འདྲེ་ཁང་།

ཨེ་ཕུར་བཀྲ།(ལྷ་ས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-15


“ནད་ཁྲི་ཨང་གྲངས་བཅུ་བའི་ནད་གཡོག་སྨན་ལེན་པར་ཤོག་”

“ལགས་སོ། ལགས་སོ།”

ངའི་སྡོད་ཡ་རྒན་མོ་ཁོང་ཡང་ཉེ་ལམ་གྲུམ་ནད་ཀྱིས་རྐྱེན་པས་ན་ཚ་ཇེ་ལྕིར་སོང་རྐྱེན་འཁར་བར་མ་བརྟེན་པར་འགྲོ་བསྐྱོད་སྟབས་མི་བདེ་མོད། ད་ཆ་ངའི་ནད་གཡོག་གཅིག་པུ་དེ་ཡིན་པས། རྔ་གདང་རྒྱུག་དང་དུད་པ་ལང་རྒྱུག་གི་ཚད་དུ་བྲེལ་དགོས་པ་ངོ་མ་སྙིང་ནས་བཟོད་དཀའ་ཨང་།

“སྤོ་བོ། སྨན་བླངས་ཚར། སྨན་ཆུར་ངས་བལྟས་ཆོག བུ་མགྱོགས་པོ་རོགས་བྱེད་པར་ཡོང་རྒྱུ་ཟེར། ད་ལྷོད་ལྷོད་ངང་གཉིད་གཅིག་ཉོལ། སེམས་ཁྲལ་ཅི་ཡང་མ་བྱེད།”ཁོང་གིས་དབུགས་ཧལ་བཞིན་དུ་དལ་མ་མྱུར་གྱི་འཐེང་འགྲོས་ལ་བརྟེན་ནས་ངའི་གམ་དུ་བཅར།

“ཡཱ་ཡཱ། ང་སྣང་དག་མི་འདུག རྨོ་བོ་རང་དཀའ་སོང་། ངལ་ཡག་པོ་ཞིག་གསོས།”

བདེ་བའི་གཉིད་གཅིག་ཉལ་ཏེ་ལྷོད་ལྷོད་ངང་ངལ་ཞིག་གསོས་ན་འདོད་དེ་མིག་དལ་མོར་བཙུམས་མོད། གློ་ཚད་ཀྱིས་དྲན་པ་མྱོས་པའི་རྣམ་ཤེས་འདིར་རྣམ་རྟོག་སྣ་ཚོགས་པའི་ཟློས་གར་གྱི་ཡོ་ལང་དྲག་ཏུ་གཡོ།

ང་རང་དམངས་བཙུགས་སློབ་གྲྭའི་ཀ་ཁའི་དགེ་རྒན་གྱི་ལས་གནས་དང་གྱེས་ཏེ་ད་བར་ཏག་ཏག་མི་ལོ་བཅུ་བདུན་འདས་འདུག གལ་སྲིད་ངས་མུ་མཐུད་དུ་དགེ་རྒན་གྱི་ལས་ཀ་གཉེར་ནས་བསྡད་ཡོད་ཚེ་ནད་ཚབས་ཆེན་འདི་ལྟ་བུ་བྱུང་མེད་ཀྱང་སྲིད། ལས་འབྲས་བསླུ་བ་མེད་ཟེར་བ་ངོ་མ་བདེན་པ་འདུག ངས་དགེ་རྒན་གྱི་ལས་གནས་བསྐྱུར་རྗེས། སྟོང་སྐུད་དམར་བོ་དང་འདྲེས་པའི་ལྕང་ལོ་དུམ་བུར་བཅད་དེ་མགོ་ལ་སྐྲ་གཞུག་གིས་བརྒྱན་པའི་ཕ་མེས་ནས་བརྒྱུད་པའི་གོམས་སྲོལ་དེར་རྒྱབ་གཏོད་བྱས་པ་དང་། རིམ་བཞིན་ཏང་ལ་ཞུགས་ཏེ་གྲོང་ཚོའི་ནང་ཙུའུ་ཀྲང་གི་ལས་གནས་དང་གྲོང་ཚོ་ཨུ་ལྷན་གྱི་ཨུ་ཡོན་ཏེ། སྤྱི་ཚོགས་འགན་སྲུང་མཁན་དང་དྲུང་ཡིག་གི་ལས་གནས་གཅིག་ལྕོགས་སུ་འགན་བླངས་པ་ཡིན། གང་ལྟར་གྲོང་ཚོའི་འགོ་ཁྲིད་དཀྱུས་མ་ཞིག་ལ་ཟླ་རེའི་གླ་ཕོགས་སྒོར་ཆིག་སྟོང་མ་ཟིན་ཙམ་ལས་མེད་པས། དམངས་སྒྲུབ་དགེ་རྒན་ད་ལྟ་ལས་བྱེད་ངོ་མར་གྱུར་བ་དེ་ཚོ་དང་བསྡུར་ས་གང་ནས་ཡོད། བསམ་བཞིན་བསམ་བཞིན་གཉིད་དུ་ཡུར་རྒྱུའི་སྣང་བ་དགུང་གི་འཇའ་ལྟར་ཡལ་བར་གྱུར། ལས་འབྲས་བསླུ་བ་མེད་པ་ངོ་མ་བདེན་པར་འདུག

