོར་བུ་》དང་《བོད་དུ་མིའི་སྐྱེ་འགྲོ་བྱུང་ཚུལ་》ལྟ་བུས་དམག་བརྒྱ་བའི་བུ་ཐ་ཆུང་དུ་བཞེད་པས་ཕལ་མོ་ཆེས་ནི་དམག་བརྒྱ་བའི་བུ་རུ་འདོད་ཅིང་། དོན་དེར་མཐའ་གཅིག་ཏུ་ཞལ་མི་གསལ་བ་ལ་དཔེར་ན་《ཉི་མའི་རིགས་ཀྱི་རྒྱལ་རབས་སྐྱེ་རྒུའི་ཅོད་པན་ཉི་ཟླའི་ཕྲེང་མཛེས་》ལྟ་བུར།དེའི་ཚེ་རུ་སི་ནི་ཞེས་པའི་རྒྱལ་པོ་དཔུང་དུ་མ་དང་བཅས་པ་བུད་མེད་ཀྱི་ཆས་སུ་ཞུགས་ཞེས་དང་། 《ས་སྐྱ་ལེགས་བཤད་ཀྱི་འགྲེལ་བ་》ལྟ་བུར། དེའི་དཔུང་ཚོགས་གཅིག་ན་རེ་རང་གི་ཇོ་བོ་གསོད་མཁན་གྱི་འབངས་བྱེད་པ་པས་རང་ཤི་བསླའོ་ཞེས་ཏེ། ངེད་རང་གཉིས་རི་བྲགས་སུ་འདོང་ངོ་ཟེར་ནས་བོད་ཀྱི་ཡུལ་དུ་བྲོས་པས་ན། བོད་འདི་རྣམས་ངའི་མི་རིགས་ཡིན་པས་ཕྱི་ཐག་རིང་ཞིང་གཞུང་བཟང་པའི་རྒྱུ་མཚན་དེ་སྐད་དོ་ཞེས་འཐབ་དཀའི་དཔུང་ཚོགས་སུ་བསྟན་པ་ཙམ་ལས་རིགས་རྒྱུད་ཀྱི་སྲས་སུ་ནི་ཞལ་བཞེས་གནང་མེད། གཞན་ན་ཀྲའི་གཡུལ་འགྱེད་ཀྱི་རྒྱལ་ཕམ་གྱི་མཇུག་འབྲས་ལ་《ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པའི་རྒྱ་ཆེར་བཤད་པ་》ལས། གཡུལ་དཀྱེབས་འཐབ་དཀའི་རིགསུ་དཔུང་གི་ཚོགས།། བཅོ་བརྒྱད་དང་བཅས་པ་བརླག་པར་གྱུར་ཏོ་ཞེས་པ་དང་། 《ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་》དུ། དགྲ་ངན་དཔུང་ཚོགས་བཅུ་གཉིས་པོ།། སྐྱ་བསད་པ་ཡིས་བཅོམ་ཞེས་ཐོས་ཞེས་པ་དང་། 《ཉི་མའི་རིགས་ཀྱི་རྒྱལ་རབས་སྐྱེ་རྒུའི་ཅོད་པན་ཉི་ཟླའི་ཕྲེང་མཛེས་》ལས། འཐབ་དཀའི་རིགས་དཔུང་ཚོགས་བཅུ་གཉིས་དང་བཅས་པ་ཕམ་པར་བྱས་ཞེས་གསལ། ཡང་《ས་སྐྱ་ལེགས་བཤད་ཀྱི་འགྲེལ་བ་》རུ། དཔུང་ཚོགས་ཡན་ལག་བཅུ་གཉིས་པོ་ཕལ་ཆེར་བསད་དེ་ཕམ་པའི་ཚེ་ཞེས་པ་དང་། ཡང་དེ་ལས། རྒྱལ་པོ་ཡུལ་འཁོར་སྐྱོང་གི་བུ་དགྲ་ངན་སྤུན་བརྒྱ་དཔུང་ཚོགས་དང་བཅས་པ་ཕལ་ཆེར་བསད་ཅེས་འཁོད་པས། ན་ཀྲའི་གཡུལ་འགྱེད་ལས་རྒྱལ་ཕམ་གྱི་མཇུག་འབྲས་ཅི་ཡིན་ལ་རྩ་བའི་ཆ་ནས་དཔུང་ཚོགས་ཡན་ལག་བཅོ་བརྒྱད་དམ་བཅུ་གཉིས་ཡོངས་སུ་བརླག་པའམ་ཕལ་ཆེར་བསད་པར་འདོད་པའི་ལུགས་གཉིས་སུ་ཆད་པར་སྣང་ཞིང་། གལ་ཏེ་དེ་དག་ཡོངས་སུ་བརླག་པར་གྱུར་ན་རུ་པ་ཏི་བྲོས་ནས་བོད་དུ་བྱོན་པའི་གཏམ་ཕྱི་མ་འགྲུབ་པར་མི་འགྱུར་ལ། ཕལ་ཆེར་བསད་པར་སྨོས་ན་རུ་པ་ཏི་གཡུལ་ལས་ཐར་ཏེ་ཕྱིས་བོད་ཀྱི་རྒྱལ་པོར་བྱོན་པའི་གཏམ་འགྲུབ་པར་སྙམ་པས་རང་བློ་ལ་འཛིན་བདེ་བ་ལྟ་བུར་སྣང་མོད། དོན་དུ་ནི་ལུགས་དེ་གཉིས་ལ་རྒྱུ་མཚན་མི་དམན་པས་གཉིས་ཀ་དག་པར་མཐོང་སྟེ། དེ་ཡང་འཐབ་དཀའི་དཔུང་ཚོགས་ཡོངས་སུ་བརླག་པར་འདོད་པའི་ལུགས་དེས་རུ་པ་ཏི་ཉིད་དགྲ་ངན་འཐབ་དཀའི་རིགས་ཡིན་ཚུལ་དང་ཕྱོགས་དེར་འབྲེལ་བའི་དོན་རྣམ་པར་གཅོད་ཅིང་། རུ་པ་ཏི་སྐྱ་སེང་གི་ཕྱོགས་དང་འབྲེལ་བའི་གསང་བ་དོན་གྱི་ཤུགས་སུ་འཕངས་པས་ཕྱོགས་གཅིག་ནས་བདེན་ལ། འཐབ་དཀའི་དཔུང་ཚོགས་ཕལ་ཆེར་བསད་པར་འདོད་པ་དག་གིས་ཕལ་ཆེར་ཞེས་སྨོས་པའང་བདེན་ཏེ། 《མ་ཧཱ་བྷ་ར་ཏ་》ཡི་གཞུང་དངོས་སུ་ན་ཀྲའི་གཡུལ་ལས་ཐར་བའི་འཐབ་དཀའི་ཕྱོགས་འཛིན་ལ་Ashwatthama, Krupacharya,Kritavarmaབཅས་མི་གསུམ་ལྷག་ཡོད་པས་ཕལ་ཆེར་བསད་ཅེས་སྨོས་པའང་དག་པར་འགྱུར་བས་སོ།།
སྡེ་ཚན་འདིའི་བརྟག་བྱ་ནི་བོད་ཀྱི་ཡི་གེར་གྲགས་པའི་རུ་པ་ཏི་བྱ་བ་དེ་《མ་ཧཱ་བྷ་ར་ཏ་》ཡི་གཞུང་ན་ཡོད་མེད་དང་། ཡོད་ན་སུ་ཞིག་ཡིན་པ་དང་མེད་ན་ཇི་ལྟར་གྲུབ་པའི་དོན་ཡིན་ལ། ཐོག་མར་《མ་ཧཱ་བྷ་ར་ཏར་》རུ་པ་ཏི་བྱ་བ་ཞིག་ཡོད་མེད་ནས་དབུ་བརྩམས་ཏེ་བརྟགས་ན། དང་པོ་ཡུལ་འཁོར་སྐྱོང་གི་ཕྱོགས་ནས་བརྟགས་ན། 《ས་སྐྱ་ལེགས་བཤད་ཀྱི་འགྲེལ་བ་》རུ་བུ་ལྷག་མ་རྣམས་ཀྱི་མིང་བྲི་ཡིས་མ་ལང་ངོ་ཞེས་བུ་ཀུན་གྱི་ཆེ་བ་འཐབ་དཀའི་མིང་མ་གཏོགས་སྨོས་མེད་ལ། 《སྐྱ་བསེང་བུ་ལྔའི་རྟོགས་བརྗོད་》ལས། དེ་མིན་མིང་གི་ཕྲེང་མང་དག