ཡི་དྭགས།

མང་མཁར་བློ་ཕུན།(ལྷ་ས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-15


གཅིག

གསོལ་ཤུལ་འཐུང་ཐེངས་གཅིག་ལ་འཇམ་དཔལ་རྡོ་རྗེ་སྨན་ཁང་དུ་ལུས་སོང་།

གཤིན་རྗེའི་ཁ་གདང་བ་ལྟར་གྱི་སྨན་ཁང་གི་མྱུར་སྐྱོབ་ཁང་གི་ནང་དུ་འཇམ་དཔལ་རྡོ་རྗེས་ཀྱང་ཁ་སྐྱ་བོ་དེ་ཅུང་ཟད་གདང་སྟེ། ནད་ཁྲིའི་མདུན་དུ“ལྟད་མོ་བལྟ་བར”ཡོང་བའི་གྲོང་ཚོའི་ཉེ་དུ་དག་ལ་ཅེར།

“ང་གང་འདྲ་བྱས་ཀྱང་ཤི་རྒྱུ་མ་རེད། ཁྱོད་ཚོས་སེམས་ཁྲལ་མ་བྱེད། བླ་མ་དྲིན་ཆེན་ཁྱེད་ཀྱིས་ཀྱང་ཐུགས་བརྩེ་བས་རྗེས་སུ་བཟུང་དུ་གསོལ།”ཁོའི་མིག་ནང་དུ་ཤིན་ཏུ་སྙི་བའི་འོད་ཀྱི་རྡོག་པོ་འགའ་གཡས་སྐོར་རྒྱག་བཞིན་མཐར་གཤེར་གཟུགས་གང་ཞིག་ཏུ་གྱུར་ནས་མཁུར་ཚོས་ཀྱི་མས་གཤམ་ནས་དལ་གྱིས་ཉིལ་བྱུང་།

མཚན་མོ་དེར་ཁོའི་ཨ་ཕ་ངའི་གྲྭ་ཤག་ཏུ་དངངས་འཚབ་ཀྱིས་འཚང་ཡོང་སྟེ། འཇམ་དཔལ་རྡོ་རྗེའི་འཆི་གསོན་གྱི་ལྟས་དང་སྨན་དཔྱད་ཀྱི་ཐད་ནས་མོ་ལུང་ཐུགས་བརྟག་གནང་རོགས་ཟེར། ངས་རྒྱུན་དུ་རང་གི་མདུན་དུ་ནད་པའི་རིམ་གྲོ་དང་སྨན་བཅོས་ཀྱི་ཐད་ནས་མོ་ལུང་དང་ཐུགས་བརྟག་སོགས་འཇིག་རྟེན་པའི་འཕྲིན་བཅོལ་གྱི་ལས་ཅི་རིགས་ཞུ་བར་ཡོང་མཁན་བྱུང་ཚེ། ཐོག་མར་སྨན་ཁང་དུ་སོང་ནས་སྨན་བཅོས་བྱས་ན་ཡག་པོ་ཡོང་རབས་བརྗོད་ཀྱིན་ཡོད།“མོ་ལུང”དེ་དག་ཁོ་ཅག་ཕལ་མོ་ཆེའི་འདོད་ཐོག་ཏུ་འབབ་ཀྱིན་མེད་པའམ། ཡང་ན་གསང་བ་ཕྱག་རྒྱ་ཅན་གྱི་ལུང་མཚར་བོ་གང་ཞིག་ཏུ་མ་སོང་བའི་དབང་གིས་ཡུལ་ལུང་འདིའི་དད་ལྡན་པ་ཚོས་ལྐོག་ཏུ་ང་ལ“སྨན་བཅོས་བླ་མ”ཞེས་པའི་མཚང་མིང་ཞིག་ཀྱང་བཏགས་ཡོད་སྐད། གང་ལྟར་དགོང་མོ་དེར་ཁོའི་ཨ་ཕས་ངའི་བཀའ་བཀོད་ལྟར་འཇམ་དཔལ་རྡོ་རྗེ་མྱུར་བ་མྱུར་བར་གྲོང་ཁྱེར་གྱི་སྨན་ཁང་དུ་སྨན་བཅོས་བྱེད་པར་སྐྱེལ་རྒྱུར་ཁས་བླངས།

ཁྱིམ་ནས་སྨན་ཁང་དུ་ཐོན་ཁར་རྒྱ་གྲམ་དབྱིབས་ཀྱི་རྟགས་དམར་བོ་བརྒྱབ་པའི་རླངས་འཁོར་ཐལ་སྐྱ་དེའི་ཐོག་ཏུ་བསྐྱོན་སྐབས་མི་ཚོགས་ཀྱི་བརྡབ་དཀྲུག་ཁྲོད་ནས་ཁོ་བོ་ནི་ཡིད་ཐང་ཆད་པར་གྱུར་ཏེ། གྲོང་མི་ཚོས་ཁོ་བོ་གླུད་ཅིག་གི་ཚབ་ཏུ་རྒྱང་རིང་གི་མྱ་ངམ་ཐང་ཞིག་ལ་སྤྱུགས་བཞིན་པའི་ཚོར་བ་སྐྱོ་བོ་ཞིག་སྐྱེས་སོང་། ནད་པ་ཞིག་ལ་མཚོན་ན་ནད་ཤིན་ཏུ་ལྕི་བའི་སྐབས་སུ་ཁ་རོག་གེར་ངལ་གསོ་བ་དང་། ཡང་ན་གཞན་གྱི་སེམས་གསོའི་གཏམ་ཉུང་ངུ་ཙམ་ལ་ཉན་པ་ལས། བརྡབ་དཀྲུག་དང་མི་ཚོགས་སོགས་ལ་ཤིན་ཏུ་སུན་མོད། གྲོང་ཚོ་འདིའི་མི་རྣམས་ཀྱིས་ལག་ཏུ་ཁ་བཏགས་ཐུང་ངུ་རེ་བཟུང་ནས་ཁྲོམ་གྱི་འདུ་ཚོགས་ཆེན་པོ་ཞིག་ལ་གཤར་བ་བཞིན་ཁོའི་མདུན་དུ་འུར་བརྒྱབ་བྱུང་།

“ཨ་ཙི། སྙིང་རྗེ། ལན་ཆགས་འདིས་སྡུག་པོ་མྱངས་སོང་། ན་སོ་གཞོན་དུས་ན་ཚ་ཁྱད་མཚར་འདི་འདྲ་འབྱུང་རྒྱུ་ལ་ཨང་།”གྲོགས་མཆེད་ཉེ་དུ་རྣམས་ཀྱིས་ཁོ་བོ་དང་རྒྱང་ཐག་ཅུང་ཟད་ཡོད་པའི་ས་ནས་རང་དབང་མེད་པར་ཤ་ཚ་དང་སྙིང་རྗེའི་ཤུགས་རིང་ནར་ནར་གཏོང་བཞིན་མགྱོགས་མྱུར་དྲག་བསྐྱེད་ཡོང་བའི་སྨོན་ལམ་འདེབས།