“ཨོ་མ་ཎི་པདྨེ་ཧུྃ། ཨོ་མ་ཎི་པདྨེ་ཧུྃ། སྤོ་བོ་སྐྱོན་མི་འདུག སེམས་པ་ལྷོད་ལ་ཞོག སྣང་དག་ཡོང་གི་མ་རེད།”

ངས་སླར་མིག་དལ་མོར་བཙུམས་ཏེ་གཉིད་ཁུག་ཐབས་བྱས། ན་ནིང་ལྗོངས་རིམ་པའི་ལས་བྱེད་པ་སྐོར་ཞིག་ངེད་ཚོའི་གྲོང་ཚོར་གོམས་སྲོལ་ངན་པ་ལེགས་བཅོས་ཀྱིས་སྲོལ་བཟང་འཛུགས་སྐྱོང་ཞེས་པའི་སྤྱི་ཚོགས་བརྟག་ཞིབ་ལ་ཕེབས་སྐབས་རྒན་ནོར་བུ་ཟེར་བའི་མི་རྒྱགས་རིལ་དེས་ང་ལ་མཐའ་བཀར་རི་བཀར་གྱིས་སྐད་ཆ་མང་བོ་ཞིག་དྲིས་བྱུང་།

“རྒན་ཆོས་འཕེལ། ཁྱེད་རང་དགེ་རྒན་བྱེད་མྱོང་ཟེར་ཡང་། ལུས་ཀྱི་གཙང་སྦྲར་དོ་སྣང་མེད་པར་གོས་དྲེག་པས་ཚོས་པ་ཤ་སྟག་གྱོན། མགོ་སྐྱེས་རིང་བོ་གནམ་ལ་གཟེངས་པ་རལ་བ་ཉིལ་ལེ་བ་འདི་འདྲ་བཞག ངོ་གདོང་ལ་ཡང་དྲེག་པའི་ཚོས་རིམ་པ་མི་འདྲ་བ་དགུ་འགྱུར་གྱི་རི་མོ་གསལ་ལེར་མཆིས། ཁ་ནང་གི་སོ་ཡོད་ཚད་ནི་ཐ་མག་འཐེན་དྲགས་པའི་རྐྱེན་གྱིས་བསང་ཁུང་གི་དུ་དྲེག་བྱུགས་པ་དང་གཉིས་སུ་མེད་པར་སེར་ནག་འབའ་ཞིག་ལ་གྱུར་འདུག ཁྱེད་རང་གིས་འཐེན་པའི་ཐ་མག་སྒམ་ཆུང་ལ་རིན་གོང་སྒོར་གཉིས་ལས་མ་ཡིན་མོད། དེས་མངོན་མེད་དུ་ཁྱེད་ལ་དཔལ་འབྱོར་གྱི་གྱོང་གུན་ཆེན་པོ་བཟོ་བཞིན་ཡོད། ལྷག་པར་དུ་འདི་ལྟར་ལུས་ཀྱི་འཕྲོད་བསྟེན་ལ་དོ་སྣང་མ་བྱས་ན་ཁོག་ནང་དུ་མིད་པའི་མཚམས་མེད་ཀྱི་དུ་རྒྱུན་དེས་མི་རིང་བར་ཁྱེད་ཀྱི་ཚེ་སྲོག་བཅོམས་ངེས།”

“ལགས་སོ། རྒན་ལགས། ཐུགས་འཁུར་ཟབ་བཞེས་གནང་བ་བཀའ་དྲིན་ཆེ།”ངས་ཁོང་ལ་དེ་ལྟར་ལན་འདེབས་ཞོར་གོམས་འདྲིས་ལྟར་ལག་གཡོན་པས་ཐ་མག་འཐེན་འཕྲོ་དེ་ཟུམ་པ་དང་། ལག་གཡས་པས་སྟོད་གོས་ཀྱི་ཁུག་མའི་ནང་དུ་སྤར་ཉུལ་བྱས་ནས་ཐ་མག་སྒམ་ཆུང་ཕྱིར་མ་བཏོན་པར་ལྐོག་ལྐོག་སུད་སུད་ངང་ཐ་མག་རྐང་གཅིག་བླངས་ཏེ། འཐེན་འཕྲོ་དེ་ལས་དབུགས་རྔུབ་ཐེངས་གཉིས་ལ་མེ་བླངས་པ་དང་། འཐེན་འཕྲོ་དེ་ས་ལ་བསྐྱུར།

“ཨ་ཁ། ད་ཁྱེད་རང་ངན་པ་ལངས་ཤོར་དུ་གྱུར་ཚར་འདུག”ཁོང་གིས་དབུགས་རིང་ཞིག་བཏང་ནས་མགོ་བོ་འཕྲེད་དུ་གཡུགས་ཙམ་བྱས་ཏེ་དེ་ལྟར་ལབ་པར། ངས་སོ་སེར་བོ་དེ་དག་ཆ་ཚང་བཏོན་ནས་དགོད་ཙམ་དང་ལྕེ་བསྣར་ཙམ་བྱས་པ་དང་། གོམས་གཤིས་ལྟར་ལག་པས་སྣ་ལུད་འཕྱིས་ཙམ་གྱིས་ལག་པར་འགོས་པའི་སྣ་ལུད་སྣང་མེད་དུ་གོས་ཐུང་ལ་འཕྱིས།

“ཡ། དེ་ན་ངས་ཁྱེད་ལ་གང་དྲིས་རུང་ལན་དྲང་མོ་རེ་འདེབས་རོགས། ཁྱེད་ཀྱིས་ཁ་ཁོག་མེད་པར་ལན་བཏབ་ཀྱང་ཁྱེད་ལ་གནོད་དོགས་ཅི་ཡང་མེད།”

“ལགས་སོ། རྒན་ལགས། མ་གཞི་ནས་ང་མི་དྲང་བོ་དྲང་བཞག་དེ་འདྲ་ཡིན།”

“ཁྱེད་རང་ཀྲུང་གོ་གུང་ཁྲན་ཏང་དང་ནང་བ་སངས་རྒྱས་པའི་ཆོས་ལུགས་གཉིས་ནས་གང་ལ་དད་པ་ཆེ་བ་ཡོད།”

“གཉིས་ཀར་དད་པ་གཅིག་པ་ཡོད། ང་རང་ཏང་ནང་ལ་ཞུགས་པ་ཡང་ལྟོ་གོས་ཀྱི་ཆེད་དུ་ཡིན། གལ་ཏེ་ཏང་ནང་ལ་མ་ཞུགས་ན་ཟླ་རེའི་གླ་ཕོགས་གང་ནས་ཡོང་། གུང་ཁྲན་ཏང་ནི་ངའི་ཟས་གོས་འཚོ་བའི་མགོན་སྐྱབས་ཡིན། ནམ་འཆི་ཆ་མེད་པ་ལ་འཆི་ཁར་སྐྱབས་དཀོན་མཆོག་གསུམ་པོས་མ་གཏོགས་མི་ཡོང་བས། དུས་དང་རྣམ་པ་ཀུན་དུ་ཆོས་ལ་དད་པ་མི་བྱེད་ཀ་མེད་རེད། དེ་བས་དེ་གཉིས་ཀར་དད་པ་དང་ཡིད་ཆེས་རྨ་མེད་པ་ཡོད།”