ཚིག་གི་སྲད་བུ་ལ་རྒྱུས་པའི།།ངལ་བ་སྤངས་མེད་ཀུན་ཀྱང་ནི།། བསྐྱེད་བསྲིངས་ཆོ་གས་མཐུན་པར་བསྐྱངས་ཞེས་བུ་ཆེ་བ་གཉིས་ཏེ་དགྲ་ངན་དང་འཐབ་དཀའི་མིང་མ་གཏོགས་གཞན་དག་རེ་རེ་ནས་བགྲངས་མེད་པས་དཔྱད་ཐབས་བྲལ་མོད།(31) 《མ་ཧཱ་བྷ་ར་ཏ་》 རུ་ཡུལ་འཁོར་སྐྱོང་ལ་ཡུམ་གཅིག་པའི་བུ་བརྒྱ་དང་བུ་མོ་གཅིག གཞན་ཡང་ཡུམ་མི་གཅིག་པའི་བུ་གཅིག་དང་སྡོམ་ན་བུ་བུ་མོ་བརྒྱ་དང་གཉིས་ཀྱི་མིང་འཁོད་འདུག་ཅིང་། དེ་དག་ཀུན་གཡུལ་ལས་ཤི་བས་གཡུལ་ལས་ཐར་བའི་རུ་པ་ཏི་ནི་ཡུལ་འཁོར་སྐྱོང་གི་སྲས་ཡིན་ཐབས་མེད་པ་དང་། རུ་པ་ཏི་བྱ་བ་ཞིག་Ashwatthama,Krupacharya, Kritavarmaསོགས་ཡུལ་འཁོར་སྐྱོང་གི་ཕྱོགས་འཛིན་པའི་དམག་དཔོན་ཆེན་པོ་གསུམ་གྱི་གྲས་སུའང་མེད་པས། རུ་པ་ཏི་ནི་ཡུལ་འཁོར་སྐྱོང་དང་དངོས་སུ་མ་འབྲེལ་ལ། སྐྱ་སེང་གི་ཕྱོགས་ནས་བརྟགས་ན་སླ་སྟེ། རུ་པ་ཏི་བྱ་བ་ཞིག་འཇིག་རྟེན་ལ་གྲགས་པའི་སྐྱ་སེང་གི་བུ་ལྔའི་གྲས་སུ་མེད་པས་སྐྱ་སེང་དང་ཡང་དངོས་སུ་མ་འབྲེལ་ཏོ།། དེ་བས་དངོས་འབྲེལ་གྱི་དོགས་གཞི་ཞིག་ནི་རུ་པ་ཏི་བྱ་བ་ཞིག་སྐྱ་སེང་བུ་ལྔའི་ནང་ཚན་དུ་མེད་ལ། ཡུལ་འཁོར་སྐྱོང་གི་བུ་བརྒྱའི་གྲས་སུ་དང་དེའི་ཕྱོགས་འཛིན་པའི་གཡུལ་ལས་ཐར་བའི་དམག་དཔོན་གསུམ་གྱི་ཁོངས་སུའང་མེད་པ་བཅས་མདོར་ན་སྐྱ་སེང་དམག་བརྒྱ་བ་སོགས་ནི་《མ་ཧཱ་བྷ་ར་ཏ་》ལས་བྱུང་མོད། རུ་པ་ཏི་བྱ་བ་ཞིག་ནི་སྒྲུང་རབས་དེ་ལས་རྙེད་རྒྱུ་མེད་པས། བོད་ཀྱི་གསང་བ་ཆོས་ལུགས་ཀྱི་གཞི་འཛིན་ས་རུ་པ་ཏིའི་གཏམ་ནི་བོད་སྔ་མའི་བློ་བཟོ་ཁོ་ན་ཡིན་ནམ་ཞེ་ན། ཕྱོགས་གཅིག་ནས་རུ་པ་ཏིའི་གཏམ་གྱི་ས་བོན་དང་སྤྱི་ཁོག་སོགས་ནི་《མ་ཧཱ་བྷ་ར་ཏ་》དང་འབྲེལ་བས། གཏན་ནས་མེད་པ་ཞིག་རང་བློས་བཟོས་ཏེ་གྲུབ་པ་ཙམ་མིན་པར་སྙམ་ཞིང་། ཕྱོགས་གཞན་ཞིག་ནས་བོད་ཀྱི་གསང་བ་ཆོས་ལུགས་དང་འབྲེལ་ཏེ་བྱུང་བའི་རུ་པ་ཏིའི་སྐོར་གྱི་གཏམ་རྒྱུད་ནི་དགོས་ཆེད་སྣ་ཚོགས་པའི་ཕྱིར་དུ་རིགས་ལམ་ངེས་ཅན་ལ་བརྟེན་ནས་《མ་ཧཱ་བྷ་ར་ཏ་》ཡི་བྱུང་བ་ལ་བླང་དོར་དང་ལེགས་བཅོས་མཛད་དེ་གྲུབ་པས་ཕྱི་མོ་དང་རྣམ་པར་མི་མཐུན་པའི་ཁྱད་ཆོས་ཀྱང་མངའ་འོ།།
རུ་པ་ཏི་སུ་ཡིན་པའི་གསང་བ་ཤེས་པར་བྱེད་པ་ལ་བོན་གྱི་བསྟན་འབྱུང་《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ་》 རུ་ཤིན་ཏུ་གནད་ཆེ་བའི་ཚིག་གཅིག་བྱུང་ཡོད་དེ། དེ་ལས། སྐྱབས་སེང་ལ་སྲས་དྲུག་བྱུང་བའི་ཆེ་ཤོས་གཉའ་ཁྲི་བཙད་པོ། དེ་མཚམས་གཡུལ་ངོར་བརྟན་པ་ཡིན་པར་བྱམས་མ་ནས་བཤད་དོ་ཞེས་འཁོད་འདུག་ཅིང་།(32)འདིར་དཔྱད་རིན་ཤིན་ཏུ་ཆེ་སྟེ། བསྟོད་འགྲེལ་དང་《ས་སྐྱ་ལེགས་བཤད་ཀྱི་འགྲེལ་བ་》སོགས་བོད་ཀྱི་ཡིག་ལམ་གཙོ་བོ་དག་ཏུ་སྐྱ་སེང་བུ་ལྔར་ཐུན་མོང་དུ་གྲགས་པ་ལས་བུ་དྲུག་ཡོད་པའི་གཏམ་ཀུན་ནས་མ་གྲགས་པས་ཤིན་ཏུ་ཐུན་མོང་མ་ཡིན་ལ། སྐབས་འདིའི་སྐྱ་སེང་གི་བུ་དྲུག་ནི་ཡོངས་སུ་གྲགས་པའི་བུ་ལྔའི་སྟེང་བུ་ཆེ་ཤོས་གཉའ་ཁྲི་བཙན་པོ་བསྣན་པས་དྲུག་ཏུ་འགྲུབ་ཅིང་།(33) སྐབས་འདིའི་སྐྱ་སེང་གི་བུ་ཆེ་བ་ནི་སྐྱ་སེང་གི་བཙུན་མོ་ཀུན་ཏིར་འཁྲུངས་པའི་གསང་བའི་བུ་ཀརྞ་ཡིན་པར་ངེས་ལ། ཀུན་ཏི་ལ་ཀརྞ་འཁྲུངས་རྗེས་ད་གཟོད་བུ་གཞན་དག་འཁྲུངས་པས་གསང་བའི་ངོ་བོར་སོང་མོད་ཀྱང་སྐྱ་སེང་དང་ཀུན་ཏིའི་བུ་ཆེ་བ་ནི་ཀརྞ་ཡིན་པ་དང་།བུ་ལྔའི་སྟེང་ཀརྞ་བསྣན་ན་དྲུག་ཏུ་འགྱུར་བས་སྐྱ་སེང་ལ་བུ་དྲུག་ཡོད་པ་ནི་《མ་ཧཱ་བྷ་ར་ཏ་》ཡི་དགོངས་པ་དངོས་ཡིན། རྒྱུ་མཚན་འདི་དག་གི་དབང་གིས་བོད་ཀྱི་གསང་བ་ཆོས་ལུགས་ནས་བཤད་པའི་རུ་པ་ཏི་ནི་《མ་ཧཱ་བྷ་ར་ཏ་》ཡི་ཀརྞ་ལ་ཐུག་པ་དང་། ཁྱད་པར་དུ་《མ་ཧཱ་བྷ་ར་ཏ་》རུ་འཁོད་པའི་ཀརྞའི་བྱུང་རབས་དང་བོད་ཀྱི་རྒྱལ་རབས་གསང་བ་ཆོས་ལུགས་སྣ་ཚོགས་ནས་བཤད་པའི་རུ་པ་ཏིའི་གཏམ་རྒྱུད་གཉིས་ཕན་ཚུན་གོ་བསྡུར་ཏེ་དཔྱད་ན་བོད་ཀྱི་རུ་པ་ཏིའི་གཏམ་དང་རྒྱ་གར་གྱི་ཀརྞའི་བྱུང་རབས་བར་གྱི་འབྲེལ་བ་ཕྱོགས་ཀུན་ནས་རྣམ་པར་ཤེས་ཐུབ་བོ།།