“མི་འཐུང་དགུ་འཐུང་བྱས་ན། མི་ཡོང་དགུ་ཡོང་ཡོང་རྒྱུ་རང་རེད།”མི་འགའ་ཞིག་གི་གདོང་ལས་སེམས་ཁུར་གྱི་རྣམ་འགྱུར་ཡེ་ནས་མེད་པར། ཤབ་ཤུབ་ཀྱི་ཟུར་གཏམ་སྨྲ་ཞིང་། མཚར་སྣང་ཆེ་བའི་བྱིས་པ་མང་བོ་རྩེད་ཆས་ཤིག་གི་མཐའ་འཁོར་དུ་མགོ་བོ་རུབ་རུབ་ཀྱིས་འཁོར་བ་བཞིན་ཁོའི་གདོང་དང་སྣ་སོགས་ལ་ཨུ་ཚུགས་ཀྱིས་ཉམས་ཞིབ་བྱེད་ཀྱིན་འདུག ཁོ་བོའི་སེམས་སུ་འདི་དག་གིས་ངའི་འཆི་གསོན་ལ་ཉམས་ཚོད་ལེན་གྱིན་འདུག་ཨང་སྙམ་བཞིན་ཞེ་སྡང་གི་ཁོག་དཔུང་རབ་ཏུ་རྒྱས་རུང་། བྱ་ཐབས་ཅི་ཡང་མེད་པར་མགྱོགས་མྱུར་ངང་རླངས་འཁོར་ནང་འཇོག་རྒྱུ་བྱུང་ན་སྙམ་ཞིང་། མཁུར་མགོ་ལས་ཁྲག་ཀྱང་ཚ་ལམ་ལམ་དུ་བཞུར་ཞིང་སླར་ཡང་བརྒྱལ་བར་གྱུར།

ཁོ་བོ་བརྒྱལ་བ་ལས་བསངས་དུས་རང་ཉིད་སྨན་ཁང་དུ་སླེབས་ཟིན་ཞིང་། ངོ་ཤེས་པ་དང་མི་ཤེས་པ་མང་བོས་རང་ཉིད་ཀྱི་མཐའ་ནས་བསྐོར་བ་མཐོང་རྗེས། ཁོས་སླར་ཡང་ཤིན་ཏུ་ངལ་བའི་ཉམས་ཀྱིས་མིག་ཟུང་བཙུམས་པའི་ཁུལ་བྱས་རུང་། རང་ཉིད་ཀྱི་ཁ་དང་སྣ་གཉིས་ལ་གླང་ཆེན་གྱི་རྣ་ཅོག་གི་དབྱིབས་འདྲ་བའི་འགྱིག་ཐུམ་ཆེན་པོ་ཞིག་བསྐོན་ཡོད་པ་དང་། འགྱིག་ཐུམ་དེའི་སྣེ་མོ་གཉིས་ལྕགས་ཀྱི་སྦུ་གུ་ཆེན་པོ་ཞིག་ལ་གཏད་ཡོད་པ་ཚོར་བས་རང་ཉིད་ཀྱི་ནད་གཞི་དེ་ལྕི་མོ་ཡིན་པ་ཤེས་སོང་། འོན་ཀྱང་དགའ་འོས་པ་ཞིག་ནི་རང་ཉིད་གྲོང་ཚོའི་རྒྱབ་རི་སྨུག་པོ་དེའི་དུར་ཁྲོད་ཀྱི་རྡོ་ལེབ་སྣུམ་པོ་ཞིག་གི་ཐོག་ན་གན་རྐྱལ་དུ་གཡུག་མེད་པར། སྨན་ཁང་གི་མལ་ཁྲི་དཀར་པོ་དེའི་ཐོག་ཏུ་བསྙལ་ཡོད་པ་ཤེས་པས། ད་གཟོད་རང་ཉིད་ད་དུང་འཇིག་རྟེན་འདི་དང་གཏན་བྲལ་དུ་མ་གྱུར་བར་ཆེས་མཐའ་མའི་འཕག་འཚག་རྒྱག་བཞིན་པ་ཚོར་ཏེ། དགའ་སྐྱོ་ཟུང་འཇུག་གི་ཚོར་བ་མཚར་བོ་ཞིག་བྲང་དཀྱིལ་ནས་ག་ལེར་བན་བུན་དུ་འཚང་བྱུང་།

གཉིས།

ཁོ་མལ་ཁྲིའི་མདུན་དུ་འགྲེང་པའི་མི་དེ་དག་གིས་དྲི་བ་སྣ་ཚོགས་འདྲི་བར་སྐྲག་སྟེ། མིག་ཟུང་ཅུང་ཟད་བཙུམས་པའི་ཁུལ་བྱས་མོད། རང་ཉིད་དང་འདོམ་པ་གསུམ་ཙམ་གྱི་བར་ཐག་ལས་མེད་པའི་མདུན་གྱི་གྱང་ངོས་ན་གཟེངས་བསྟོད་ཀྱི་དར་ཆ་ཆེན་པོ་ཞིག་བཀལ་ཡོད་པ་དེ་གཟུར་ཐབས་མེད་པར་མིག་ལམ་དུ་བཅར་བྱུང་།

“སྨན་པ་རྡོ་རྗེ་དབང་གྲགས་མཆོག་ལ། རང་བས་གཞན་གཅེས་ཀྱི་སྲོག་སྐྱོབ་བཀའ་དྲིན་ལ། འདི་ག་ནད་གཞི་དྲག་བསྐྱེད་བྱུང་བའི་ནད་པ་ཕུན་ཚོགས་ཀྱིས་བཀའ་དྲིན་མཚོན་ཆེད་དུ་གུས་ཕུལ། ༢༠༡༦ལོའི་ཟླ༣པའི་ཚེས༥ཉིན།”ཁོ་པས་ཡིག་འབྲུ་རེ་རེ་བཞིན་ནན་ཏན་ངང་བཀླགས་ཏེ་མཇུག་མཐའི་ཟླ་དུས་ཚེས་གྲངས་ལ་ཐོན་སྐབས། ཁོ་བོ་ཧ་ལས་ཤིང་ཧང་བསངས་པར་གྱུར།

“འདི་ནི་ངའི་སྐྱེས་སྐར་གྱི་དུས་ཚོད་དང་གཅིག་པ་གཅིག་རྐྱང་རེད་འདུག་ཨང་།”ཁོའི་སེམས་སུ་འདི་ལྟར་སེམས་ཞོར། གཟེངས་དར་དེའི་ཐོག་གི་ཆེ་ལ་སྦོམ་པའི་ཡིག་འབྲུ་རེ་རེ་ནི་བློ་གཏད་བཅོལ་ཆོག་པའི་མི་བུ་ཚུགས་ཐུབ་ཅིག་གམ། བཞད་མ་ཐག་པའི་ཚེ་སྲོག་གི་མེ་ཏོག་སེར་བོ་ཞིག་ཏུ་མཐོང་ཞིང་། སེམས་སུ་སྔར་ན་མེད་པའི་རེ་བ་དང་གསོན་ཤུགས་ཤིག་ངང་གིས་རྒྱས་བྱུང་། དེ་ནི་ཁོ་བོ་ཤི་རྒྱུར་ཤིན་ཏུ་སྐྲག་པས་རེད། མ་གཞི་འཇིག་རྟེན་འདིའི་སྟེང་ན་ཤི་རྒྱུར་མི་སྐྲག་པའི་མི་ཞིག་ཧ་ལམ་ཡོད་མི་སྲིད་ཀྱང་། འཇམ་དཔལ་རྡོ་རྗེ་ནི་གཞན་བས་ཀྱང་ཤི་རྒྱུར་སྐྲག་པའི་མི་ཞིག་ཡིན། ཁོས་དུས་རྟག་ཏུ་ང་དང་འཕྲད་པའི་གཏམ་གྱི་མགོ་མར། མི་ཤི་བའི་རྣམ་ཤེས་དང་སྐྱེ་བ་སྔ་ཕྱི། ལྷ་ཀླུ་གཞི་བདག ཡི་དྭགས་སོགས་འབྲེལ་བ་ཡོད་པ་དང་མེད་པའི་ཟག་བཅས་ཀྱི་ལུས་རྟེན་མང་བོ་ཞིག་རང་ཉིད་དང་ཨུ་ཚུགས་ཀྱིས་མཚམས་སྦྱར་ཏེ་འདང་རྒྱག་པ་དང་། རྣམ་རིག་གསལ་བའི་མི་ག་གེ་མོ་ཞིག་ཤི་རྗེས་བོང་བུའི་ལུས་སུ་བླངས་ཚེ་རང་གི་བསམ་ཚུལ་གཞན་ལ་བརྗོད་མི་ཐུབ་པའི་སྡུག་བསྔལ་ནི་ཅི་འདྲའི་ལྕི་མོ་ཞིག་ཡོད་ཨང་ཟེར་བཞིན། འཚུབ་ཆ་ལངས་པའི་རྣམ་འགྱུར་ཡང་མང་བོ་བསྟན་མྱོང་། འོན་ཀྱང་དེ་དག་ནི་འཆི་བ་དྲན་པའི་ལྟར་སྣང་གི་འཇིགས་སྐྲག་ཙམ་ལས་སྐྱེ་བ་སྔ་ཕྱི་ལ་ཡིད་རྟོན་འཕེར་བའི་བློ་བསྐྱེད་རྣལ་མ་ཞིག་ནི་མིན་པར་སྣང་ལ། སྡིག་སྤོང་དགེ་སྒྲུབ་ཀྱི་ཀུན་སློང་ཞིག་ནི་དེ་བས་ཀྱང་ག་ལ་ཡིན། ལོ་འདི་དག་ནང་གྲོང་ཚོ་འདིར་ཁོ་དང་འདྲ་བར་རང་ཚུགས་ཅི་ཡང་མེད་ཅིང་ཁྲོམ་སྲང་གི་འགྱིག་ཤོག་དཀར་བོ་ལྟར་རླུང་བུ་ཆུང་ངུ་ཞིག་ལྡང་ཚེ་གཞན་དབང་གིས་འཁྱེར་འགྲོ་བའི་ན་གཞོན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག

དུས་ཡུན་ཅུང་ཙམ་ཞིག་འགོར་རྗེས་ཁོའི་ཕོ་བའི་ནང་དུ་སླར་ཡང་ཅི་ཞིག་གིས་འགྲེ་ལྡོག་ཤུགས་ཆེན་བརྒྱབ་པ་དང་འདྲ་བར་ཟུག་རྔུ་བཟོད་མི་ཐུབ་པ་ཞིག་བསྐྱེད་ཅིང་། འཕོངས་མགོ་དང་བརླ་ཤ་ཡོངས་རྫོགས་གཤེར་གཟུགས་གང་རུང་གིས་ཚ་ལམ་ལམ་དུ་བཏང་སོང་། དེ་དང་ལྷན་དུ་རང་ཉིད་མལ་སྟན་གྱི་གཏིང་རིམ་དུ་སིམ་བཞིན་པའི་ཚོར་བ་ཡ་མཚན་ཞིག་བྱུང་ཞིང་། སེམས་ཀྱི་ཀུན་གཞིའི་ངོས་སུ་མངོན་གསལ་གྱི་འཇིགས་སྣང་ཡ་མ་ཟུང་ཞིག་སྐྱེས་ཏེ་མིག་ཟུང་ཤེད་ཀྱིས་ཕྱེ་ཡང་མིག་གི་སྐྱི་ལྤགས་ཀྱི་འཐེན་ཤུགས་ཉམས་པ་ལྟར་འབྱེད་ཐབས་རྩ་བ་ནས་མ་བྱུང་།

དེ་ལྟའི་ངང་དུ་སྨན་ཁང་གི་བར་ཁྱམས་ནང་ནས་ཁོའི་ཨ་མས་སྐད་ཤུགས་ཡོད་རྒུས། “ཨེམ་རྗེ་རྡོ་རྗེ་དབང་གྲགས་ལགས། ཨེམ་རྗེ་རྡོ་རྗེ་དབང་གྲགས་ལགས།”ཞེས་སྐད་དངན་ཞིག་ཡུན་རིང་བརྒྱབ་པ་རྣ་བ་ལས་འདས་པའི་དབང་བོ་གཞན་ཞིག་གིས་ཐོས་ཏེ། ཨ་མ་ལ་ཤ་ཚ་དང་སྙིང་རྗེ་བཟོད་གླགས་མེད་པ་ཞིག་སྐྱེས། ཕལ་ཆེར་འདི་ནི་ཁོ་བོ་སྐྱེས་པ་ནས་ད་བར་སྙིང་ཁོང་རུས་པའི་གཏིང་ནས་ཨ་མར་སེམས་ཁུར་དང་ཤ་ཚ་སྐྱེས་པ་ཐོག་མ་དེ་ཡིན་ངེས། འོན་ཀྱང་ཨེམ་རྗེ་རྡོ་རྗེ་དབང་གྲགས་ལགས་སྐར་མའི་གོ་ལ་གཞན་ཞིག་གི་ཐོག་ཏུ་གཤེགས་པ་ལྟར་ཁོའི་དྲན་ཤེས་ཀྱིས་ཟིན་པའི་དུས་ཚོད་རིང་མོ་དེའི་ནང་དུ་ཇི་ཙམ་སྒུག་ཀྱང་ཕེབས་མ་བྱུང་། དེ་ནས་སླར་ཡང་དུས་ཡུན་ཇི་ཙམ་སོང་བ་མི་ཤེས་པར་ནད་ཁང་ནང་དུ་གྲག་འགུལ་ཆེན་པོ་ཞིག་བྱུང་ཞིང་། ཁོའི་སྣང་ངོར་མུན་པ་དང་འོད་སྣང་། ལྷིང་འཇགས་དང་གྲག་འགུལ། བདེ་བ་དང་སྡུག་བསྔལ། དོན་དངོས་དང་རྨི་ལམ། གྱ་གྱུ་དང་ཟ་ཟི། མངོན་གསལ་དང་ལྐོག་གྱུར་གྱི་གནས་མང་བོ་དུས་གཅིག་ཏུ་བསྲེས་པའི་བར་སྟོང་ཆེན་པོ་ཞིག་གི་ནང་དུ་རང་ཉིད་ཨུ་ཚུགས་ཀྱིས་འཚང་ཞིང་། ཁེར་རྐྱང་གི་རྟོག་འགྱུ་ཡན་གར་བ་ཞིག་མུན་པའི་འཕང་བ་ནས་རིམ་བཞིན་འཕོས་ཏེ། རྨི་ལམ་གྱི་ཞིང་ཁམས་དང་འདྲ་བའི་འོད་ཀྱི་དྲ་བ་དྲ་ཕྱེས་ཁྱབ་པའི་འཇིག་རྟེན་གྱི་ཡོལ་གོ་ནག་པོ་ཞིག་ཁོའི་མདུན་དུ་རིམ་གྱིས་ཕྱེས་བྱུང་།

“སྨན་པ་རྡོ་རྗེ་དབང་གྲགས་མཆོག་ལ། རང་བས་གཞན་གཅེས་ཀྱི་སྲོག་སྐྱོབ་བཀའ་དྲིན་ལ། འདི་ག་ནད་གཞི་དྲག་བསྐྱེད་བྱུང་པའི……”གཟེངས་བསྟོད་ཀྱི་དར་ཆ་དམར་བོ་དེ་ཁོ་ན་སྒམ་ཚུགས་ཀྱིས་འཇམ་དཔལ་རྡོ་རྗེའི་ཁ་གཏད་དུ་བསྒྲེང་སྟེ། ཆུ་ཁོལ་ལྟར་ལྷོག་ལྷོག་ཏུ་འཁོལ་བའི་ནད་ཁང་གི་ཡ་ཀླད་དུ་སྔར་ནས་གོམས་འདྲིས་སུ་གྱུར་བ་ལྟར་ཇི་མི་སྙམ་པར་གཟིགས་ནས་འདུག

གསུམ།

མདང་ནུབ་ཐོ་རེངས་ཀྱི་ཐུན་མཚམས་ལ་ང་ལ་རྨི་ལམ་མཚར་བོ་ཞིག་རྨིས་བྱུང་། རྨི་ལམ་ནང་དུ་འཇམ་དཔལ་རྡོ་རྗེ་དང་ཁོའི་ཉེ་འབྲེལ་རྣམས་རྨིས་ཤིང་། དེ་ནི་འཇམ་དཔལ་རྡོ་རྗེ་ཚེ་ལས་འདས་ཏེ་ཞག་ཞེ་དགུ་ཏག་ཏག་འདས་པའི་ཉིན་ཞིག་རེད།

ཁོས་སོག་མ་ལས་ཕྲ་བའི་ལག་གཡས་པ་དཔྲལ་བའི་ཐོག་ཏུ་བཞག་སྟེ། ཉི་མ་འཆར་སའི་ཁ་ཕྱོགས་སུ་ཡུན་རིང་བལྟས། འོན་ཀྱང་ལག་མཐིལ་ནི་འགྱིག་ཤོག་ཕྱི་གསལ་ནང་གསལ་ཞིག་དང་འདྲ་བར་ཉི་འོད་ལ་ཐོགས་རེག་ཅི་ཡང་མེད་པར་ཕ་རོལ་གྱི་བྱ་དངོས་ཡོད་ཚད་གསལ་ཐིང་ཐིང་དུ་མངོན་ཡོང་། ཉི་འོད་ནི་སྲིན་བལ་སེར་བོ་ཞིག་གི་རྡུལ་ཕྱེ་ལྟར་ཤིན་ཏུ་དུལ་བའི་ངང་ནས་རྩྭའི་ཉག་མ་རེ་རེའི་མགོ་ཐོག་ཏུ་ནེམ་གྱིས་ལྷུང་ཞིང་། རྩྭ་ཐང་ཐོག་གི་ཟིལ་བ་ཡོད་ཚད་རིམ་བཞིན“སྲིན་བལ”དག་གིས་གཞིབས་ཏེ་རྩྭ་ལྗང་སྙི་མོ་ཁོ་ན་ནེམ་ཤ་ལྡེམ་ལྡེམ་ཏུ་སྣང་བ་ལས་བརླན་གཤེར་གྱི་ཆ་ཤས་ཡོད་ཚད་སྨིག་རྒྱུ་དང་ལྷན་དུ་གར་སོང་ཆ་མེད་དུ་གྱུར་འདུག

རྒྱང་རིང་གི་གཞུང་ལམ་བསྣོལ་མཚམས་ནས་རླངས་འཁོར་གྱི་ཡོ་ལང་ཆེན་པོ་ཞིག་རྒྱས་ཏེ་ཁོ་བོ་ཡོད་སའི་སྤང་ཐང་གི་ཕྱོགས་འདིར་ཇེ་ཉེར་བཅར་ཡོང་། ཁོས་ཤིན་ཏུ་སྦོས་པའི་མིག་ལྕིབས་བགྲད་དེ་དེའི་འོག་གི་ཆེ་ཆུང་སེར་ཀ་ཙམ་ལས་མེད་པའི་མིག་ཟུང་གིས་ཕྱོགས་བཞི་མཚམས་བརྒྱད་ལ་འཁོར་ཏེ་བལྟས། ད་གཟོད་སྤང་ཐང་འདི་ལས་རྒྱང་ཐག་སྤྱི་ལེ་གསུམ་ཙམ་ལས་མེད་པའི་ཕར་ཕྱོགས་ན་གྲོང་ཚོ་ཆུང་ཆུང་ཞིག་ཡོད་ཅིང་། གྲོང་ཚོ་དེའི་དུད་ཁྱིམ་རེ་རེའི་ཡང་ཐོག་ནས་བསང་དུད་སྔོ་ལྷོག་ལྷོག་ཏུ་འཕྱུར་བཞིན་དར་ལྕོག་གི་གསེབ་ནས་གནམ་རིམ་པ་དགུའི་ཡར་ཕྱོགས་སུ་དལ་བུར་འདྲེན་བཞིན་མཆིས། རྒྱང་རིང་ནས་དུ་བ་དེ་དག་ལ་བསྣོམས་ཞོར་བཀྲེས་ཤིང་ལྟོགས་པའི་ལྟོ་བ་ལ་བདེ་སྣང་ཅུང་ཟད་ཅིག་སྐྱེས་མོད། མེ་ལྟར་འབར་བའི་མིད་པའི་མཚམས་སུ་ཡི་ག་གང་བའི་ཆུ་ཞིག་རག་ཐབས་མ་བྱུང་།

གློ་བུར་དུ་གནས་འདི་ནི་རྒྱུས་མངའ་ཤིན་ཏུ་ཆེ་བ་ཞིག་ཡིན་པ་དྲན་རུང་། རྨི་ལམ་ནང་གི་བྱ་དངོས་མོག་པོ་དེ་དག་དོན་དངོས་ཀྱི་འཇིག་རྟེན་དང་ལྷན་དུ་བསྲེས་པ་བཞིན་རྒྱུས་མངའ་ཆེ་ལ་བློ་ཡུལ་ལས་འདས་པ་ཞིག་རེད། ག་ལེར་བསམ་གཞིག་བྱེད་སྐབས་ཁོ་བོ་གནས་འདིར་ཡོང་དུས་ནི་ལོ་ངོ་མང་བོའི་ཡར་སྔོན་དུ་ཡིན་རྒྱུ་རེད་སྙམ་པའི་བག་ཆགས་མག་མོག་ཅིག་ལས་ཅི་ཡང་མི་འདུག འདི་ལྟའི་ངང་ནས་རང་ཉིད་ཡུལ་གང་ཞིག་ནས་ཅི་ཞིག་གི་དོན་དུ་གནས་འདིར་ཡོང་བར་བསམ་གཞིག་ཡང་ཡང་བྱ་དགོས་བྱུང་རུང་། ཁོ་བོ་གནས་སའི་འཇིག་རྟེན་འདིར་དུས་ཚོད་དང་བར་སྟོང་། དྲན་པ་དང་རྨི་ལམ་སོགས་ཡོད་ཚད་དུས་གཅིག་ཏུ་བསྣོལ་ཞིང་འཛིང་སྟེ། གང་ལའང་ཡིད་རྟོན་དང་གཏད་སོའི་གནས་མེད་པར་རང་གི་བསམ་པ་སྐད་ཅིག་ཀྱང་རང་ཉིད་ལ་མི་དབང་བར་རླུང་ནང་གི་སྦྲང་བུ་ཇི་བཞིན་སྟོང་བའི་དབྱིངས་སུ་ཁུར་ནས་འགྲོ།

རྒྱང་རིང་ནས་རླངས་འཁོར་དཀར་བོ་ཞིག་རྩྭ་ལོའི་གསེབ་ནས་མགོ་བོ་ལྕོག་ལྕོག་གིས་ཐོན་བྱུང་། རླངས་འཁོར་དེ་ཉིད་ཁོ་དང་ཐག་མི་རིང་བའི་སར་བསྡད་ཅིང་། དེའི་ནང་ནས་ཨེམ་རྗེ་རྡོ་རྗེ་དབང་གྲགས་ལགས་དང་། རང་གི་གྲོགས་པོ་ཡིན་ལ་དབུ་ཁྲིད་ཀྱང་ཡིན་པའི་ཅུས་ཀྲང་ཉི་མ་སོགས་གཙོ་འཁོར་ལྔ་ཙམ་ཕྱིར་ཐོན་བྱུང་། ཁོས་དགའ་ཚོར་ཆེན་པོས་ལག་བརྡ་བྱེད་བཞིན་ཁོ་ཚོའི་ཕྱོགས་སུ་རྒྱུགས་ནས་ཕྱིན། དེ་དུས་གྲོད་ཁོག་ལྕི་མོ་དེ་རྐང་བས་མ་ཐེག་པར་བསྟུད་མར་ས་ཐོག་ཏུ་ཐེངས་འགར་འགྱེལ་ཞིང་། ད་གཟོད་ཁོ་བོས་རང་ཉིད་ཀྱི་འཇག་མ་ལས་ཕྲ་བའི་རྐང་ལག་དང་། ཞོ་བཞུ་ལས་ལྡིར་བའི་གྲོད་ཁོག ཤིན་ཏུ་རིང་ཞིང་མིག་ལ་མི་མཛེས་པའི་སྐེད་པ་ཕྲ་མོ་བཅས་ལ་མངོན་གསལ་གྱིས་དོ་སྣང་བྱས་བྱུང་།

