རྟ་རྣ་དགོན་ནི་ཡུལ་ཤུལ་ཁུལ་གྱི་ནང་ཆེན་རྫོང་ནས་ལེ་བར་150ཙམ་གྱི་ཉིན་སྲིབ་ཡུལ་ཤོག་ཞེས་པའི་ས་ཆ་དེར་འདུག །གཞུང་ལམ་གྱི་གཡས་ཕྱོགས་ནས་ཡར་ལེ་བར་གསུམ་བཞི་ཙམ་དུ་རྟ་རྣ་དགོན་པ་ཆགས། དེ་ནས་དགོན་པའི་རྒྱབ་ཕྱོགས་ཀྱི་རྫ་རི་རྩེའི་བྲག་ཕུག་ཏུ་གླིང་གི་ཕུ་ནུ་སུམ་ཅུའི་གདུང་འབུམ་གྱི་རྗེས་ཤུལ་ཡོད་ཅིང་གཡས་སུ་གླིང་ཆུང་བརྒྱུད་ཚང་གི་གདུང་འབུམ་27ཡོད་པ་དང་། གཡོན་དུ་གླིང་ཆེ་བརྒྱུད་ཚང་གི་གདུང་འབུམ་18འདུག །དགོན་པ་དེའི་བླ་མ་ཡེ་ཤེས་ཉི་མས་ངོ་སྤྲོད་བྱས་པ་ལྟར་ན། གདུང་འབུམ་དེ་དག་ཚ་ཚ་རིན་ཆེན་སྣ་ལྔ་སོགས་ཀྱིས་གྲུབ་པ་དང་། མཐོ་ཚད་ལ་སྨི་1.8ནས་སྨི་2ཙམ་ཡོད་ཅིང་། 2008ལོ་ནས་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་འགོ་ཚུགས་ཤིང་། 2013ལོར་གདུང་འབུམ་ལ་དཀར་རྩི་བྱུག་པ་སོགས་ཀྱི་ཉམས་གསོ་བྱས་པ་དང་། ད་དུང་ལྟ་སྐུལ་ཚོད་འཛིན་བརྙན་ཕབ་ཀྱི་སྒྲིག་ཆས་བཙུགས་ནས་ཉིན་མཚན་མེད་པར་གདུང་འབུམ་ལ་ལྟ་སྐུལ་བྱས་ཡོད། ད་དུང་བླ་མ་ཡེ་ཤེས་ཉི་མས་རང་གིས་ཉར་ཚགས་བྱས་པའི་ཡེ་པ་ཡེ་ཤེས་བརྩོན་འགྲུས་ཀྱི་སྐུ་དང་། ཐུབ་པ་བེའུ་དྲོད་མ། སྨུག་པོ་གདོང་གི་བླ་རྡོ་སོགས་མཇལ་རྒྱུ་བྱུང་སོང་། །