“ཡ་ཡ། ཁྱེད་རང་ཉེ་ལམ་ཁོམ་དུས་རྟག་པར་གྲོང་སྡེའི་ནང་གི་དུད་ཁྱིམ་ངེས་མེད་དུ་རིམ་གྲོའི་དཔེ་ཆ་འདོན་པར་འགྲོ་སྐད། གཅིག་ནས་ཁྱེད་ནི་གུང་ཁྲན་ཏང་མི་ཞིག་རེད། གཉིས་ནས་ཐ་མག་མཚམས་མེད་དུ་འཐེན་མཁན་ཞིག་གིས་དཔེ་ཆ་བཏོན་ན་སྡིག་ཉེས་བསགས་ཡོང་མི་བསམ་མམ།”

“ངས་དཔེ་ཆ་ཆད་ལྷག་མེད་པར་ཡག་པོ་འདོན་གྱིན་ཡོད། རང་ལ་ཡོང་སྒོ་གསོག་པ་དང་གཞན་ལ་སྟབས་བདེ་བསྐྲུན་པ་སོགས་གོ་གཉིས་ཆོད་ཡིན་པས། གུང་ཁྲན་ཏང་གི་རྩ་དོན་དང་ཆོས་ཀྱི་དགོངས་དོན་གཉིས་ཀ་དང་འགལ་མེད་བསམས་ཀྱི་ཡོད། རེད་དེ་དཔེ་ཆ་འདོན་པའི་ཆོས་མཚམས་ལ་ཐ་མག་རྐང་རེ་ཤུགས་ཅི་ཡོད་ཀྱིས་རྔུབ་འཐེན་མ་བྱས་པར་བཟོད་ཐབས་མི་འདུག”

བསམ་བཞིན་བསམ་བཞིན་རྣམ་རྟོག་གི་འཆར་སྒོ་ཡངས་པོར་ཕྱེ་བས། དྲན་ཚུལ་སྣ་ཚོགས་པའི་འདུ་འགོད་ནི་ཆར་དྲག་སྔོན་གྱི་དབྱར་གྱི་སྤྲིན་ནག་འཚུབ་མ་དང་ཨ་ན་མ་ན་རེད། ལས་རྒྱུ་འབྲས་ལ་ངོ་མ་བསླུ་བ་མེད་པ་བདེན། ངས་སྡིག་ཉེས་མང་བོ་བསགས་པས་ད་ཆ་ནད་ཁྲིར་ལུས་པ་རེད།