“ཨ་ཁ། ང་ཡི་དྭགས་སུ་སྐྱེས་པ་ཡིན་ནམ།” ཁོའི་མ་གཞི་ནས་ཤིན་ཏུ་འབུར་བའི་མིག་རིལ་གཉིས་པོའང་ས་ལ་ལྷུང་ལ་ཁད་བྱས།

རླུང་བུ་བསིལ་མོ་ཞིག་ལྡང་བས་ཁོ་བོ་བརྒྱལ་བ་ལས་སངས་ཤིང་དཀའ་ཚེགས་ཆེན་པོས་ཡར་བསྒྲེང་རྗེས་མིག་ཟུང་ཆེར་བགྲད་དེ་མདུན་ཕྱོགས་སུ་བལྟས། ཁོས་ཅི་ཞིག་དྲན་པ་ལྟར། རྟབ་རྟབ་པོར་རྐང་འོག་གི་རྩྭ་ལྡུམ་དང་རྟ་ཕྱུགས་ཀྱི་སྦང་དང་ལྕི་བ་སོགས་བསལ་ཏེ། གོམ་པ་རེ་རེ་བཞིན་བརྟན་པོར་སྤོས་ཏེ་མདུན་ཕྱོགས་སུ་བསྐྱོད། མདུན་ངོས་ཀྱི་སྤང་གཤོང་ལེབ་མོ་དེའི་ཐོག་ན་མི་འགའ་རེས་ཆང་འཐུང་བ་དང་བྲོ་འཁྲབ་པ། གླུ་ལེན་པ་སོགས་བྱེད། ཁོ་བོ་དེ་དག་གི་འཁྲིས་སུ་སླེབས་སྐབས་མི་ཚོགས་ཀྱི་དབུས་ནས་རང་ཉིད་མཐོང་། ཁོས་དེ་དག་གི་འཁྲིས་སུ་ཉེ་བར་བཅར་རུང་ཁོང་ཚོས་རང་ཉིད་ཚུར་མི་མཐོང་བས་ཁ་ཡ་མི་བྱེད། གནས་སྐབས་འདི་ཉིད་ནི་རང་ཉིད་སྨན་ཁང་དུ་མ་བསྡད་སྔོན་གྱི་ཉིན་དེའི་ཆ་ཤས་ཤིག་ཡིན་པར་དྲན་པ་རྙེད་སོང་།

ད་ནི་ཉིན་གུང་གི་གསོལ་ཤུལ་གྱི་དུས་ཚོད་ཟིན་འདུག སྨན་པ་རྡོ་རྗེ་དབང་གྲགས་ལགས་ཡར་བཞེངས་ཏེ། འདུ་འཛོམས་དེའི་གཙོ་སྐྱོང་གནང་བཞིན་མཆིས། ཁོང་གིས་མི་རེའི་མདུན་ངོས་སུ་སྦི་རག་ལྕགས་ཀྲིན་ལྔ་རེ་བཞག་སྟེ། དུས་ཡུན་སྐར་མ་གཅིག་གི་ནང་དུ་འཐུང་ཚར་བ་བྱེད་དགོས་པའི་ཐད་ནས་བཙན་ལ་ལྕི་བའི་སྒྲིག་ཁྲིམས་ཁྱབ་བསྒྲགས་གནང་ཞིང་། ཐོག་མར་ཁོའི་འཁྲིས་ན་ཡོད་པའི་དོན་རྡོར་གྱིས་རང་བསྐལ་སྦི་རག་ལྕགས་ཀྲིན་ལྔ་བོ་དེ་དུས་ཡུན་སྐར་མ་གསུམ་གྱི་ནང་དུ་ཧབ་འཐུང་བྱས་རྗེས། ཤེལ་ཕོར་གྱི་ཞབས་ར་ཏག་སྒྲ་དང་བཅས་ཁྲིའུ་ཡི་ཐོག་ཏུ་བརྡབ་སྟེ་དཔའ་རྟགས་བསྟན། དོན་རྡོར་ནི་ཤང་མི་དམངས་སྲིད་གཞུང་གི་གཞུང་ཞབས་པ་དཀྱུས་མ་ཞིག་ཡིན། ཁོ་ནང་ལོགས་ཀྱི་སློབ་ཆེན་ཅུང་ཡག་གྲས་ཤིག་ནས་མཐར་ཕྱིན་ཞིང་། སློབ་ཆེན་འགྲིམ་སྐབས་འཛིན་གྲྭའི་སློབ་གྲོགས་དང་། མལ་གྲོགས། ཡུལ་གྲོགས་སོགས་ཀྱི་དགའ་འཛོམས་སྐབས་སུ་སྐྱིད་སྣང་གི་ཆེད་དུ་སྦི་རག་ཅུང་ཟད་རེ་འཐུང་བ་མ་གཏོགས། དེ་ཉིད་ལ་དགའ་བ་དང་དུང་བ། སྨན་པའི་རྒྱུ་ཕུལ་བྱུང་ཞིག་མཆིས་ཏེ་འཐུང་བ་ནི་ཅི་ནས་མིན། སློབ་མཐར་ཕྱིན་པའི་ཐོག་མའི་ལོ་དེར་ཁོས་སྦི་རག་འཐུང་སྐབས་འདི་ནི་བོང་བུའི་གཅིན་གྱི་ཁ་དོག་དང་འདྲ་ཞེས་ཞེ་མེར་མེར་བྱེད། རྗེས་སུ་རིམ་བཞིན་ལོ་ཟླའི་བཙན་ཤེད་ཀྱིས་བྲན་དུ་བཀོལ་ཏེ། ཁོ་བོ་ནི་ཆང་རག་གི་སྐྱུར་རྩི་ལ་ཆགས་པའི་ཀླུ་མོ་ཞིག་དང་འདྲ་བར་སྐྱུར་རྩི་དང་ཁ་འབྲལ་ཐབས་མེད་པར་གྱུར། རྒྱུན་དུ་ལས་ཀའི་གནོན་ཤུགས་དང་འཚོ་བའི་དཀའ་སྡུག་སོགས་ཀྱི་མདུན་དུ་སྦི་རག་ནི་ཕྱོགས་ཞེན་དང་ཆ་རྐྱེན་མེད་པར་ཁོའི་སེམས་ཁམས་གསོ་བྱེད་ཀྱི་བདུད་རྩི་གར་མ་དེར་གྱུར། ཐོག་མར་སྦི་རག་འཐུང་བ་ནི་ལས་ཀའི་དགོས་མཁོ་ཡིན་པར་སེམས་ཤིང་། ཕྱིས་སུ་སྦི་རག་འཐུང་བ་ནི་རང་གི་དགའ་ཕྱོགས་ཤིག་ཏུ་བརྩི་བ་དང་། ད་ལྟ་སྦི་རག་འཐུང་བ་ནི་རང་གི་འོས་འགན་ལྟ་བུར་མཐོང་སྟེ་ཞེ་དུང་དུང་དང་སྙིང་ཉེ་ཉེ་བྱེད། ལྷག་པར་དུ་རང་ཉིད་ཀྱི་མགོ་ཐོག་ཏུ་ཉི་མ་བཞིན་འོད་འཁྱིལ་ལེར་བཞུགས་པའི་དབུ་ཁྲིད་ཚོ་ཡོད་པའི་གསོལ་སྟོན་གྱི་ཐོག་ཏུ་དབུ་ཁྲིད་ཀྱི་གཙོ་ཕལ་མ་འཆུགས་པར་ཁོང་ཚོ་རེ་རེར་རང་ཉིད་ཀྱི་ལྷག་བསམ་མཚོན་བྱེད་སྦི་རག་ལྕགས་ཀྲིན་རེ་ཞབས་ཏག་རྒྱག་ནུས་པར་གྱུར།