གཅིག གདུང་ཁུངས་ཀྱི་གསང་བ་དང་དེར་གསང་རྒྱ་མཛད་ཚུལ་ལ་འབྲེལ་ནས་གླེང་བ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་(1846-1912)《རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་》དུ།མ་མཐོང་རྒྱང་ནས་རྩི་འགྱུར་ལ།། མཐོང་ཐོས་མང་ན་ཕལ་དང་འདྲ།། རྒྱལ་ཁབ་དང་ནི་རྒྱལ་པོའི་རྒྱུས།། གཞན་གྱིས་ཤེས་པར་མི་བྱའོ་ཞེས་རྒྱལ་པོའི་ལོ་རྒྱུས་གནས་ཚུལ་ལ་གསང་རྒྱ་མཛད་པའི་དགེ་མཚན་གསུངས་འདུག་ལ།(34) དོན་འདི་གནས་སྐབས་འདི་དང་འབྲེལ་མིན་མི་ཤེས་མོད། རིགས་རུས་གདུང་ཁུངས་ཀྱི་གསང་བ་ནི་ཀརྞ་དང་རུ་པ་ཏིའི་གཏམ་རྒྱུད་ཀྱི་མཚུངས་ཆོས་དག་ལས་ཆེས་ཤིན་ཏུ་རྩ་བར་མཐོང་སྟེ།ཀརྞའི་ངོས་ནས་བཤད་ན། རིགས་རུས་སྐྱེ་ཁུངས་ཀྱི་གསང་བ་སྟེ་ཁོང་ནི་ཀུན་ཏིའི་བུ་ཆེ་བ་ཡིན་པས་སྐྱ་སེང་གི་བུ་ཆེ་བ་ཡང་ཡིན་པའི་དོན་དེ་ནི་《མ་ཧཱ་བྷ་ར་ཏ་》ཡི་བྱུང་རིམ་གལ་ཆེན་དང་སྒྲུང་རབས་ཆེན་མོ་དེའི་སྔ་ཕྱི་བར་གསུམ་དུ་འཐིམས་པའི་གསང་བ་ཆེ་ཤོས་སུ་གྲུབ། རུ་པ་ཏིའི་ངོས་ནས་བཤད་ན། གཡུལ་ལས་ཐར་བའི་ཕྱིར་དུ་བུད་མེད་ཀྱི་ཆས་སུ་ཞུགས་ནས་ཐོབ་ཐང་དངོས་གསང་སྟེ་བོད་དུ་ཕེབས་ནས་རྒྱལ་པོ་མཛད་འདུག་ཅིང་། བོད་ཀྱི་མཁས་པ་དག་གིས་འཆད་ལུགས་འདི་ལ་གསང་བ་ཆོས་ལུགས་ཞེས་པའི་ཐ་སྙད་སྦྱར་ཡོད་པ་དང་། སྐབས་འདིའི་གསང་བ་ནི་རིགས་རུས་གདུང་ཁུངས་ཀྱི་གསང་བ་ལ་གོ་བར་འོས་ཤིང་། མདོར་དེད་ན་གསང་བ་དེའང་ཀརྞ་དང་རུ་པ་ཏི་ལ་རྣམ་པར་འབྲེལ་འདུག་སྙམ། དེའི་ཕྱིར་བོད་ཀྱི་ཁ་ན་རླུང་ལྟར་གྲགས་པའི་གསང་བ་ཆོས་ལུགས་ཞེས་པའི་བོད་བརྡ་འདི་ནི་རྒྱུ་མཚན་དང་སྒྲ་བཤད་སོགས་བཤད་དུ་མེད་པའི་འདོད་རྒྱལ་གྱི་མིང་ཞིག་མ་ཡིན་པར། དེ་ནི་བོད་ལ་གྲགས་ཆེ་བའི་རུ་པ་ཏིའི་གཏམ་དང་རྒྱ་གར་བ་ལ་རྒྱུས་ཆེ་བའི་ཀརྞའི་བྱུང་རབས་བར་གྱི་འབྲེལ་བར་བརྟགས་ཤིང་དཔྱད་དེ་ནན་ཏན་གྱིས་བཏགས་པ་ཞིག་གོ།
དོན་གང་ཞིག་གསང་རྒྱ་བྱེད་དགོས་ན་ཐབས་ངེས་ཅན་ལ་བརྟེན་དགོས་ཤིང་། གཏམ་རྒྱུད་གཉིས་ཀར་དེའི་སྐོར་གྱི་གནས་ཚུལ་འཁོད་སྟངས་ཀྱང་ཕལ་ཆེར་འདྲ་སྟེ།དཔེར་ན་《མ་ཧཱ་བྷ་ར་ཏ་》རུ་ཀརྞའི་གདུང་ཁུངས་དངོས་ཀྱི་མཚོན་བྱེད་གཅིག་ནི་ཁོང་གི་རྣ་རྒྱན་དང་རྡོ་རྗེ་པགས་པ་ཡིན་པ་དང་། དང་པོར་ཡུམ་ཀུན་ཏི་ལ་འཁྲུངས་དུས་རྣ་རྒྱན་དང་པགས་པ་བཞེས་ཡོད་པས་ཡུམ་ལ་བཙས་མ་ཐག་པར་མཚན་ལ་ཀརྞ་ཞེས་འབོད་ཅིང་། དེ་ནི་ཁོང་གི་གདུང་ཁུངས་དངོས་དང་འབྲེལ་བའི་སྐུའི་ཁྱད་རྟགས་ཡིན་ལ། ཕྱིས་སུ་བརྒྱ་བྱིན་གྱིས་ཀརྞའི་རྣ་རྒྱན་དང་པགས་པ་གཡོ་ཐབས་ཀྱིས་བསླུས་རྗེས་ཁོང་ལ་Vaikartanaཞེས་གཅོད་མཁན་ནམ་འདོར་མཁན་གྱི་མཚན་ཐོགས་ཤིང་། དེ་དུས་ཁོང་ནི་རྙེད་མཁན་གྱིས་བུ་རུ་བསྐྱངས་ཏེ་སྐྱེ་ཁུངས་དངོས་ལས་རིང་དུ་གྱུར་ཡོད། ཕྱིའི་པགས་པ་བརྗེ་ཐེངས་རེར་དང་མཚན་བརྗེ་ཐེངས་རེར་ཀརྞའི་རིགས་རུས་ཐོབ་ཐང་ལ་འགྱུར་ལྡོག་ཐེངས་གཅིག་བྱུང་ཞིང་། གནད་འདི་བོད་དུ་གྲགས་པའི་རུ་པ་ཏིའི་གཏམ་དང་གཞི་གཅིག་ཏུ་དཔྱད་ན་བརྟག་བྱ་ཆེ་སྟེ། གསང་བ་ཆོས་ལུགས་ལྟར་ན་རུ་པ་ཏི་བདེ་ལེགས་ཀྱིས་གཡུལ་ལས་ཐར་ཏེ་བོད་དུ་བྱོན་ཐུབ་པའི་མཐུན་རྐྱེན་གཙོ་བོ་ནི་ཁོང་ཉིད་བུད་མེད་ཀྱི་ཆས་སུ་ཞུགས་པས་ཡིན་པ་དང་། བུད་མེད་ཀྱི་ཆས་སུ་ཞུགས་དགོས་དོན་ནི་རང་ཉིད་སུ་ཡིན་པ་གསང་ཕྱིར་ཡིན་ལ། བུད་མེད་དུ་མ་བརྫུས་ན་རང་ཉིད་ཀྱི་སྐྱེ་ཁུངས་དངོས་གསང་མི་ཐུབ་ཅིང་། གསང་མ་ཐུབ་ན་གཡུལ་ལས་མི་ཐར་ལ། མ་ཐར་ན་བོད་དུ་བྱོན་མི་ཐུབ་པ་དང་། བྱོན་མ་ཐུབ་ན་བོད་ཀྱི་རྒྱལ་པོ་མཛད་པའི་གསང་བ་ཆོས་ལུགས་ཀྱི་གཏམ་དག་འགྲུབ་པར་མི་འགྱུར་བས། རུ་པ་ཏི་ལ་མཚོན་ན་ཡང་ཕྱིས་ཆ་ལུགས་ཀྱི་རྣམ་པ་བརྗེས་ཏེ་རིགས་རུས་ཐོབ་ཐང་གསང་བར་མཛད་ཅིང་། རུ་པ་ཏི་བྱ་བའི་མཚན་རྙིང་དོར་ནས་གཉའ་ཁྲི་བཙན་པོ་ཞེས་པའི་མཚན་གསར་བཞེས་པ་ནི་ཕྱིས་ཀྱི་གསང་བ་ཆོས་ལུགས་ཀྱི་གཏམ་དག་འགྲུབ་པར་གྱུར་བའི་དངོས་རྒྱུར་སོང་ངོ་།། རྒྱུ་མཚན་དེའི་ཕྱིར། ཀརྞ་དང་རུ་པ་ཏིའི་གཏམ་ལ་མཚོན་ན་རིགས་རུས་གདུང་ཁུངས་ཀྱི་གསང་བ་ནི་སྔ་ཕྱིའི་བྱུང་བ་ཀུན་གྱི་འཕེལ་འགྲིབ་ལ་ཐད་ཀར་འབྲེལ་བའི་གནད་འགག་ཅིག་ཏུ་གྲུབ་པ་དང་། ཁྱད་པར་དུ་ཁོང་གཉིས་ཀྱི་རིགས་རུས་སྐྱེ་ཁུངས་གསང་བ་ནི་ཕྱིའི་པགས་པ་དང་ཆ་ལུགས། མཚན་སོགས་རྐྱེན་སྣ་ཚོགས་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་ལ། ཐུན་མོང་གི་ཡན་ལག་གི་འཆད་ཚུལ་འདི་ལྟ་བུ་ནི་མཐར་གཏུགས་ན་མི་སྣའི་གདུང་ཁུངས་དངོས་གསང་བའི་དགོས་ཆེད་དང་འབྲེལ་ལ། ཚུལ་འདིས་སྒོ་དུ་མ་ནས་ཀརྞའི་བྱུང་རབས་དང་རུ་པ་ཏིའི་གཏམ་རྒྱུད་བར་གྱི་འབྲེལ་བ་མཚོན་ཐུབ།
གཉིས། ཆུ་ལ་བསྐུར་བའི་བྱུང་རབས་དང་འབྲེལ་ནས་གླེང་བ། 《མ་ཧཱ་བྷ་ར་ཏ་》རུ་ཡུམ་ཀུན་ཏི་རྒྱལ་པོ་ལ་ངོ་ཚ་ནས་བུ་ཀརྞ་རྒྱ་མཚོར་བཏང་བའི་གཏམ་བྱུང་ཞིང་། 《བཀའ་ཆེམས་ཀ་ཁོལ་མ་》སོགས་ཀྱིས་མཚོན་པའི་བོད་གཞུང་དག་ཏུའང་རུ་པ་ཏི་ཆུ་ལ་བསྐུར་བའི་གཏམ་མང་བས། མཚུངས་ཆོས་འདི་ཡང་རྒྱལ་རབས་གསང་བ་ཆོས་ལུགས་ཀྱི་གཏམ་གཙོ་བོ་སྟེ་རུ་པ་ཏིའི་ཕྱི་མོ་ནི་《མ་ཧཱ་བྷ་ར་ཏ་》ཡི་ཀརྞའི་བྱུང་རབས་ལ་ཐུག་པའི་ཤེས་བྱེད་གཙོ་བོ་ཞིག་ཡིན། བྱུང་རབས་འདིའི་སྔ་ཕྱི་ཡི་གུང་བསྒྲིགས་ནས་སྨོས་ན། གང་དུ་བསྐྱུར་བའི་དོན་ལ་ཀརྞ་ནི་རྒྱ་མཚོ་ཞེས་སྤྱི་མིང་དང་རུ་པ་ཏི་ནི་གང་གཱ་དང་། ཇི་ལྟར་བསྐུར་ཚུལ་ལ་གཉིས་ཀ་ཟངས་ཀྱི་སྒྲོམ་བུར་བཅུག་ནས་བསྐུར་བ། མཐར་སུས་རྙེད་པ་ལ་ཀརྞ་ནི་ཤིང་རྟའི་ཁ་ལོ་བ་བཟའ་ཟླ་གཉིས་དང་རུ་པ་ཏི་ནི་ཞིང་པ་ལྔ་ཐུབ་ཅན་གྱིས་རྙེད་པར་བརྗོད་པ་སོགས་རྩ་བའི་བརྗོད་ཚུལ་གྱི་ཆ་ནས་ཕྱོགས་མཚུངས་པར་མངོན། དེ་ཡང་ཞིབ་ཕྲའི་ཆ་ནས་ཐ་དད་ཀྱི་ཆའང་མཐོང་སྟེ། དཔེར་ན་《མ་ཧཱ་བྷ་ར་ཏ་》རུ་ཀརྞ་ནི་ཡུམ་ཀུན་ཏིས་དོར་བ་དང་《བཀའ་ཆེམས་ཀ་ཁོལ་མ་》ལྟ་བུའི་བོད་ཀྱི་གསང་བ་ཆོས་ལུགས་ཀྱི་གཞུང་དུ་རུ་པ་ཏི་ནི་ཡབ་རྒྱལ་པོ་དམག་བརྒྱ་བས་བསྐྱུར་བ་དང་། ཀརྞ་རྒྱ་མཚོར་བཏང་བའི་རྒྱུ་མཚན་ནི་རྒྱལ་པོ་དང་མ་འདུས་པར་བུ་འཁྲུངས་པས་རྒྱལ་པོར་གསང་ཕྱིར་བསྐྱུར་བ་དང་། རུ་པ་ཏི་བསྐུར་བའི་རྒྱུ་མཚན་ནི་ལྟས་ངན་གནོད་བྱེད་དུ་དོགས་པས་བཏང་འདུག་པ་ལྟ་བུས་ཤེས། མདོར་ན་ཡབ་ཡུམ་གྱིས་རང་ལས་སྐྱེས་པའི་བུ་ཆུང་ཆུ་ལ་བསྐྱུར་བའི་རྒྱུ་མཚན་དང་བརྒྱུད་རིམ། མཇུག་འབྲས་སོགས་ཀྱི་བརྗོད་ཚུལ་ལ་རྩ་བའི་ཆ་ནས་བྱུང་རབས་གཉིས་ཀ་ཤིན་ཏུ་འདྲ་ཞིང་། ཀརྞ་ཆུ་ལ་བཏང་བས་གཞན་གྱི་བུར་གྱུར་ཞིང་རུ་པ་ཏི་ཆུ་ལ་བཏང་བས་བོད་ཀྱི་རྒྱལ་པོར་གྱུར་བའི་འཆད་སྟངས་ཁོ་ནས་ཀྱང་ཤུགས་ཀྱི་རིགས་ལམ་ཆ་འདྲ་བའི་གནས་ཚུལ་རྟོགས་པར་ནུས་སོ།།
གསུམ། སྐུའི་ཆེ་བ་དང་འབྲེལ་ནས་གླེང་བ། ཀརྞ་དང་རུ་པ་ཏིའི་གཏམ་གྱི་མཚུངས་ཆོས་མངོན་གསལ་ཞིག་ནི་གཉིས་ཀའི་སྐུའི་ཆེ་བ་ཡིན་ཏེ། 《མ་ཧཱ་བྷ་ར་ཏ་》རུ་ཀརྞ་ནི་ཡུམ་ཀུན་ཏི་ལ་འཁྲུངས་རུང་དོན་དུ་ནི་ལྷའི་བུ་ཡིན་པར་བསྟན་པས། ཁོང་ཉིད་ཡུམ་ལས་བཙས་མ་ཐག་ཏུ་རྣ་རྒྱན་བཞེས་ཡོད་པས་མིང་ལ་ཀརྞ་སྟེ་རྣ་ཅན་དུ་ཐོགས་ལ།ལུས་ལ་ལྷན་སྐྱེས་ཀྱི་གསེར་ཁྲབ་བཞེས་ཡོད་པས་མཚོན་ཀུན་གྱིས་མི་ཚུགས་པར་གྲགས་ལ། 《བཀའ་ཆེམས་ཀ་ཁོལ་མ་》སོགས་རྒྱལ་རབས་གསང་བ་ཆོས་ལུགས་ལྟར་ན་རུ་པ་ཏི་ནི་ཡུམ་མཆོག་བཟང་མ་ལ་བཙས་པ་ནས་སྐྱེས་བུ་ཆེན་པོའི་སྐུའི་མཚན་དཔེ་ཀུན་ནས་རྫོགས་པ་ཞིག་ཏུ་བསྟན་པ་ནི། དེ་ལས། རྒྱལ་པོ་དམག་བརྒྱ་པའི་བཙུན་མོ་མཆོག་བཟང་མ་ལ་སྲས་གཅིག་སྐྱེས་པ་ལ་སྲས་རྒྱལ་བུ་མིག་བྱ་མིག་ལྟར་ཡས་ལ་འགེབས་པ། སྐྲ་རྒྱ་ཁམ་པ་ཡོད་པ། གཡུའི་སྨིན་མ་ཡོད་པ། སོ་དུང་སོ་འཁོར་བ་ཡོད་པ། ལག་པ་བྱའི་རྒྱལ་པོ་ངང་བ་ལྟར་དྲ་བས་འབྲེལ་བ་ཅིག་སྐྱེས་ཞེས་འཁོད་པ་ལས་ཤེས་ཏེ།(35) དོན་དུ་ནི་《བཀའ་ཆེམས་ཀ་ཁོལ་མ་》ལྟ་བུའི་བོད་གཞུང་དག་གིས་《མདོ་རྒྱ་ཆེར་རོལ་བ་》སོགས་མདོ་སྣ་ཚོགས་ལས་གསུངས་པའི་སྐྱེས་བུ་ཆེན་པོའི་མཚན་བཟང་པོ་དང་དཔེ་བྱད་ཀྱི་རྣམ་གཞག་དང་བསྟུན་ནས་རུ་པ་ཏི་ཉིད་ཁོང་གི་ཐོག་མའི་ཕྱི་མོ་སྟེ་ཀརྞ་དང་མངོན་པར་མི་མཐུན་པ་ཞིག་ཏུ་མཛད།