བདག་གི་ཕ་ཡུལ་གྱི་ལུགས་སྲོལ་ལྟར་ན། མོ་ལོ་བཅུ་དྲུག་ཡན་གྱི་བུ་མོ་མནའ་མར་གཏོང་བ་དང་། ཕོ་ལོ་བཅོ་བརྒྱད་ཡན་གྱི་བུ་སྤུན་ལ་མནའ་མ་བསུས་ཏེ། མཐུན་འགྲིག་གི་ཁྱིམ་ཚང་སྐྱོང་བའི་སྲོལ་བཟང་ཡོད་ཀྱང་། ང་ལ་དེ་ལྟ་བུའི་སྲོལ་བཟང་གི་འཚོ་བའི་བདུད་རྩི་མྱོང་བའི་གོ་སྐབས་མ་བྱུང་། བུ་གཅིག་པུ་ལས་མེད་པ་དེས་ཡུལ་གཞན་གྱི་བུ་མོ་མཚར་མོ་ཞིག་གི་རྗེས་ལ་ཤོར་ཕྱིན་པས། ཁྱིམ་དུ་བུ་མོ་ལས་མི་ལྷག ཐབས་ཟད་འུ་ཐུག་ཏུ་གྱུར་པས་ཤར་རྒྱུགས་ནུབ་རྒྱུགས་བྱས་ཏེ་བུ་མོར་མག་པ་ཞིག་བསུ་ཐུབ་ཙམ་བྱུང་། འོན་ཏེ་གཞོན་པ་སྡོད་ཚུགས་མེད་པ་དེས་ངའི་བུ་མོ་ལས་ཟད་དེ་དང་ཉམ་ང་བའི་ཕྲུ་གུ་གཉིས་ཡུལ་དུ་བསྐྱུར་ནས་ཕྱོགས་ངེས་མེད་དུ་འཁྱམ་ནས་ད་བར་འཆི་གསོན་གྱི་སྐད་ལན་ཙམ་ཡང་མ་ཡོང་ལ། གོ་ཐོས་ལ་ཁོས་གྲོང་ཁྱེར་ན་སྐྱེས་དམན་གསར་བ་བཙལ་འདུག་ཟེར། འཇིག་རྟེན་ན་ངའི་བུ་མོ་དེ་ལས་ཡ་ང་བ་ཞིག་སུ་ཡོད། ཕ་མེད་པའི་ཕྲུ་གུ་གཉིས་གསོ་རྒྱུའི་སྟེང་ཁྱིམ་གྱི་ཕྱི་ནང་གི་བྱ་བ་ཐ་དག་ཁོ་མོ་གཅིག་པུས་སྒྲུབ་དགོས། ལས་རྒྱུ་འབྲས་ལ་ངོ་མ་བསླུ་བ་མེད་པ་བདེན། ངས་སྡིག་ཉེས་མང་བོ་བསགས་པས་ད་ཆ་ནད་ཁྲིར་ལུས་པ་རེད།

གཉིད་ཟམ་ཟིམ་ཞིག་ཁུག་གམ་སྙམ་པ་ན་དྲན་པའི་སྒོ་འགག་སྟེ་ཚོར་བ་ཡོད་ཚད་ནག་ཐོམ་མེར་གྱུར།

ང་གཉིད་ལས་སད་དུས་རང་ཉིད་ནད་ཁྲི་ཨང་གྲངས་བཅུ་བའི་ཐོག་ཉལ་མེད་པ་ཤེས། ངས་རྐང་ལག་བཞི་བོ་འགུལ་བསམ་ནས་ཀླད་རྩ་སྒྲིམ་མོད་ཡན་ལག་བཞི་བོར་ཚོར་བ་སྤུ་ཙམ་ཡང་མི་འདུག

འགྱིག་གོས་སྔོ་དཀར་ཞིག་གིས་མགོ་ལུས་ཧྲིལ་པོ་བཏུམས་པའི་སྨན་པ་དེས“ལྟོས་དང་། དྲན་པ་སོས་སོང་། གློ་བའི་གཉེན་ཚད་དེ་ཀླད་རྩར་འཁྱུད་ནས་ཉེན་ཁ་ཆེན་པོ་འདུག ད་དྲག་སྐྱེད་ཅི་ཡོང་ང་ཚོས་ཀྱང་བཤད་དཀའ། ནད་ཁང་འདི་ནི་ཚབས་ཆེའི་ནད་པར་ལྟ་རྟོག་བྱེད་ས་ཡིན་པས། འདིར་ཡུན་རིང་ཉར་ན་མི་འགྲིག སྔར་བཞིན་འགོས་ནད་ཟུར་བཅོས་ནད་ཁང་གི་ནད་ཁྲི་ཨང་གྲངས་བཅུ་བར་སྤོ་དགོས།”

