ཁྱོད་ཀྱི་འགྲོ་འོང་ནི་འཇིག་རྟེན་ཞིག་གི་ཆགས་འཇིག་ཡིན། (གཞན་གཅིག)
ཆོས་འཁོར་ལྗང་ལོ། (གཙོས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-15
མཚན་སྨག་གི་ཁ་དོག་ལ་འོད་ཟེར་འགྱུ་བའི་དུས་འདིར།
ཁྱོད་རང་ཉི་ཟླ་བཞིན་བྱོན་པ་ནས།
འོད་ཀྱི་སྣང་བས་བདག་གི་འཇིག་རྟེན་གསལ་བར་བྱས།
མེ་ཏོག་དང་བདེ་སྐྱིད་ཀྱང་། ཆུ་མོའི་རླབས་རིས་བཞིན་ཁད་ཀྱིས་བཞད།
འོད་སྣང་གིས་མཛེས་པའི་འཇིག་རྟེན་ནི། མ་གཞི་ནས།
ལྷ་སྒྲུང་ལྟ་བུའི་ཚོན་མདངས་ཀྱིས་ཕྱུག་པས།
ང་ཡིས་ཁྱོད་ཀྱི་གདོང་རས་ལ་ཁ་གཏད་དེ། བློ་བ་འདི་ཆུ་མོ་ལྟར་རིང་བའི།
ང་ཡིས་ཁྱོད་ཀྱི་བྲང་གཞུང་ལ་སེམས་པ་གླན་ནས། དུངས་ཞེན་ནི་བདུད་རྩི་རུ་འཁྱིལ་བའི།
སྙིང་གཏམ་ཞིག་གཟབ་ནན་གྱིས་གསོལ་དོན།
ཁྱོད་རང་ཉི་ཟླ་བཞིན་བྱོན་པ་ནས།
བདག་གི་འཇིག་རྟེན་འོད་སྣང་གིས་གསལ་བར་བྱས་པས་ཡིན།
འོད་ཀྱི་སྐུད་སྣེ་རེ་རེ་ལ། སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་རེ་རེ། སེམས་ཆུང་གིས་མ་བཏག་ན།
རིས་སུ་བརྒྱན་པའི་ཐ་སྙད་དག་གིས། ཅི་ཙམ་ཁུར་ཡང་།
བདག་གི་རི་རབ་ལྟ་བུའི་དགའ་སྣང་འདི་ཐེག་ཚོད་མེད་པས།
ངས་ཧ་ཅང་སེམས་ཆུང་གིས། ངས་ཤིན་ཏུ་དྲང་དྲང་གིས།
འཇིག་རྟེན་གྱི་མཁའ་དབྱིངས་སུ་སྤྲིན་དཀར་ལྟར་གཡོ་བའི། ཆེས་ཐོག་མའི་མཇལ་ཕྲད་དང་།
ནང་སེམས་ལ་ཚེ་འབར་བཞིན་གཟིམ་མེད་གཏན་དུ་འཚེར་བའི།
མ་ཤི་གསོན་བྲལ་མི་བྱེད་པའི་སེམས་ཀྱི་དམ་བཅའ་ཞིག
ཉི་ཟླའི་གཟི་བྱིན་ལ་བཏབ་ཡོད། ཁྱོད་ཀྱི་སྙན་ལམ་ལ་ཕུལ་ཡོད།
ཉི་ཟླ་གཟའ་ཡིས་བཟུང་བའི་ཆོ་འཕྲུལ་ལྟར། ཁྱོད་རང་ཁྲུང་ཁྲུང་དཀར་མོ་བཞིན།
བདག་གི་འཇིག་རྟེན་འདིའི་མཐོ་ས་ནས་མེད་པར་གྱུར་དུས།
ངས་སྡུག་བསྔལ་གྱི་རྒྱ་མཚོ་ཡང་ཡང་དཀྲུགས་ཏེ། སླར་ཡང་ཁྱོད་རང་ཉི་ཟླ་བཞིན།
བདག་གིས་དྭངས་གཙང་གི་ནམ་མཁའ་རུ་ལག་ཟུང་གིས་སྲུང་བར་ངེས།
ཁྱོད་ཀྱི་འགྲོ་འོང་ནི་འཇིག་རྟེན་ཞིག་གི་ཆགས་འཇིག་ཏུ་གྲུབ་པ་ནས།
ང་ཡང་ཁྱོད་དང་འབྲལ་མེད་གཞི་གཅིག་ཏུ་གྲུབ་ཚར་བས།
ཁྱོད་རང་། བདག་གི་ནམ་མཁའ་ཡི་ལྷག་བསམ་དང་བདེ་སྐྱིད་ལ་གཏད་པ་ནས།
ཁྱོད་ཀྱི་མིག་ཟུང་ཁོ་ན་བདག་གི་ཉི་ཟླ་རུ་འཛུམ།