སོ་ནམ་ལས་ལ་འབད་པས།། སྐྱིད་པའི་འཚོ་བ་རོལ་སོང་།།
གསང་བདག་སྒྲོལ་མ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-09
དབྱར་གཞུང་གི་འཛམ་ཐང་གི་ཡུལ་ཀུན་ཏུ་སྐྱེ་སྟོབས་ཀྱི་དཔལ་འབར་ཅིང་། སྔོ་ཚལ་དང་ཤིང་ཏོག་གི་དྲི་ཞིམ་གང་སར་ཁྱབ་འདུག འཛམ་ཐང་རྫོང་གི་གྲོང་ཚོ་སོ་སོའི་སྔོ་ཚལ་ལྡུམ་རའི་ནང་གི་ལེན་ཧྭ་པད་ཚལ་དང་གླང་རྔ། སྒོག་མྱུག འུ་སུ་སོགས་ཀྱི་སྐྱེ་ཚད་ལེགས་ཤིང་། མཛེས་སྡུག་ལྡན་པའི་རི་མོ་ཞིག་དང་མཚུངས། ཉེ་ཆར་གསར་འགོད་པ་རྫོང་མདའ་ཡུལ་ཚོ་རྫོང་མདའ་གྲོང་ཚོའི་བསོད་ནམས་གཡང་མཚོ་ཚང་དུ་སླེབས་སྐབས། མོས་གུང་ཇ་གྲ་སྒྲིག་བྱེད་བཞིན་འདུག མོས་གསར་འགོད་པར། ན་ནིང་ངེད་ཚང་གིས་ཞོག་ཁོག་དང་ལེན་ཧྭ་པད་ཚལ་བཏབ་ཅིང་། ད་ལོར་འུ་སུ་དང་སྒོག་པ་སོགས་ཀྱང་བཏབ་ཡོད། ན་ནིང་ངེད་ཚང་གིས་རང་གིས་བཏབ་པའི་ལྗང་མདོག་སྔོ་ཚལ་ཟོས་པར་མ་ཟད། ད་དུང་གསབ་དངུལ་སྒོར་1000ཐོབ་ཡོད་ཅེས་ཟེར།
འཛམ་ཐང་རྫོང་ནི་རོང་མ་འབྲོག་གི་རྫོང་ཞིག་ཡིན་ལ། སྲོལ་རྒྱུན་གྱི་ཞིང་ལས་བྱེད་སྟངས་ཀྱིས་ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་རྒྱུན་མཐུད་འཕེལ་རྒྱས་ལ་བཀག་སྡོམ་བྱས་ཡོད་པས། 2012ལོ་ནས་བཟུང་། རྫོང་དེས་འབྲོག་ཁུལ་གྱི་ཚལ་ཞིང་འཛུགས་སྐྲུན་གྱི་རྣམ་གྲངས་ལས་མགོ་ཚུགས་ཤིང་། ཀྲེ་ཅང་ཞིང་ཆེན་གྱིས་རིགས་མཐུན་རོགས་སྐྱོར་གྱི་འདེགས་སྐྱོར་དང་མཐུན་རྐྱེན་སྦྱར་འོག་དང་། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྒྱབ་སྐྱོར་འོག འབྲོག་ཁུལ་གྱི་ཚལ་ཞིང་འཛུགས་སྐྲུན་གྱི་རྣམ་གྲངས་རྫོང་ཡོངས་སུ་མགྱོགས་མྱུར་ངང་སྤེལ། བསོད་ནམས་གཡང་མཚོ་ཡིས་སྲིད་གཞུང་གིས་ང་ཚོར་རིན་མི་དགོས་པའི་ས་བོན་སྟེར་བར་མ་ཟད། ཞིང་ལས་ཀྱི་ཆེད་མཁས་པ་ཞིང་ཁར་མངགས་ཏེ་ང་ཚོར་སྔོ་ཚལ་འདེབས་པའི་ལག་རྩལ་ཁྲིད་པ་དང་། ད་དུང་གསབ་དངུལ་ཡང་བསྐྱལ་ཡོད་ཅེས་ཟེར།
འཛམ་ཐང་རྫོང་ཚན་རྩལ་དང་ཞིང་ལས་ཅུས་ཀྱི་ལས་བྱེད་མི་སྣ་ཧོ་ཏི་པིན་གྱིས་བཤད་པར། ཚལ་ཞིང་བསྐྲུན་རྗེས་སྔོ་ཚལ་ལ་ཐོན་ལེགས་བྱུང་བར་མ་ཟད། འཛམ་ཐང་རྫོང་གི་རོང་འབྲོག་མང་ཚོགས་དབུལ་ཕོངས་ལས་བསྒྲལ་ནས་ཕྱུག་པོར་འགྱུར་བར་སྒུལ་ཤུགས་ཐོབ་ཡོད་ལ། རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱས་པ་དང་སྦྲགས། ཁོ་ཚོའི་སྔོ་ཚལ་འདེབས་འཛུགས་ཀྱི་འདུ་ཤེས་རིམ་བཞིན་ལེགས་སུ་བཏང་བ་དང་། འཚོ་བའི་ཆ་རྐྱེན་ཡང་ལེགས་སུ་བཏང་ཡོད་ཅེས་ཟེར།
ཧོ་ཏི་པིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན།2018ལོའི་ལོ་མཇུག་ཏུ་རྫོང་ཡོངས་སུ་འདེབས་འཛུགས་ཁྱིམ་ཚང་2500ལྷག་ཡོད་ཅིང་། ཚལ་ཞིང་གི་རྒྱ་ཁྱོན་ལ་ཁྱོན་མུའུ་420ལྷག་ཡོད། ལེན་ཧྭ་པད་ཚལ་དང་ཚོད་དཀར། ལ་ཕུག གླང་རྔ། སྒོག་པ། ཆིན་ཚལ། ཀོ་པི་སོགས་སྔོ་ཚལ་གྱི་རིགས་10ལྷག་བཏབ་ཡོད་པ་དང་། སྲོལ་རྒྱུན་གྱི་ཞིང་ལས་ལ་འགྱུར་ལྡོག་བྱུང་བ་དང་བསྟུན། རོང་འབྲོག་མང་ཚོགས་ཀྱི་འཚོ་བ་སྔར་ལས་སྐྱིད་པོར་གྱུར་ཡོད།
རྒྱུས་ལོན་པ་ལྟར་ན། ད་ལོར། འཛམ་ཐང་རྫོང་ལ་ཀྲེ་ཅང་གིས་རོགས་བསྐྲུན་མ་དངུལ་སྒོར་ཁྲི་100བཏང་བར་བརྟེན། དབུལ་ཕོངས་ཁྱིམ་ཚང་ལ་ཁ་གཏད་དེ་དབུལ་སྒྲོལ་དམིགས་སུ་བཟུང་ནས། དབུལ་ཕོངས་ཁྱིམ་ཚང་1000སྣེ་ཁྲིད་དེ་ས་ཞིང་མུའུ་200རུ་སྔོ་ཚལ་བཏབ་སྟེ། མུའུ་རེ་ནས་སྔོ་ཚལ་རྒྱ་མ་4000ཐོན་པས། ཡོང་འབབ་སྒོར་ཁྲི་160ཡོད་ལ། འདེབས་འཛུགས་སུ་ཞུགས་པའི་དབུལ་ཕོངས་ཁྱིམ་ཚང་རེར་ཡོང་འབབ་སྒོར་600ཡས་མས་རེ་འཕར་ཡོད་དོ།།