“ལགས་སོ། བཀའ་དྲིན་ཆེ།”ལན་འདེབས་མཁན་དེ་ངའི་བུའི་སྐད་ཡིན་པ་ངས་གསལ་བོར་ཤེས།

ངའི་རྣ་བར་ཉལ་ཁྲི་འཁོར་ལོ་ཅན་དེ་དྲུད་འགྲོ་བའི་སྒྲ་ལྷང་ངེར་གོ་ཐུབ། སྒྲ་དེ་ནི་རོལ་དབྱངས་སྙན་མོ་ཞིག་དང་ཁྱད་པར་མེད་པས་རྣ་བ་གླགས་ཏེ་གཟབ་ནན་གྱིས་ཉན་བཞིན་པའི་མོད་ལ་ང་རང་ནད་ཁྲི་ཨང་གྲངས་བཅུ་པའི་གམ་ལ་སླེབས་ཟིན་པ་ཚོར་ཐུབ་པས། ད་གཟོད་སེམས་པ་ཡང་ཅུང་བག་ཕེབས་སུ་གྱུར།

ངའི་སྡོད་ཡ་མ་རྒན་ཁོང་གིས་ངས་ཅི་ཞིག་བཤད་འདོད་པ་ཤེས་ནས། ངའི་ཁ་ལ་གཡོགས་པའི་གསོ་རླུང་རྔུབ་བྱེད་དེ་བཤུས།

“སྤོ་བོ་རང་ཉིན་མཚན་གསུམ་ཏག་ཏག་དྲན་པ་སོས་མ་སོང་བས། ངའི་སྙིང་ཁ་ཡང་དུམ་བུར་གས་སོང་། ད་སྟབས་ཡག་པ་ཞིག་ལ་སྨན་པས་མགྱོགས་པོ་དྲག་སྐྱེད་ཡོང་གི་རེད་ཟེར། སྤོ་བོ་རང་སེམས་པ་ལྷོད་ལ་ཞོག”

རྨོ་བོས་དེ་ལྟར་ང་ལ་སེམས་གསོ་བྱས་ནའང་། ཁོང་གི་མིག་རྩ་དམར་པོར་གྱུར་ཞིང་གདོང་གི་སྐྱོ་ཤས་འགེབ་མ་ཐུབ་པའི་ཉམས་སྣང་དེ་ལས་ངས་རང་ཉིད་འཆི་བདག་དང་ཐག་ཉེ་བོ་ཡིན་པ་གསལ་བོ་ཤེས།

“ང་། ངས་ཁྱེད་རང་ཁག་པོ་བཟོས་སོང་། ད་ང་ལ་སྨན་རིན་མ་གཏོང་། ཁྱེད་མ་སྨད་ཀྱི་འཚོ་བར་ཁུར་བོ་ཇེ་ལྕིར་གཏོང་མི་འདོད།”

“ཨ་ཕ། སྨན་རིན་ལ་སེམས་ཁྲལ་མ་བྱེད། ཆ་རྒྱུས་མེད་པའི་གཅེས་སེམས་ཚོགས་པ་ཞིག་གིས་སྐད་འཕྲིན་སོགས་ནས་དངུལ་སློང་མོ་བྱས་ནས་དངུལ་མང་བོ་སྟེར་བྱུང་། ངས་ཀྱང་དངུལ་ཕྲན་བུ་འཁྱེར་ཡོད། དངུལ་ལ་སེམས་ཁྲལ་མི་དགོས།”བུས་དེ་ལྟར་ལན་བཏབ།

“བུ། བུ་རང་ཡང་འཚོ་བའི་ཐད་ལ་དཀའ་ཁག་ཡོད་ངེས། ཡིན་ནའི་མ་སྨད་གཉིས་ལ་ལྟ་རྟོག་གང་ཐུབ་བྱེད་ཨཱ།”

ཡན་ལག་འགུལ་རྒྱུ་མེད་པར་ཉིན་བཅུ་ཏག་ཏག་ནད་ཁྲི་ཨང་གྲངས་བཅུ་བའི་སྟེང་ཉལ་ནས་བསྡད་པ་ཡིན། ཉིན་བཅུ་དང་ནད་ཁྲི་ཨང་གྲངས་བཅུ་བ། གྲངས་ཀ་གཅིག་པ་དེ་ལ་བསམས་ནས་དེ་འདྲའི་དགོད་བྲོ་བ་ཞིག་རེད་ཨང་སྙམ། འོན་ཏེ་ངས་འགྲམ་སོའི་པགས་པ་བསྐུངས་ནས་འཛུམ་མདངས་ག་ལ་བསྟན་ཐུབ།