དོན་རྡོར་གྱིས་སྦི་རག་འཐུང་ཚར་མ་ཐག་འཁྲིས་ཀྱི་འཇམ་དཔལ་རྡོ་རྗེས་གསོལ་ཤུལ་འཐུང་མགོ་བརྩམས། འཇམ་དཔལ་རྡོ་རྗེ་ནི་ཆང་རག་འཐུང་ཤེད་ཅུང་ཟད་ཆེ་རུང་། དུས་གཅིག་ཏུ་སྦི་རག་ལྕགས་ཀྲིན་ལྔ་འཐུང་བ་ནི་ཁོ་བོའི་ངོས་ནས་མི་ཚེ་འདིའི་ཐེངས་དང་བོ་ཡིན། འདི་ནི་གསོལ་ཤུལ་ཞེས་ཟ་མའི་རྗེས་ཀྱི་གཏིང་སྣོན་ལྟ་བུར་གྱུར་པས་མི་འཐུང་ཀ་མེད་ཡིན་པ་འདྲ་སྟེ། དུས་རྒྱུན་བཞུགས་གྲལ་གྲུ་བཞི་དང་འདུ་ར་གོར་མོའི་ཐོག་མེད་དུ་མི་རུང་བ་ཞིག་ཏུ་བརྩི་བཞིན་འདུག འཇམ་དཔལ་རྡོ་རྗེས་ཀྱང་དཔའ་མ་ཞུམ་པར་དུས་ཡུན་སྐར་ཆ་གཅིག་ཀྱང་རྗེས་སུ་མ་ལུས་པར་སྦི་རག་འཐུང་མགོ་བརྩམས་ཤིང་། སྦི་རག་ལྕགས་ཀྲིན་བཞི་བ་དེའི་ཕྱེད་ཙམ་རྫོགས་པར་འཐུང་སྐབས་གློ་བུར་དུ་ཆང་དབུགས་འདྲེས་པའི་བར་མཚམས་ནས་དབུགས་བརྡིབས་པའི་སྐད་སྒྲ་ཞིག་དང་ལྷན་དུ་ཁྲག་དམར་ཆིལ་ཆིལ་དུ་རྡོལ་བྱུང་།……

གང་ལྟར་གསོལ་ཤུལ་འཐུང་ཐེངས་གཅིག་ལ་འཇམ་དཔལ་རྡོ་རྗེ་སྨན་ཁང་དུ་ལུས་སོང་། འགའ་རེས་ཁོའི་མིད་པ་བརྡོལ་འདུག་ཟེར། འགའ་རེས་ཁོའི་ཕོ་བ་རལ་འདུག་ཟེར། འདས་པོ་དེའི་ཨ་ཕ་སླར་ཡང་ངའི་གྲྭ་ཤག་ཏུ་ལྕེ་ནར་ནར་གྱིས་འཛུལ་བྱུང་། འཇམ་དཔལ་རྡོ་རྗེའི་འཆི་འཕོ་དང་ལུས་རྟེན་གང་ཞིག་ཏུ་བླངས་མིན་ཐད་ནས་སྐར་ནག་གི་རྩིས་དང་མོ་ལུང་གནང་རོགས་ཟེར། དེ་དུས་ངའི་ཡིད་ངོགས་སུ་རྨི་ལམ་རྩུབ་མོ་དེའི་ངང་ཚུལ་རྣམས་ཝ་ལེར་ཤར་ཞིང་། ངས་འཇམ་དཔལ་རྡོ་རྗེ་ཡི་དྭགས་སུ་སྐྱེས་འདུག་བརྗོད་པ་ཡིན།

དུས་ནམ་ཞིག་ནས་ཕ་ཡུལ་དུ་འཇམ་དཔལ་རྡོ་རྗེ་ཡི་དྭགས་གཅོང་བོ་ཞིག་ཏུ་སྐྱེས་པའི་སྐོར་གྱི་གཏམ་རྒྱུད་རིང་བོ་ཞིག་གྲགས་མགོ་བརྩམས་ཤིང་། ཐམས་ཅད་གསོལ་ཤུལ་ཨུ་ཚུགས་ཀྱིས་ལྡུད་པར་ཤིན་ཏུ་འཛེམས་བཞིན་འདུག ཨ་ཙི། ཁོང་ཚོའང“ཡི་དྭགས”སུ་སྐྱེ་རྒྱུར་སྐྲག་པས་མིན་ནམ།

ཨ་སྐྱབས་དར་རྒྱས། (གསེར་རྟ་རྫོང)

ས་རུབ་ལ་ཉེ་འདུག

སོག་ཤུལ་དཔོན་གྱིས་ང་རང་སྔགས་པ་ཞིག་ཡིན་པ་ཤེས་རྗེས། འདྲེ་ཁང་དུ་བཙན་གྱིས་གཡུག་ནས་ཁང་སྒོ་དམ་གྱིས་ཕྱི་རུ་འཐེན་ལ། ལྕགས་ཟྭ་ཁྲོག་གེར་བརྒྱབས་པའི་སྒྲ་དེས་ང་རང་ཕྱི་རུ་འགྲོ་བའི་རེ་བ་དེ་རྨེག་མེད་དུ་གཞོམ་སོང།

སྔོན་ཆད་ཀྱི་མཛོད་ཁང་འདི་འདྲེ་ཁང་དུ་གྱུར་བ་ནས་བཟུང་། སོག་ཤུལ་སྡེ་བའི་ནང་དུ། གནམ་ལ་མུན་པ་ནག་པོ་འཐིབས། བར་སྣང་ལ་ས་རྡུལ་གྱི་ན་བུན་འཁྲིགས། ས་ལ་ཨ་བྲའི་དམག་གིས་གང་། ཕུ་ནས་འུག་པ་སྟོང་གིས་འུར་དིར་བྱས། འདབས་ནས་སྤྱང་མོ་སྟོང་གིས་ངུ་ཟུག་བྱས། ཐང་ནས་ཝ་མོ་མང་བོ་བརྒྱལ་ཞིང་ཟུག་པའི་ལྟས་ངན་བཅོ་བརྒྱད་བྱུང་ལུགས་ལ་བལྟས་ན། སོག་ཤུལ་སྡེ་བའི་མཛོད་ཁང་འདི་དངོས་གནས་འདྲེ་ཁང་ཞིག་ཏུ་གྱུར་ཡོད་པ་འདྲ།

འདྲེ་ཁང་ནང་ནག་ཐིབ་ཐིབ་བྱེད།

ད་དུང་རུལ་དྲི་ངན་པ་ཞིག་ཀྱང་རླུང་བུས་ཁུར་ནས་ངའི་སྣ་ལམ་དུ་ཁྱབ་ཡོང་། ང་རང་ཆ་མེད་པའི་ཁང་སྟོང་འདི་ལ་ཡ་མཚན་སྐྱེས་ནས་ཅི་ཞིག་བྱ་དགོས་པའང་མ་ཤེས། ཁང་སྟོང་འདིའི་སྒོ་ནི་ཁྲོག་གེར་བརྒྱབས་ཟིན་པས་ང་ཁང་སྒོར་ཁེན་ནས་བསྡད།

འདྲེ་ཁང་འདི་ནི་ས་སྟོང་ཉི་མ་དམར་བོ་ཞིག་ན་ཡོད་པས་ད་ནི་དངོས་གནས་འདྲེ་ཁང་འདིའི་ནང་འདྲེ་དང་། བདུད། ཀླུ་དང་བཙན། མ་མོ་སོགས་ཅི་ཞིག་ཡོད་ཀྱང་རང་ཉིད་གཅིག་པུས་ངོ་ཡ་བྱེད་པ་ལས་རོགས་པ་བྱེད་མཁན་ཞིག་གང་ན་ཡོད།