བཞི། མཚན་དང་འབྲེལ་ནས་གླེང་བ། ཀརྞ་ནི་རུ་པ་ཏིའི་ཕྱི་མོ་ཡིན་པའི་རྗེས་དཔག་འདི་འགྲུབ་དགོས་ན་གནོད་བྱེད་དུ་མ་བཟློག་དགོས་ཏེ། དཔེར་ན་དངོས་འབྲེལ་གྱི་དོགས་གཞི་གཅིག་ནི་བོད་ཀྱི་གསང་བ་ཆོས་ལུགས་སུ་ཀརྞ་ལ་《མ་ཧཱ་བྷ་ར་ཏ་》རུ་གྲགས་ཆེ་བའི་མིང་ཀརྞ་ཞེས་པ་དེས་མི་འབོད་པར་རྒྱུ་མཚན་ཅིའི་ཕྱིར་དུ་རུ་པ་ཏིར་གྲགས་དོན་དེ་ཡིན། དྲི་བ་འདིར་ཕྱོགས་འགའ་ནས་བརྟག་ཆོག་སྟེ། ཐོག་མར་《མ་ཧཱ་བྷ་ར་ཏ་》བརྒྱུད་ནས་བརྟགས་ན།《མ་ཧཱ་བྷ་ར་ཏ་》རུ་ཀརྞ་ལ་མཚན་མི་འདྲ་བ་དུ་མ་ཡོད་པས་རུ་པ་ཏི་བྱ་བ་ནི་ཀརྞའི་མཚན་གྱི་རྣམ་གྲངས་ཤིག་ཀྱང་མིན་པའི་ངེས་པ་མེད་ཅིང་།(36) ཀརྞའི་མཚན་དག་ལས་Radheyaཞེས་པ་ནི་གལ་ཤིན་ཏུ་ཆེ་སྟེ། དེ་ནི་ཀརྞ་ཉིད་རྙེད་མཁན་གྱི་བུར་གསོས་རྗེས་ཡུམ་གྱི་མཚན་ར་ཏཱ་(Radha)ལས་དྲངས་ཏེ་ཐོགས་པའི་མིང་ཡིན་པ་དང་། ཀུན་ཏིའི་བུ་ཆེ་བ་ཡིན་པའི་གདུང་ཁུངས་དངོས་ཀྱི་གསང་བ་མ་བརྟོལ་བར་དུ་ཀུན་གྱིས་ཀརྞ་ལ་མཚན་འདིས་འབོད་ཀྱིན་ཡོད་པས། བོད་ཀྱི་ཡི་གེར་བྲིས་པའི་རུ་པ་ཏི་བྱ་བ་ནི་མཚན་འདིའི་སྒྲའི་རྣམ་པ་དང་ཉེ་ཚུལ་ནི་སྒྲའི་སྐྱེ་གནས་ཅུང་ཙམ་ཤེས་པ་ཙམ་གྱིས་རྟོགས་པར་འགྱུར་ལ།འདིར་ཡིན་མིན་གྱི་སྒྲོ་འདོགས་གཅོད་པའི་རིགས་པ་མ་མཆིས་པས་དཔྱད་གཞིར་ཕུལ་བ་ཙམ་ལས་མཐའ་གཅིག་ཏུ་མ་ངེས་མོད། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་(1575-1634)《དཔལ་སྒྲའི་སྙེ་མ་དུ་མའི་དོན་ཤེས་ཤིང་རྟོགས་པ་》བྱ་བའི་སམ་བོད་ཤན་སྦྱར་གྱི་བསྟན་བཅོས་སུ།རཏྣ་རྣ་ཅན་སྐྱ་སེང་བུ་ཞེས་རཏྣ་ནི་ཀརྞའི་མཚན་ཡིན་པར་བསྟན་འདུག་ལ།(37) བོད་ཀྱི་ཡིག་ཆ་དག་ཏུ་རུ་པ་ཏི། རུ་སི་ནི། རུ་བ་སྐྱེས་ལྟ་བུར་བྲིས་པ་མ་གཏོགས་རཏྣ་བྱ་བ་ཞིག་ནི་མ་མཐོང་བས། འདིའང་དཔྱད་གཞི་རྩ་ཆེན་དུ་མཐོང་ཞིང་།དེའང་སམ་བོད་སྐད་གཉིས་ཀྱི་ཁྱད་པར་དང་། བོད་དཔེའི་འབྲི་སྟངས་དག་མིན་དང་བྲིས་གཟུགས་ཕན་ཚུན་ཉེ་བས་འཁྲུལ་སླ་བ་སོགས་ཀྱི་དབང་གིས་ད་ལྟའི་དུས་ལ་མཚན་གཉིས་ཀྱི་འབྲེལ་བར་རྣམ་པར་བརྟག་དཀའ་བར་གྱུར་ལ།བོད་ཡིག་ཏུ་འཁོད་པའི་རུ་པ་ཏི་བྱ་བའི་མཚན་འདིའི་ཕྱི་མོ་ཡོང་ཁུངས་དང་། མཚན་འདི་དང་Radheyaཞེས་པའི་ཀརྞའི་མཚན་གྱི་རྣམ་གྲངས་བར་ལ་འབྲེལ་བ་ཡོད་མེད་སོགས་ལ་མ་མཐུད་དུ་བརྟག་པར་རིགས་སོ།། བོད་ཡིག་ཏུ་བྲིས་པའི་གནས་ཚུལ་དག་གཞིར་བཟུང་ནས་བརྟགས་ན།རུ་པ་ཏི་དང་རུ་སི་ནི། རུ་བ་སྐྱེས་ཞེས་པ་ལྟ་བུའི་འབྲི་ཚུལ་འདྲ་མིན་བྱུང་ཞིང་། ཁྱད་པར་དུ་ཕྱི་མ་དེའི་མཚན་དོན་ལ་《བཀའ་ཆེམས་ཀ་ཁོལ་མ་》ལས། རི་གླང་རུ་ལ་བབས་པར་ལུང་བསྟན་ཏེ་དེའི་མིང་ནི་རུ་བ་སྐྱེས་ཞེས་བྱའོ་ཞེས་གླང་རུ་ལ་བབ་པས་དེ་ལྟར་བཏགས་པའི་བོད་བརྡ་ཞིག་ཏུ་བཀྲལ་འདུག་མོད། དོན་དུ་དེ་ནི་བཀའ་ཆེམས་ཀྱི་རྩོམ་པ་པོས་རྒྱ་གར་གྱི་མཚན་ཞིག་བོད་ཡིག་གི་ཀློག་པ་པོར་གོ་རྒྱུ་ཡོད་པར་བྱས་པ་ཡིན་པར་སྣང་སྟེ། གསང་བ་ཆོས་ལུགས་ཀྱི་གཞུང་སྣ་ཚོགས་སུ་བོད་ཀྱི་རྒྱལ་པོ་ཐོག་མ་ནི་ལྷ་རི་ཡོལ་པོ་དང་ལྷ་རི་གྱང་ཐོ་ལས་རི་གླང་རུ་ལ་བབས་ཚུལ་ཀུན་ནས་མ་གྲགས་པས་རུ་བ་སྐྱེས་ཞེས་པར་བྲིས་པ་ནི་མཚན་གྱི་སྒྲ་བཤད་ལ་དམིགས་པའི་གཏམ་གློ་བུར་བ་རུ་མཐོང་བ་དང་། མཚན་འདི་རུ་བ་སྐྱེས་སུ་བྲིས་པས་གསང་བ་ཆོས་ལུགས་ནས་བཤད་པའི་བོད་རྒྱལ་ཐོག་མའི་བྱུང་རབས་དང་བོད་ཀྱི་འཕྲུལ་བློན་མཛངས་མི་བདུན་གྱི་ཐོག་མ་རུ་ལས་སྐྱེས་ཀྱི་བྱུང་རབས་བར་ལའང་རང་བཞིན་གྱིས་འབྲེལ་བ་ཞིག་བཙུགས་སོང་མོད་དེ་དག་སྐབས་སུ་མ་བབ་པས་གླེང་བར་མི་བྱ་ལ། མདོར་ན་རུ་པ་ཏི་བྱ་བ་ནི་བོད་ཡིག་གི་མཚན་ཞིག་མིན་པའི་གནས་ཚུལ་ནི་སྐབས་འདིའི་རྩ་བའི་དོན་དུ་གྲུབ།
