ཁྱོད་སུ་ཡིན། (གཞན་གཅིག)
ཁྲི་གོང་ཨོ་རྒྱན་ཚེ་རིང་། (ལྷ་ས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-15
ཁྱོད་སུ་ཡིན།
ཁྱོད་ནི་ལམ་བར་དུ་བོར་བའི་གྲིབ་གཟུགས་ཤིག་གམ།
ལས་ཉོན་གྱི་ཀློང་ལ་ཐིམ་པའི་སྐར་མདའ་ཞིག
ཇི་སྲིད་འཁོར་བ་མ་སྟོང་བར་དུ།
འཚོ་བའི་སྒྲ་དང་རྟོག་པ་ཞིག་གམ། ཡང་ན།
འཁོར་བ་ན་འཁྱམས་པའི་རྣམ་ཤེས་ལྡོམ་པོ་ཞིག
ཁྱོད་སུ་ཡིན།
ཁྱོད་ནི་མིག་གམ་རྣ་བའམ། ཡང་ན།
ཤ་ཁྲག་གིས་གྲུབ་པའི་གདོས་བཅས་ཀྱི་ཕུང་བོ་ཞིག་གམ།
བརྩོན་པའི་བཞུར་རྒྱུན་ལས་མཆེད་པའི་རྣོ་ཁབ་ཕྲ་མོ་ཞིག
ཁྱོད་ནི་སྤོབས་པའི་རྔམ་ཁ་མཐོ་བའི་འོད་རླབས་ཤིག་གམ།
ཡང་ན། ནམ་ཡང་འཇགས་མཐའ་མེད་པའི་གཡེར་ཁའི་དྲིལ་སྐད་ཅིག
ཁྱོད་སུ་ཡིན།
ཁྱོད་ནི་དུས་བཞིའི་འདབ་མ་མ་རྙིང་བའི་མེ་ཏོག་ཅིག་གམ།
ལོ་ཟླའི་གསང་བ་བརྟོལ་བའི་ཟེའུ་འབྲུ་ཞིག
ཁྱོད་ནི་ལང་ཚོར་སྲེད་པའི་སེམས་ཀྱི་ཁ་དོག་ཅིག་གམ།
ཡང་ན། ལོ་འདབ་ཀྱི་བར་ནས་མ་སྨིན་པའི་འབྲས་བུ་ཞིག
ཁྱོད་སུ་ཡིན།
ཁྱོད་ནི་ཆར་བས་བརླན་པའི་མཚན་མོའི་སྐར་ཚོགས་དེའམ། ཡང་ན།
ཉི་མའི་འོད་ཟེར་ལ་འཁྲེང་བའི་གཡའ་ཤིང་གི་ལོ་མ་ཞིག
ཁྱོད་ནི་ཉམས་མྱོང་གི་འཁར་བ་ལ་བརྟེན་པའི་རྒན་པོ་ཡ་མེད་ཅིག་གམ།
ཡང་ན། རིགས་པའི་གཏན་ཚིགས་ཀྱིས་དུད་པའི་ལོ་ལེགས་སྙེ་མ་ཞིག
ཁྱོད་སུ་ཡིན།
ཁྱོད་ནི་མ་སྣང་ཞིང་སྟོང་ལ།
སྟོང་ཞིང་སྣང་བའི་གཟུགས་ཤིག་གམ། ཡང་ན།
དྲི་མ་མ་ཡལ་བའི་སྤོས་ཆུ་སྣུམ་པོ་ཞིག
ཁྱོད་ནི་བཀྲེས་ལྟོགས་ཀྱི་ཟོར་ཁ་ན་མཆོང་བའི་ཚེས་རིས་ཤིག་གམ།
ཡང་ན། ནམ་ཡང་ངོམ་རྒྱུ་མེད་པའི་རྫ་བུམ་ཞིག
ཁྱོད་སུ་ཡིན།