ད་བར་འཇིགས་སྣང་ཆེན་པོ་སྐྱེས་པའི་སོག་ཤུལ་སྡེ་བའི་མི་རྣམས་ཀྱང་ཉིན་རེ་ལས་ཉིན་རེ་སྐྲག་པར་གྱུར་ནས་མཐར་ཁང་སྟོང་འདི་ལ་འདྲེ་ཁང་ཞེས་བཏགས་པ་དང་། དེ་ན་འདྲེ་འདུག་ཅེས་བཤད་དེ་ས་ཆ་གཞན་ལ་གནས་སྤར་སོང་།

ཡུད་ཙམ་འགོར་བ་ན། ང་གཞི་ནས་གཉིད་ལས་སད་པ་བཞིན། རང་ཉིད་སྔགས་པ་ཞིག་ཡིན་པས་ཁང་སྟོང་ཞིག་གི་ནང་བཞག་པར་དེ་འདྲའི་སྐྲག་སྣང་ཡོང་དགོས་དོན་མི་འདུག་འདོད་དེ། དྲིལ་བུ་དང་གཡང་གཞི་བཏོན་ནས་གཅོད་འདོན་འགོ་བརྩམས།

གཉིད་རབ་རིབ་ཙམ་ཁུག་ནས་ཡུད་ཙམ་སོང་བ་ན། ཁང་བའི་དཀྱིལ་དབུས་སུ་མི་ཞིག་གིས་མཆོད་མེ་སྒྲོན་པའི་སྒྲ་ཐོས་བྱུང་ལ། མཆོད་མེའི་འོད་ཀྱིས་ཁང་བའི་ནང་འོད་ཆིལ་ལེར་སོང་།

ཁང་བའི་དཀྱིལ་དུ་ལྭ་བ་ནག་པོ་གྱོན་ལ། ལག་ཏུ་ལྕགས་ཐག་བཟུང་བ། མགོ་སྐྲ་རྫོབས་ལ་འཕྱང་བ་དེས་ངོ་ཕྱེད་བཀབ་ནས་མགོ་བོ་འཕྲེད་དུ་གཡུག་བཞིན། ཁ་ནས་ཧུ་ཤུ་སྒྲོག་གིན། སོ་སྒྲ་གྲོ་ཡོས་འཆའ་འཆའ་བྱེད་བཞིན་ང་ཡོད་སའི་ཕྱོགས་སུ་ནག་ཡོར་ཡོར་ཐོན་བྱུང་།

ངས་ལག་གཡས་པས་མི་ལྤགས་རློན་པའི་གཡང་གཞི་དེ་ཀླད་ལ་བསྐོར་བ་དང་། ལག་གཡོན་པས་མི་རྐང་དཀར་བོའི་རྐང་དུང་ཉིན་དཀར་མོ་ལ་དུ་བ་འཐུལ་ལེ། མཚན་ནག་པོ་ལ་མེ་རི་འབར་ལེ་དེ་འབུད་བཞིན།“ང་ནི་མི་ཤ་གསོན་ཟ་བྱེད་མཁན། མི་ཁྲག་དྲོན་མོར་འཐུང་བའི་ཤི་འདྲེ་མགོ་མེད་ཟེར་བ་དེ་ཡིན། དོ་དགོང་ད་ཚེ་ཟད་འཕར་ཚང་སྒོ་ལ་ཐོན་པའི་འདྲེ་རྒན་ཁྱོད་དམར་གསོད་གཏོང་རྒྱུ་ཡིན”ཞེས་གཡང་གཞི་ཀླད་ལ་བསྐོར་དེ་ལྭ་ནག་གྱོན་པའི་མི་དེར་ལན་གསུམ་བྲབས་པ་ན། ལྭ་ནག་གྱོན་པའི་མི་དེས་ཤུགས་རིང་འདེབས་བཞིན་ས་ལ་འགྱེལ་སོང་བ་དང་། གཡང་གཞི་ཤུགས་ཀྱིས་བསྐོར་བའི་དབང་གིས་མཆོད་མེ་ཡང་གཟིམ་ཟིན་པས་ང་རང་ཅི་བྱེད་འདི་བྱེད་མེད་པར་སླར་ཡང་སྒོ་རྒྱབ་ལ་ཁེན་ནས་ངལ་གསོ་དགོས་བྱུང་།

དེ་ནི་ཕལ་ཆེར་མཚན་དཀྱིལ་ཞིག་ལ་སླེབས་ཡོད་དམ། ཁང་བའི་ཕྱི་རོལ་དུ་རླུང་བུ་ཤུགས་ཀྱིས་ལྡང་བའི་སྒྲ་ལས་ཅི་ཡང་མི་འདུག

ང་སླར་ཡང་སྒོ་རྒྱབ་ལ་ཁེན་ནས་གཉིད་དུ་ཡུར་སོང་།

ཕྱི་ཉིན། སོག་ཤུལ་དཔོན་གྱིས་ཁང་སྒོ་ཕྱེ་དུས། མཐོ་རི་བོས་ཉི་འོད་ཀྱི་གསེར་ཞྭ་གྱོན་ནས་ཡུན་རིང་ཞིག་ལོན་འདུག

ཞལ་ངོ་སྨུག་ནག་ཅན་གྱི་སོག་ཤུལ་དཔོན་པོ་ཧ་ལས་པའི་ཉམས་ཀྱིས“ཨ་ཁུ་སྔགས་པ་ལགས། ཁྱོད་བདེ་བར་བཞུགས་འདུག དངོས་གནས་མིང་དོན་མཚུངས་པའི་སྔགས་པ་ཞིག་རེད”ཟེར།

“ཁྱོད་ཀྱིས་ང་ལ་མགོ་སྐོར་བཏང་སོང་། ང་སྤྲང་བོ་ལ་ཟས་སྦྱིན་རྒྱུ་མེད་རུང་། ཁྱོད་ཀྱིས་ང་རང་མགོ་གཡོག་བཏང་བ་ནི་མི་ངན་ཞིག་གི་ལས་ཀ་རེད།”ང་ཚིག་པ་ཟ་བཞིན་ཁོ་ལ་ཁ་ཡ་བྱེད་འདོད་མེད་པར། ཁུར་བོ་ཁུར་ནས་ལམ་དུ་འགྲོ་གྲབས་བྱས།

སོག་ཤུལ་དཔོན་གྱིས་ཁ་བཏགས་དཀར་བོ་ཞིག་བཏོན་ནས་ངའི་རྗེས་བཞིན་འབྲངས་ཏེ“ཨ་ཁུ་ལགས། དགོངས་པ་མ་ཚོམས། དོན་དག་ནི་འདི་འདྲ་ཞིག་རེད། ང་ལ་དཀའ་ཁག་ཞིག་ཡོད། ”ཟེར།

“ཁྱི་ཁ་ཚུམས།”ངས་ཁོ་ལ་དེ་ལྟར་གཤེ་གཤེ་བཏང་རྗེས། ཁོའི་ཉོག་གཏམ་དེ་ཚོ་ལ་ཉན་འདོད་གཏན་ནས་མ་བྱུང་།

སོག་ཤུལ་དཔོན་གྱིས་ལག་ཟུང་ཐལ་མོ་སྦྱར་དེ་སྔར་བཞིན་ངའི་རྗེས་སུ་འབྲངས་ནས“ཨ་ཁུ་སྔགས་པ་ལགས། ཁྱོད་དངོས་གནས་དགོངས་པ་མ་ཚོམས། མདངས་དགོང་འོ་བརྒྱལ་མྱངས་སོང་། ཁང་སྟོང་འདི་སྔོན་ཆད་མཛོད་ཁང་ཆེན་པོ་ཞིག་ཡིན། ཕྱིས་སུ་ངེད་སོག་ཤུལ་སྡེ་བའི་མཛོད་ཁང་སྲུང་མཁན་སེམས་ཁ་མ་བདེ་བར་སྐེ་ལ་ཐག་པ་བརྒྱབ་ནས་རང་ཤི་བརྒྱབས་སོང་ལ། དེ་རྗེས་ཁང་བའི་ནང་དུ་། མི་ལ་ལས་མཛོད་ཁང་དུ་མཚན་གུང་མཆོད་མེ་སྒྲོན་ནས་སུ་ཞིག་གིས་ཁ་བརྡ་བྱེད་པའི་སྒྲ་ཐོས་ལ། མི་ལ་ལས་སྐེ་ལ་ལྕགས་ཐག་འདོམས་པ་བཅོ་བརྒྱད་དྲུད་པའི་མི་ཞིག་གིས་མི་མགོ་སྐམ་པོ་འགའ་ཁུར་ནས་ཡར་རྒྱུག་མར་རྒྱུག་བྱེད་བཞིན་པ་མཐོང་ལ། དེ་ནས་ལོ་མང་བོའི་རིང་ལ། མཛོད་ཁང་འདིའི་གམ་དུ་ཉིན་དཀར་མི་རེ་འགྲོ་ཕོད་པ་མ་ཟད་། མཚན་མོར་ནང་དུ་འགྲོ་ཕོད་མཁན་གཅིག་ཀྱང་མ་བྱུང་། ནང་གི་ཅ་ལག་རྩ་ཆེན་ཚོ་ཡང་གདོན་གནོན་རེད་ཟེར་ནས་བདག་པོ་བྱེད་མཁན་མ་བྱུང་ལ། ཚང་མས་འདི་ལ་འདྲེ་ཁང་ཞེས་པའི་མིང་ཞིག་ཀྱང་བཏགས་ཡོད”ཅེས་བདེན་ཅོག་ཅོག་གིས་བཤད།

“ཧིན། ཁྱོད་ཀྱིས་ལབ་མ་རྒྱག དེ་ན་ཁྱོད་ཀྱིས་ང་འདྲེ་ཁང་དུ་བཅུག་ནས་གསོད་འདོད་པ་ཡིན་ནམ། ”

“མིན་ལགས། འོན་ཀྱང་ང་ཚོའི་སྡེ་བའི་ནང་དུ་ད་བར་སྔགས་པ་ཡིན་ཟེར་མཁན། གཅོད་པ་ཡིན་ཟེར་མཁན། མཐུ་དང་ནུས་པ་ཡོད་ཟེར་བའི་ཁ་ཕོ་ཅན་མང་བོ་ཞིག་ཡོང་ཡང་དོན་དངོས་སུ་མཚན་མོ་ཁང་བའི་ནང་དུ་བཅུག་ན། ཕྱི་ཉིན་སེམས་ཐོག་ལ་ཡོད་མཁན་ནི་ཁྱོད་གཅིག་པུ་མ་གཏོགས་མེད་ལ། ཁྱོད་ཀྱིས་དངོས་ནས་འདྲེ་ཁང་ནང་གི་འདྲེ་རྒན་དེ་དངོས་སུ་བཏུལ་ཡོད་པ་འདྲ”ཟེར།

“དེ་འདྲ་ཞིག་ཡིན་ན། ངེད་གཉིས་ཀྱིས་ཁང་པའི་ནང་དུ་བསྐྱར་ལྟ་ཞིག་བྱ།”

“ལགས་སོ། ཐུགས་རྗེ་ཆེ།”

འདྲེ་ཁང་ཟེར་བའི་ཁང་བ་འདིའི་ནང་དུ་འབྲུ་རིགས་དང་། ཇ་སྒམ། མལ་སྟན་སོགས་མང་བོ་ཞིག་བརྩིགས་ནས་འདུག་ལ། འདི་ནི་སོག་ཤུལ་སྡེ་བའི་ཐུན་མོང་གི་མཛོད་ཁང་ཞིག་ཡིན་ཡང་། ལོ་མང་བོའི་རིང་ལ་མཛོད་ཁང་ནང་དུ་ཁང་བདག་དཔྱངས་ནས་རང་ཤི་བརྒྱབས་པ་དང་། མི་མང་པོས་ལྕགས་ཐག་ནག་པོ་དྲུད་པའི་འདྲེ་དེ་མཛོད་ཁང་ནང་དུ་འགྲོ་བཞིན་ཡོད་པའི་སྐད་ཆ་གཅིག་གིས་བཅུ་ལ་བཤད། བཅུ་ཡིས་བརྒྱ་ལ་བཤད་པའི་རྗེས་སུ། སོག་ཤུལ་སྡེ་བའི་མི་ཚོས་ཐ་ན་མཛོད་ཁང་ཞེས་པའི་མིང་དེ་གླེང་ཡང་། མི་ལ་ན་ཚ་དང་། ཕྱུགས་ལ་གྱོང་ཁ་ཡོང་བའི་རྣམ་རྟོག་བྱེད་ལ། མཛོད་ཁང་གི་འདྲེ་ཡི་སྐོར་ནས་ཁ་བརྡ་བྱས་ན། སྐྲག་ནས་ལུས་ཀྱི་བ་སྤུ་གཟེང་ལ། བུད་མེད་ཚོ་གཅིག་པུར་སྒོར་གཅིན་ཡང་གཏོང་དུ་འགྲོ་མི་ཕོད་པའི་ཚད་དུ་སླེབས་ཡོད།

ཨ་ཙི། ལྭ་ནག་གྱོན་པའི་འདྲེ་རྒན་དེ་དངོས་གནས་ཤི་སོང་བ་ཡིན་ནམ། གང་ལྟར་ཁང་དཀྱིལ་དུ་ལྕགས་ཐག་ནག་པོ་དུམ་བུ་ཞིག་དང་། མེས་འཚིག་པའི་རེ་ལྡེ་ནག་པོ་ལང་མ་ཞིག་ལྷུང་འདུག དངོས་པོ་དེ་དག་མཐོང་བ་ན། སོག་ཤུལ་དཔོན་ཕྱི་ནུར་བྱེད་བཞིན“འདྲེ་བཏུལ་འདུག འདྲེ་བཏུལ་འདུག”ཅེས་ལབ་སོང་།

ངས“འདྲེ་ཁང་གི་ཤུལ་དུ་བདུད་འདུལ་མཆོད་རྟེན་ཞིག་བཞེངས་ན། སེམས་ཅན་ལ་བདེ་སྐྱིད་ཡོང་ངེས། འདྲེ་དེ་བཏུལ་ཡོད་མེད་མི་ཤེས་རུང་། ས་འདི་ནས་སྡོད་མི་ཕོད་པ་ཞིག་བཟོས་ཡོད་ཤས་ཆེ”ཞེས་ལབ།

སོག་ཤུལ་དཔོན་སླར་ཡང་ངའི་ལག་མགོར་དམ་དུ་འཇུས་ནས་ཧ་ཅང་ཡིད་ཆེས་པའི་ཉམས་ཀྱིས“ཨ་ཁུ་སྔགས་པ་ལགས། ངས་སེམས་གཏིང་ནས་ཁྱེད་ལ་བཀའ་དྲིན་ཆེ་ཞུས་པ་ཡིན། ད་ནི་མི་སེམས་བདེ་ལ་འབབ་ངེས”ཞེས་ལབ་བྱུང་།

ཉིན་དེ་ནས་བཟུང་། སོག་ཤུལ་སྡེ་བས་ང་ལ་འདྲེ་འདུལ་བླ་མ་ཞེས་མིང་གསར་པ་ཞིག་བཏགས་བྱུང་།

༢༠༡༩.༢.༡༡


རྩོམ་ཡིག་རྗེས་མ།
འདྲེ་ཁང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1