མཇུག་བསྡུ་བའི་གཏམ།
དགའ་བ་པ་སངས་ལགས་ཀྱིས་《ཁྱད་པར་དུ་འཕགས་པར་བསྟོད་པའི་རྒྱ་ཆེར་བཤད་པ་》དང་《ས་སྐྱ་ལེགས་བཤད་ཀྱི་འགྲེལ་བ་》 《སྐྱ་བསེང་བུ་ལྔའི་རྟོགས་བརྗོད་》སོགས་བོད་ཡིག་ཡིག་ཆ་གསུམ་དུ་འཁོད་པའི་སྐྱ་སེང་བུ་ལྔའི་གཏམ་རྒྱུད་དང་། 《མ་ཧཱ་བྷ་ར་ཏར་》བྲིས་པའི་བྱུང་བ་དག་གི་གུང་བསྒྲིགས་ཏེ་དེ་གཉིས་ཕན་ཚུན་ངོ་འཕྲོད་ཚུལ་དང་།སྐྱ་སེང་བུ་ལྔའི་གཏམ་རྒྱུད་ཡོངས་ཕན་ཚུན་གོ་བསྡུར་ཏེ་བོད་དུ་དར་བའི་སྐྱ་སེང་བུ་ལྔའི་གཏམ་རྒྱུད་ཀྱི་ཕྱི་མོ་དངོས་ནི་གང་ལ་ཐུག་པའི་དོགས་གཞི་སེལ་བར་བྱས་འདུག བོད་ཀྱི་རྒྱལ་རབས་གསང་བ་ཆོས་ལུགས་དང་འབྲེལ་ཏེ་དེར་བཤད་པའི་རུ་པ་ཏི་བྱ་བ་ཁོ་ན་ལ་བློ་ཁ་བསྒྲིམས་ནའང་དོན་འདི་ར་སྤྲོད་པར་འགྱུར་ལ། 《མ་ཧཱ་བྷ་ར་ཏ་》རུ་བྲིས་པའི་ཀརྞའི་བྱུང་རབས་དང་བོད་དུ་གྲགས་པའི་རུ་པ་ཏིའི་གཏམ་རྒྱུད་གཉིས་ཕྱོགས་དུ་མ་ནས་གོ་བསྡུར་ན་ཀརྞ་ནི་རུ་པ་ཏིའི་ཕྱི་མོ་ཡིན་ཚུལ་རྟོགས་པ་དང་། དོན་འདིའི་ལུང་གི་སྒྲུབ་བྱེད་ལ་དུས་རབས་བཅོ་ལྔ་བའི་བོན་གྱི་ལོ་རྒྱུས་ཡིག་ཆ་《དར་རྒྱས་གསལ་བའི་སྒྲོན་མེ་》ལྟ་བུར་རུ་པ་ཏི་ནི་སྐྱ་སེང་གི་བུ་ཆེ་བ་ཀརྞ་ཉིད་ཡིན་པའི་གསང་བ་བརྟོལ་འདུག་ལ། 《བཀའ་ཆེམས་ཀ་ཁོལ་མ་》ལྟ་བུར་རུ་པ་ཏི་ཉིད་རྒྱལ་སྲིད་འཛིན་ཁར་འཆི་བའི་ལུང་བསྟན་གསུངས་འདུག་པའང་དོན་དུ་ན་ཀྲའི་གཡུལ་འགྱེད་ལས་ཤི་བའི་ཀརྞའི་ལས་དབང་དེ་དོན་གྱི་ཤུགས་སུ་འཕངས་འདུག་པས། བོད་ཡིག་ཏུ་འཁོད་པའི་གསང་བ་ཆོས་ལུགས་ཀྱི་འཆད་ལུགས་སྤྱི་དང་ཡན་ལག་དག་ལ་ཞིབ་ཏུ་མཇལ་ནས་བརྟགས་ན་ཀརྞ་ནི་རུ་པ་ཏིའི་ཕྱི་མོ་ཡིན་པའི་ངེས་པ་ངང་གིས་སྐྱེ་ཡོང་།
བོད་ཀྱི་རྒྱལ་པོ་ཐོག་མའི་རིགས་རུས་གདུང་ཁུངས་རྒྱ་གར་ལ་གཏུགས་པའི་རྒྱལ་རབས་གསང་བ་ཆོས་ལུགས་ནི་བསྟན་པ་ཕྱི་དར་གྱི་འགོ་ཙམ་ནས་དར་ཆེ་བར་བྱུང་ལ། དེའི་ཡན་ལག་དུ་སོང་བའི་རུ་པ་ཏིའི་གཏམ་ནི་རྒྱ་གར་གྱི་སྒྲུང་རབས་ཆེན་མོ་《མ་ཧཱ་བྷ་ར་ཏ་》ས་བོན་དུ་བྱས་ཤིང་དེའི་སྟེང་བོད་ཀྱི་ཡུལ་དུས་གང་ཟག་ཁོར་ཡུག་སོགས་ཀྱིས་ཡོངས་སུ་བརྒྱན་པར་བྱས་ཏེ་རྣམ་པར་གྲུབ་པ་ཞིག་ཡིན་མོད། བོད་ཀྱི་ལོ་རྒྱུས་ཐོག་རུ་པ་ཏིས་བོད་ཀྱི་རྒྱལ་པོ་བྱས་པའི་གཏམ་ལ་བློ་རྩེ་གཉིས་སུ་བྱེད་པའི་གནས་ཚུལ་བྱུང་ཡོད་པ་ནི་ནེའུ་པཎྜི་ཏ་དང་དཔའ་བོ་གཙུག་ལག་ཕྲེང་བ་ལགས་ཀྱིས་གསུངས་པའི་དོགས་གཞི་ལས་ཤེས་ཐུབ་ཅིང་། དེ་ཡང་མཁས་པ་སྔ་མ་དག་གིས་བཙལ་རུང་མ་རྙེད་པའི་རུ་པ་ཏིའི་གཏམ་གྱི་ཕྱི་མོ་དངོས་ནི་《མ་ཧཱ་བྷ་ར་ཏ་》ལ་ཐུག་ཚུལ་གསལ་ནའང་། 《མ་ཧཱ་བྷ་ར་ཏ་》ལ་རྒྱུས་ཡོད་ཀྱིན་ཡོད་ཀྱིན་དེར་རུ་པ་ཏི་བྱ་བའི་ན་ཀྲའི་གཡུལ་འགྱེད་ཆེན་མོ་ལས་ཐར་ཏེ་བོད་དུ་རྒྱལ་པོར་བྱོན་པའི་མི་སྣ་ཞིག་མེད་པའི་གནས་ཚུལ་ཡང་གཞི་གཅིག་ནས་ཤེས་ཡོང་བར་བརྟེན། བོད་ཀྱི་གསང་བ་ཆོས་ལུགས་ཀྱི་གཞུང་སྣ་ཚོགས་ཀྱིས་རྒྱ་གར་གྱི་ཕྱི་མོ་ན་མེད་པའི་མི་སྣ་ཞིག་བོད་དུ་ཕེབས་ནས་རྒྱལ་པོ་བྱས་པའི་གཏམ་ཐོག་མར་སྤེལ་ཏེ་ཡོངས་སུ་གྲགས་པར་མཛད་པའི་རིགས་ལམ་ལ་དེ་བས་ཀྱང་སྒོ་ཀུན་ནས་དཔྱད་འོས་སོ་སྙམ། 《རཱ་མ་ཡ་ཎ་》དང་འདྲ་བར་《མ་ཧཱ་བྷ་ར་ཏ་》ཡང་ཨེ་ཤེ་ཡའི་ཡུལ་གྲུ་མང་པོར་དར་ཡོད་ཅིང་།(38) བོད་དུ་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྟོད་འགྲེལ་གཉིས་བསྒྱུར་བ་དང་ཁྱད་པར་དུ་ས་སྐྱ་ལེགས་བཤད་རྩ་འགྲེལ་གཉིས་ཀྱི་འཕྲིན་ལས་ལ་བརྟེན་ནས་སྐྱ་སེང་བུ་ལྔ་དང་དགྲ་ངན་དཔུང་ཚོགས་བཅུ་གཉིས་ཀྱི་གཏམ་གྲགས་པར་གྱུར་ལ། བོད་ཀྱི་ཆོས་འབྱུང་ལོ་རྒྱུས་རྩོམ་མཁན་དག་གིས་རྒྱ་གར་གྱི་གཏམ་རྒྱུད་རྙིང་བ་འདི་བོད་རང་གི་རྒྱལ་རབས་རྣམ་གཞག་གི་ཁོངས་སུ་བསྡུས་ཏེ་རྣམ་པར་འཆད་འདུག་པས། ཕྱོགས་གཅིག་ནས་བོད་དུ་《མ་ཧཱ་བྷ་ར་ཏ་》ལ་འཕེལ་ཚུལ་དང་གྲགས་སྲོལ་མི་འདྲ་བ་བྱུང་བའི་དབང་གིས་《མ་ཧཱ་བྷ་ར་ཏ་》ཡི་ནང་དོན་དང་མཚོན་ཚུལ་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་། ཕྱོགས་གཞན་ཞིག་ནས་རྒྱ་གར་གྱི་གཏམ་རྒྱུད་བོད་ཀྱི་རྒྱལ་རབས་ཀྱི་རྩོམ་གཞིར་སོང་བ་དང་། བོད་ཀྱི་རྒྱལ་རབས་རྩོམ་སྲོལ་གྱིས་རྒྱ་གར་གྱི་གཏམ་རྒྱུད་ལ་བླང་དོར་དང་ལེགས་བཅོས་མཛད་ཡོད་ཕྱིར། སྒྲུང་དང་ལོ་རྒྱུས་འཆད་ཚུལ་གཉིས་གཅིག་གྲོགས་གཅིག་ཏུ་སོང་ཞིང་ཕན་ཚུན་རྟེན་ཅིང་འབྲེལ་བའི་གནས་ལུགས་མངོན་པར་མཚོན་ཡོད་སྙམ།
མདོར་ན་གསང་བ་ཆོས་ལུགས་ཀྱི་རྗེས་འཇུག་མཁས་པ་དག་གི་རྣམ་དཔྱོད་ལ་གོ་བ་འདི་ལྟར་བླངས་ཆོག་སྟེ།བོད་ལ་རྒྱལ་པོ་ཇི་ལྟར་བྱུང་བའི་ལོ་རྒྱུས་འཆད་པའི་དགོས་ཆེད་ཀྱི་ཕྱིར་དུ་དང་པོར་《མ་ཧཱ་བྷ་ར་ཏ་》ནས་བཤད་པའི་ཀརྞའི་བྱུང་རབས་གྲགས་ཆེན་དག་ཕྱི་མོར་བྱས། རྒྱལ་སྲིད་འཛིན་ཁ་མར་འཆི་བའི་ལུང་བསྟན་གྱིས་གཡུལ་ལས་མ་ཐར་བའི་ཀརྞའི་ལས་དབང་བཀྲལ། བར་དུ་བསྒྲགས་པ་བོན་ལུགས་སོགས་མཐུན་རྐྱེན་དུ་གཉེར་ནས་ཀརྞ་ཤི་འཕོས་ནས་ལྷའི་གནས་སུ་སྐྱེས་ཤིང་། ཕྱིས་བུད་མེད་དུ་བརྫུས་ནས་བོད་དུ་བྱོན་པའི་གཏམ་བསྒྲིགས་ཤིང་། བོད་ཀྱི་རྒྱལ་པོར་བྱོན་རྗེས་བོད་ཀྱི་བརྡའི་ལུགས་དང་བསྟུན་ཏེ་གཉའ་ཁྲི་བཙན་པོ་ཞེས་པའི་བོད་མཚན་གསོལ་བ་སོགས་ཀྱི་ཐབས་ལ་བརྟེན་ནས་རུ་པ་ཏིའི་གཏམ་ལ་རྣམ་གཞག་སྔ་ཕྱི་ཆ་ཚང་བར་མཛད་པའི་དབང་གིས། རྒྱལ་པོའི་བྱུང་བ་བརྗོད་པའི་གནའ་བོའི་རྒྱ་གར་གྱི་གཞུང་གྲགས་ཆེན་《མ་ཧཱ་བྷ་ར་ཏ་》རུ་དཔའ་བོ་ཀུན་གྱི་ཕུལ་དུ་གྱུར་བའི་རྒྱལ་སྲས་ཀརྞ་ཉིད་ཀྱིས་རང་ཉིད་ནུ་བོའི་མདའ་ཁ་ནས་འཆི་བའི་ལས་དབང་བཟློག་པར་མ་ནུས་མོད། བོད་ཀྱི་མཁས་པ་སྔ་མའི་རྣམ་པར་དཔྱོད་པའི་བློ་གྲོས་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྒྲུང་གི་རིག་གནས་ལ་བརྟེན་ནས་རྒྱལ་བུ་ཀརྞ་ནི་བོད་ཀྱི་རྒྱལ་རབས་གསང་བ་ཆོས་ལུགས་ན་ད་དུང་མུ་མཐུད་དུ་མངོན་པར་འཚོ་ཞིང་བཞུགས་ཡོད་དེ། རྡོ་རྗེའི་པགས་པ་ཕུད་ཅིང་ཡིད་འོང་རྣ་རྒྱན་སྤངས་པ། སྐྱེས་པའི་ཆ་ལུགས་དོར་བའི་རུ་པ་ཏི་དང་ཁོང་གི་གཏམ་རྒྱུད་ཀྱིས་《མ་ཧཱ་བྷ་ར་ཏ་》བོད་ནས་ཇི་ལྟར་དར་བའི་འཕེལ་ཚུལ་གྱི་རྣམ་པ་མཚོན་ལ། 《མ་ཧཱ་བྷ་ར་ཏ་》ཕྱི་མོར་བྱས་པའི་རུ་པ་ཏིའི་གཏམ་གྱི་བྱུང་འཕེལ་དང་འཕྲིན་ལས་ཀྱང་བོད་རང་གི་ཡུལ་དུས་གང་ཟག་སོགས་ཀྱི་མཐུན་རྐྱེན་སྣ་ཚོགས་དང་རྣམ་པར་འབྲལ་ཐབས་མེད་དོ།།
མཆན་འགྲེལ།
①A.K.Ramanujan, Three Hundred Ramayanas: Five Examples and Three Thoughts on Translation, Many Ramayanas: The Diversity of aNarrative Tradition in South Asia, University of California Press, 1991, p.22.
②《ཞང་ཞུང་བའི་རཱ་མ་ཎའི་རྟོགས་བརྗོད་》དུ། རཱ་མ་ཎ་ཡི་སོར་གདུབ་ཀྱི།། རྟགས་ལས་དེ་ཡི་ཕོ་ཉར་ཤེས།། ཞེས་སཱི་ཏཱས་རཱ་མ་ཎའི་སོར་གདུབ་ལ་བརྟེན་ནས་ཧ་ནུ་མན་ཐ་རཱ་མ་ཎའི་ཕོ་ཉར་ཤེས་པའི་གཏམ་འདུག་མོད། ཧ་ནུ་མན་ཐ་ཀླུ་ཡུལ་དུ་མཛུབ་དཀྲིས་འཚོལ་བར་སོང་བའི་གཏམ་ནི་མ་གྲགས་སོ།། བློ་བཟང་ཆོས་གྲགས་དང་བསོད་ནམས་རྩེ་མོས་བསྒྲིགས།《གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ》 (སྟོད་ཆ།) མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012ལོར། ཤོག་ངོས་432སྟེང་།
③A.K.Ramanujan, Three Hundred Ramayanas: Five Examples and Three Thoughts on Translation, Many Ramayanas: The Diversityof a Narrative Tradition in South Asia, University of California Press, 1991, p.24.
④James Hegarty, Religion, Narrative and Public Imagination in South Asia: Past and Place in the Sanskrit Mahabharata, Routledge,Oxford, 2012.