ཁྱོད་ནི་མི་ཚོགས་ཀྱི་ཁྲོད་དུ་བཞུད་པའི་སེམས་ཁམས་ཤིག་གམ། ཡང་ན།
ངའི་ཁ་གཏད་དུ་འགྲེངས་པའི་མི་ལུས་གསོན་པོ་སྟེ། ཁྱོད་སུ་ཡིན།
དངོས་གནས། ཁྱོད་སུ་ཡིན།
ཤ་ཁྲག་གདོས་བཅས་ཀྱིས་གྲུབ་པའི། ནམ་ཡང་།
འཇིག་རྟེན་འདིར་གང་སར་མཐོང་བའི།
དམིགས་པ་མེད་པའི་ལུས་གཟུགས་དྲོན་མོ་སྟེ།
ཟླ་བ་བཞིན་བསིལ་ཞིང་དྭངས་ལ།
མར་མེ་བཞིན་སྣང་ཞིང་གསལ་བ།
སྲིང་བལ་བཞིན་ཡང་ཞིང་འཁྱོམ་པའི་ཁྱོད།
ཡང་སྙིང་སུ་ཡིན།
དངོས་གནས་ཁྱོད་སུ་ཡིན།
༢༠༡༩ལོའི་ཟླ་༢ཚེས་༢༨ཉིན།
ཇི་འདྲའི་སྐྱིད་པ་ལ།
དུས་རྒྱུན་ཞོགས་པ་རེ་རེར།
ང་རྨི་ལམ་གྱི་གཤོག་འོག་ནས་ལངས་དུས།
ཁྱེད་ཀྱི་འཛུམ་མདངས་འཇའ་ཚོན་བཞིན་ངའི་མཁའ་དབྱིངས་སུ་འཚེར་ཞིང་།
ཁྱེད་ཀྱི་གོམ་སྒྲ་སིལ་སྙན་བཞིན་ངའི་སེམས་ཁོང་ན་བཞད་ཡོད།
ཇི་འདྲའི་སྐྱིད་པ་ལ།
ཡོད་ཚད་ཉི་འོད་བཞིན་ཤར་བས།
འཇིག་རྟེན་དྲོད་ཀྱིས་ཁེངས་ཤིང་།
ས་གཞི་འོད་ཀྱིས་ཁྱབ།
ཁྱེད་ཀྱི་འཇམ་ཤ་དོད་པའི་སྐད་ཆ་རེ་རེར་འོ་ཇའི་དྲི་ངད་འཐུལ་ཞིང་།
ཁྱེད་ཀྱི་བརྩེ་གདུང་གི་མིག་མདངས་རེ་རེར་རེ་བའི་འོད་ཀོར་འཁྱིལ་ལ།
ཁྱེད་ཀྱི་འཛུམ་མདངས་དེ་ཡང་ངའི་ཉིན་གཅིག་གི་ཉི་འོད་དང་།
ཁྱེད་ཀྱི་གོམ་སྒྲ་དེའང་ངའི་ཚེ་གཅིག་གི་རྨི་ལམ་དུ་གྱུར་ཡོད།
ཇི་འདྲའི་སྐྱིད་པ་ལ །
ཡོད་ཚད་མཛེས་སྡུག་གིས་ཁྱབ་ཅིང་།
ཁྱེད་རང་གཞོན་ཤ་དོད་པའི་ལང་ཚོའི་འཛུམ་བུ་དང་།
ཁོ་བོ་དྲོད་ཀྱིས་བརླན་པའི་ས་གཞི་སྣུམ་པོ་སྟེ།
ནམ་མཁའ་སྔོ་ཞིང་དྭངས་ལ།
ས་གཞི་ལོ་ལེགས་ཀྱིས་ཁེངས་པས།
ཡོད་ཚད་སྔོ་ལྗང་ངེར།
བསིལ་རླུང་གི་རླབས་གཉེར་ཁྲོད་དུ།
གཡོ་ཞིང་འཛུམ།
༢༠༡༩ལོའི་ཟླ་༣ཚེས་༧ཉིན།