སྐྱོ་བ་རྫ་ཁའི་སྨུག་པ།
ཐོས་གྲོལ། (མང་རྫོང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-15
སྨུག་ལང་ལོང་རྫ་ནས་རྫར་བརྒྱུད་དེ། །
མཐོ་རྫ་རིའི་སྤོ་ལ་ལྷོད་སེར་འཐིབས། །
སྤང་སྐར་ཚོམ་མེ་ཏོག་མོག་པོར་བསྒྱུར། །
ཤྭ་རྭ་རིང་ཡིད་ལ་ཡུར་ཆུ་དྲངས། །
ཆུ་ཤང་ཤང་ན་ནས་ནར་བཞུར་ཏེ། །
ཐང་གཤོག་ཆེན་མཐིལ་ལ་ལྷམ་མེར་འཁྱིལ། །
རྡོ་གོར་མ་མཚོ་ཆེན་གཏེར་དུ་སྦས། །
འོད་ཉི་མ་འཕྲོ་བའི་བར་ཐག་བཅད། །
རླུང་བསིལ་བསིལ་ཕྱོགས་ནས་ཕྱོགས་ཉུལ་ཏེ། །
རིའི་ཉིན་གྱི་སེར་ཆེན་སྟེང་ལ་ཕོག །
མགོའི་ཟེའུ་འབྲུ་སེར་བོ་ས་ལ་ཐོར། །
ལུག་བལ་དཀར་སྙིང་ལ་ནག་ཐིགས་ལྷུང་། །
མགྲོན་འཆི་བདག་མི་ཡུལ་ཁམས་སླེབས་ཏེ། །
ཕ་བཟང་བོའི་སྐེ་ལ་སྤུ་གྲིས་བསྣུན། །
ལུས་རྣམ་ཤེས་སྦྲང་ཆུང་དམ་དུ་བཏེགས། །
སྙིང་བརྩེ་མེད་བཟའ་མི་ཁ་ཁར་བཏང་། །
ཆོས་བཀར་བཏགས་ཕྱག་རྒྱར་འཁྲུལ་བ་གང་། །
འདུས་བྱས་པ་ཐམས་ཅད་སྡུག་བསྔལ་ཉིད། །
སྐྱིད་ཡོད་ཡོད་འདྲ་བའི་མི་ཡུལ་གྱི། །
སྣོད་འཇིག་རྟེན་ཁམས་འདི་ཨ་ཙ་མ། །
ཟླ་དྲུག་པའི་ཁུ་བྱུག་གྲགས་ཉིན་ལ། །
ལྗང་ནེམ་ནེམ་བྱེད་པའི་སྤང་ཐང་ནས། །
དཀར་འོ་ཇའི་མངར་ཁ་མྱོང་ཞོར་དུ། །
གླུ་ཐ་ལ་ལེན་པའི་ཕ་ལོ་ཁོང་། །
སྟོན་བརྒྱད་པའི་སྙེ་མགོ་སར་དུད་དུས། །
ནགས་ལྗོན་པའི་ཚལ་གྱི་སྡོང་སྐམ་ལྟར། །
རྩལ་དྲུག་དགུ་འཛོམས་པའི་ཕུང་བོ་ནི། །
ཕྱོགས་ཕྱོགས་སུ་རེངས་པ་འདི་ཅི་ཞིག །
ཤ་མཆིན་པའི་ལུས་དྲོད་ངར་མོ་ཡང་། །
ཆུ་ཕ་གིའི་འགྲམ་གྱི་ཕ་བོང་བཞིན། །
གནས་ཁ་མལ་གཅིག་ནས་འཁྱག་པ་འདི། །
མེ་དམར་པོ་སེམས་སུ་བྲུས་པ་འདྲ། །
མིག་ཁྲ་ཆུང་རི་དྭགས་འདྲོགས་འདྲ་བོ། །
འཛུམ་གྱི་ལེར་ང་སར་མི་བལྟ་བར། །
ལྐོག་ཅིག་ནས་བསུམས་ཏེ་སྡོད་པ་དེས། །
ཤ་མཆིན་པའི་སྟེང་འོག་བརྗེ་བར་བྱེད། །
བུར་ནམ་རྒྱུན་འོ་མང་སྦྱོར་མྱོང་བའི། །
མཆུ་འཇམ་པོ་པདྨ་ལས་མཉེན་པ། །
མདོག་ཐལ་བ་མངོན་ནས་ཚེམས་ཕྲེང་སྦས། །
ལྟ་མི་བཟོད་དྭ་ལེའི་ལས་དབང་སྡུག །
ལག་ཡལ་གར་བསྐོན་པའི་དངུལ་དཀྲིས་དེ། །
རྗེ་ཡབ་གཅིག་བླ་མའི་ཟུར་དུ་མཆིས། །
ཆང་བདུད་རྩི་བསིལ་མའི་ལྷག་མ་ཡང་། །
འཐུང་མ་ཚར་ཤེལ་ཕོར་སྣོད་དུ་ལྟེམས། །
བུས་ཁ་སང་ཁྲོམ་ཆེན་ཚོགས་ས་ནས། །
སྣ་མང་བོའི་ནང་ནས་བསལ་འོངས་པའི། །
མདོག་སྤུས་ཀ་ལེགས་པའི་སྟོད་ལྭ་དེ། །
སྒམ་གྲུ་བཞིའི་ཐོག་ཏུ་ད་དུང་བཀལ། །
ཨ་ཀྱེ་མ་ཀྱེ་ཧུད་འཆི་བ་འདི། །
ཚོད་འཛིན་དུ་མེད་པའི་རྩྭ་ཟིལ་འདྲ། །
བརླན་ཆུང་ངུ་ནམ་ལྷུང་ངེས་མེད་རེད། །
ཆང་རྐེད་ནས་བཞག་སྟེ་འགྲོ་དུས་རྟོགས། །
སྤྱིར་འཆི་ཞགས་ཀུན་ལ་ཐེབས་མོད་ཀྱང་། །
ཚེའི་དུང་ཙེ་དཀར་བོ་ཟད་འདི་སྐྱིད། །
ཆུང་མེ་ཏོག་སད་ཀྱིས་བཅོམ་པ་འདི། །
ཁས་ལེན་པར་དཀའ་བའི་གནས་སུ་འཁུམས། །
རང་མྱུར་དུ་བཙན་གྱིས་མཆི་མ་ཡི། །
མཚོ་ཆུང་ཆུང་ནང་ནས་ཡར་ལངས་ཏེ། །
འདར་འདར་གྱིས་མདུན་གྱི་མཆོད་མེ་འདི། །
ཕའི་འཇིགས་སྐྲག་སེལ་བའི་ཆེད་དུ་བསྔོ། །