⑤མཛད་པ་པོ་མི་ཤིགས་གཡུང་དྲུང་འབྱུང་གནས་རྩལ་བྱ་བ་ནི་གཏེར་སྔོན་རྒྱལ་པོ་ལྔའི་ཐ་མ་པདྨ་འོད་གསལ་མདོ་སྔགས་གླིང་པའམ་ཡོངས་གྲགས་ཀྱི་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་(1820-1892)ཡིན་པར་སྣང་།
⑥ཉེ་བར་འབྲེལ་བའི་ལུང་གི་གནས་སྐབས་གཞན་ཞིག་ནི་གཤམ་ལྟར་ཡིན་ཏེ། དེ་ལྟར་གུ་རུ་པདྨ་འབྱུང་གནས་ཀྱི།། རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུ་ལས།། སྐྲ་རྩེའི་ཟེགས་མས་ཐིགས་གཅིག་བླངས་པ་ལྟར།། རེ་ཞིག་ཉི་ཚེའི་གདུལ་བྱའི་སྣང་ངོ་རུ།། བསྒྲགས་པ་བོན་གྱི་ལུང་བྱང་ཇི་ལྟར་བར།། མདོར་བསྡུས་སྙིང་པོར་བཀོད་པའི་དགེ་བ་ཡིས།། འདི་ཉིད་མཐོང་ཐོས་དྲན་རེག་གདུལ་བྱ་ཀུན།། པདྨ་མཐོང་གྲོལ་གོ་འཕང་མྱུར་ཐོབ་ཤོག་ཅེས་པའང་གཏེར་བོན་སྔ་མའི་རྣམ་ཐར་ལས་འབྱུང་བ་ལྟར་མི་ཤིགས་གཡུང་དྲུང་འབྱུང་གནས་རྩལ་གྱིས་བྲིས་པ་དགེ་ཞེས་འཁོད་འདུག མི་ཤིགས་འབྱུང་གནས་གཡུང་དྲུལ་རྩལ། རྒྱལ་སྲས་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་མདོར་དྲིལ་བ་བསྒྲགས་པ་བོན་ལུགས་ལྟར་བསྟན་པ་བཞུགས་སོ།།《རིན་ཆེན་གཏེར་མཛོད་ཆེན་མོ་》ཡི་པོད་རེ་གསུམ་པ། ཤོག་ངོས་229ནས་245སྟེང་།
⑦སློབ་དཔོན་ཤེས་རབ་གོ་ཆ། 《ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པའི་རྒྱ་ཆེར་འགྲེལ་བ》 སྣར་ཐང་པར་མ། ལྡེབ་ངོས་96ནས་132སྟེང་།
⑧ཉང་རལ་ཉི་མ་འོད་ཟེར། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988ལོར། ཤོག་ངོས་156སྟེང་།
⑨ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སོགས་ཀྱིས་བསྒྲིགས། 《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང། 2005ལོར། ཤོག་ངོས་4སྟེང་།
⑩སྦ་གསལ་སྣང་། 《དབའ་བཞེད》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོར། ཤོག་ངོས་275སྟེང་།
⑾《བོད་དུ་མིའི་སྐྱེ་འགྲོ་བྱུང་ཚུལ》 མཛད་པ་པོ་མི་གསལ། བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས་པོད་སོ་དྲུག་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2011ལོར། ཤོག་ངོས་161ནས་162སྟེང་།
⑿ Erik Haarh, The Yar-lung Dynasty: A Study with Particular Regard to the Contribution by Myths and Legends to the History of Ancient Tibet and the Origin and Nature of its Kings, G.E.C. Gad’s forlag, Koebenhavn, 1969, pp. 407-413.
⒀གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན། 《ཉི་མའི་རིགས་ཀྱི་རྒྱལ་རབས་དང་ཟླ་བའི་རིགས་ཀྱི་རྒྱལ་རབས》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014ལོར། ཤོག་ངོས་82ནས་83སྟེང་།
⒁སྨོན་ལམ་རྒྱ་མཚོས་བསྒྲིགས། 《བཀའ་ཆེམས་ཀ་ཁོལ་མ》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1989ལོར། ཤོག་ངོས་76ནས་78སྟེང་།
⒂དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》 མི་རིགས་དཔེ་སྐྲུན་ཁང་། 2006ལོར། ཤོག་ངོས་86སྟེང་།
⒃《བཅོམ་ལྡན་རིག་པའི་རལ་གྲིའི་གསུང་འབུམ་པོད་བཅུ་གཉིས་པ》 ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་། 2007ལོར།
⒄ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སོགས་ཀྱིས་བསྒྲིགས། 《 བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2005ལོར། ཤོག་ངོས་4སྟེང་།
⒅⒆དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》 མི་རིགས་དཔེ་སྐྲུན་ཁང་། 2006ལོར། ཤོག་ངོས་86སྟེང་། ཤོག་ངོས་159སྟེང་།
⒇དགའ་བ་པ་སངས། རྒྱ་གར་གྱི་སྙན་ངག་ཆེན་པོ་གཉིས་ཀྱི་ཡ་གྱལ་《མ་ཧཱ་བྷ་ར་ཏ་》ཡི་བོད་བསྒྱུར་ནང་དོན་ངོས་འཕྲོད་ཚུལ་དང་། དེ་དང་བོད་ཀྱི་ཤེས་རིག་དབར་གྱི་འབྲེལ་བ་འགའ་ངོས་འཕྲོད་ཚུལ་གླེང་བ། 1996ལོའི་《བོད་ལྗོངས་ཞིབ་འཇུག་》དེབ་དང་པོ། ཤོག་ངོས་57ནས་66སྟེང་།
(21)Padmakar Vishnu Vartak, The Scientific Dating of the Mahabharata War, Veda Vidnyana Mandala, Pune, 2004, p.63.
(22)David Shulman, The King and the Clown in South Indian Myth and Poetry, Princeton University Press, Princeton, 1985, p.380.
(23)བསེ་ཚང་བློ་བཟང་དཔལ་ལྡན། 《ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པ་ཐུབ་དབང་དགྱེས་པའི་མཆོད་སྤྲིན》 མི་རིགས་དཔེ་སྐྲུན་ཁང་། 1996ལོར། ཤོག་ངོས་252ནས་254སྟེང་།
(24)(25)ས་སྐྱ་ཀུན་དགའ་རྒྱལ་མཚན་སོགས། 《ས་སྐྱ་ལེགས་བཤད་རྩ་འགྲེལ》 དར་འབག་གཟིམ་ཁང་གི་ཤིང་དཔར། ཤོག་ངོས་66ནས་77སྟེང་།
(26)བློ་བཟང་ཆོས་གྲགས་དང་བསོད་ནམས་རྩེ་མོས་བསྒྲིགས། 《གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ་》(སྨད་ཆ།) མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1989ལོར། ཤོག་ངོས་687སྟེང་།
(27)(30)ས་སྐྱ་ཀུན་དགའ་རྒྱལ་མཚན་སོགས། 《ས་སྐྱ་ལེགས་བཤད་རྩ་འགྲེལ》 དར་འབག་གཟིམ་ཁང་གི་ཤིང་དཔར། ཤོག་ངོས་66ནས་77སྟེང་།
(28)William Buck, Mahabharata, Motilal Banarsidass Publication, 2000.
(29)བློ་བཟང་ཆོས་གྲགས་དང་བསོད་ནམས་རྩེ་མོས་བསྒྲིགས། 《གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ་》(སྨད་ཆ།) མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1989ལོར། ཤོག་ངོས་686སྟེང་།
(31)བློ་བཟང་ཆོས་གྲགས་དང་བསོད་ནམས་རྩེ་མོས་བསྒྲིགས། 《གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ》(སྨད་ཆ།) མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1989ལོར། ཤོག་ངོས་683སྟེང་།
(32)སྤ་སྟོན་བསྟན་རྒྱལ་བཟང་པོ། དར་རྒྱས་གསལ་བའི་སྒྲོན་མེ། 《སྟོན་པའི་མཛད་རྣམ་དང་ལོ་རྒྱུས་ཀྱི་སྐོར》 མི་རིགས་དཔེ་སྐྲུན་ཁང་། 2001ལོར། ཤོག་ངོས་279སྟེང་།
(33)སྐྱ་སེང་བུ་ལྔའི་བགྲངས་ཚུལ་མི་འདྲ་མོད། 《མ་ཧཱ་བྷ་ར་ཏ་》རུ་བྲིས་པའི་སྐྱ་སེང་བུ་ལྔ་ནི་གཡུལ་ངོར་བརྟན་པ་(Yudhisthira)དང་འཇིགས་སྡེ་(Bhima) སྲིད་སྒྲུབ་(Arjuna)རྣ་གུ་ལ་(Nakula)ས་ཧ་དེ་བ(Sahadeva)བཅས་སོ།།
(34)འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། 《 རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན》 1968ལོར། ཤོག་ངོས་14ནས་16སྟེང་།
(35)སྨོན་ལམ་རྒྱ་མཚོས་བསྒྲིགས། 《 བཀའ་ཆེམས་ཀ་ཁོལ་མ》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1989ལོར། ཤོག་ངོས་76ནས་78སྟེང་།
(36) ཀརྞའི་མཚན་གཞན་ནི་Vasusena, Radheya, Angaraj, Vaikartanaབཅས་ཡིན།
(37) ཇོ་ནང་ཏཱ་ར་ནཱ་ཐ། 《དཔལ་སྒྲའི་སྙེ་མ་དུ་མའི་དོན་ཤེས་ཤིང་རྟོགས་པ》 ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་པོད་སོ་བདུན་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008ལོར། ཤོག་ངོས་18ལ་གསལ།
(38)Aditya Adarkar, Karna in the Mahabharata, Ph.D Dissertation, 2001.
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1