“སྨན་པ་ལགས། ཨ་ཕས་སྐད་ཆ་འདྲ་མི་འདྲ་གང་བྱུང་ཤོད་ཀྱིན་མགོ་བོ་དཀྲུགས་ནས་གནས་བཟོད་མི་བདེ་བ་ལྟར་བྱེད་ཀྱིས”སྐད་ཆ་དེ་ཤོད་མཁན་ངའི་བུ་རེད།

“ནད་དུག་ཀླད་པར་སླེབས་པའི་རྐྱེན་གྱིས་དྲན་པ་འཆོལ་བ་རེད། གསོ་རླུང་རྔུབ་དུ་ཆུགས། གནས་ཚུལ་ཅི་འདུག་ཀྱང་ང་འབོད་པར་ཤོག”

གསོ་རླུང་རྔུབ་བྱེད་དེ་ཁ་ལ་གཡོགས་པས། ངའི་དབུགས་འབྱིན་རྔུབ་སྟབས་བདེ་རུ་སོང་བ་ལྟར་མཆིས་ཀྱང་། སྨྲ་ལྕེ་འགུལ་ཙམ་བྱེད་པའི་ནུས་པ་མེད་པར་གྱུར།

“སྨན་པ་ལགས། ནད་ཁྲི་ཨང་གྲངས་བཅུ་བ་ཡག་རྟགས་མི་འདུག”སྐད་རྒྱག་མཁན་དེ་སུ་ཡིན་པ་ངས་སྐད་ངོ་ཆོད་ཐབས་མི་འདུག

ང་དྲན་པ་འཆོལ་མེད། གོ་ཐོས་ལ་འཆི་ཁར་དགེ་བའི་ལས་ལ་སོམས་ན་བར་དོར་ལམ་དཀར་བོ་རྙེད་ཐུབ་ཟེར་བའི་གཏམ་དེ་བདེན་པ་ཡིན་གྱི་རེད།

ཉི་འོད་སེར་ལམ་ལམ་འཕྲོ་བའི་ཞོགས་པ་དེར། ངས་མགོ་ལ་དཀྲིས་པའི་སྐྲ་གཞུག་དམར་བོ་དེ་སྐོར་བ་ལན་གསུམ་གྱི་ཚོད་ལ་དཀྲིས་སྐྱོར་ཞིག་བྱས་པ་དང་། སྟོད་གོས་ཕུད་ནས་ལྷོད་ལྷོད་ངང་དམངས་བཙུགས་སློབ་གྲྭའི་སྒོ་རའི་ནང་གི་རྐུབ་སྟེགས་ཆུང་ཆུང་ཞིག་གི་ཐོག་ཏུ་བསྡད་ནས་བྱིས་པ་སྣ་འཛར་འཛར་ཞིག་གིས་བྲིས་པའི་སྦྱར་ཤིང་སྟེང་གི་ཡི་གེར་བལྟས་རྗེས། གོང་མཛུབ་དང་མཐེ་བོང་གི་བར་ན་སྨྱུག་མའི་སྨྱུ་གུ་ཞིག་བཅུག་སྟེ་ཀ་དཔེའི་དབུ་ཁྱུད་དང་སླའོ་ཞེས་པ་ནས་འགོ་བཙུགས་ནས་ཀ་ཁ་ག་ང་རིམ་པར་སྐམ་བྲིས་བྱེད་བཞིན།

རིམ་པར་ཚོར་བ་སྐྱ་སང་ངེ་བ་དང་ནག་ཐུམ་མེ་ཡིས་ཁོ་བོའི་དྲན་འཛིན་གྱི་ཡོལ་བ་ཡོངས་སུ་བསྡུས། །




རྩོམ་ཡིག་སྔོན་མ།
ཡི་དྭགས།
རྩོམ་ཡིག་རྗེས་མ།
ནད་ཁྲི་ཨང་གྲངས་བཅུ་བ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1