སྲིང་ཆུང་མ།
ལྡོང་སྨིན་དྲུག (ཆབ་མདོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-15
སྟོད་ཨ་མྱེས་སྟག་ལུང་འདབས་རོལ་ན༎
གཙང་གྱོ་ཆུ་བཞུར་བའི་གཡས་ཟུར་ན༎
སྡེ་སྨན་ཚང་མཚོ་མོའི་ནང་དཀྱིལ་ན༎
ལག་ལས་ཀ་ཅན་གྱི་སྲིང་ཆུང་མ༎
ལ་ལུང་བའི་ཨ་མ་གྱོ་མ་ན༎
སྲས་གྲུ་གུ་ཁྲ་ལོག་གཡོན་ཟུར་ན༎
སྤང་མེ་ཏོག་བཀྲ་བའི་ཐང་ཁུག་ན༎
མགོ་ལག་རས་དཀྲིས་པའི་སྲིང་ཆུང་མ༎
སྒོ་འབྲི་མོ་ངུར་བའི་ལྷས་ར་ན༎
གོས་ཕུ་ཐུང་ཡར་ལ་བརྫེས་པ་ན༎
དགོ་བཞོ་གླུ་འགུགས་པའི་གདང་བར་ན༎
ལག་བཞོ་ཟེའུ་ཐོགས་པའི་སྲིང་ཆུང་མ༎
སྦྲ་རོག་རོག་ཅན་གྱི་གུར་ཁྱིམ་ན༎
མར་ཕྱུར་བའི་མཚོ་མོ་ལྟེམས་ས་ན༎
ཞོ་འོ་མའི་རྒྱ་མཚོ་འཁྱིལ་ས་ན༎
ངོ་འཛུམ་མདངས་འཕྱུར་བའི་སྲིང་ཆུང་མ༎
སྒང་བུད་ནས་སྡེ་གྲོང་རིག་ས་ན༎
ལག་ཁ་པར་བརྡ་འཕྲིན་ཡོད་ས་ན༎
ལུས་ཁམས་བདེ་གཤིས་འཇམ་ལྡན་ས་ན༎
ཞེ་མ་ལ་འཁོར་བའི་སྲིང་ཆུང་མ༎
དྲིན་ཕ་མའི་ལས་དབང་དྲན་ས་ན༎
སེམས་ཡ་ཆུང་གྲང་བས་འདར་ས་ན༎
མགོ་སྐྲ་ལོ་ཁ་བས་གཡོགས་ས་ན༎
སྡེ་མི་ཁས་མནར་བའི་སྲིང་ཆུང་མ༎
རུ་ཁྱིམ་མཚེས་མཐེ་བོང་སྒྲེང་ས་ན༎
གྲོང་རྒན་གཞོན་ཀུན་གྱིས་བསྟོད་ས་ན༎
ལས་རོང་འབྲོག་འཚོ་བ་གཉེར་ས་ན༎
ལུས་འཚུབ་མ་འདྲ་བའི་སྲིང་ཆུང་མ༎
ལོ་བཅུ་ཁ་ཞིག་གི་ཡར་སྔོན་ན༎
གཡུ་བྱུ་རུའི་རྫོངས་པ་བྱས་དང་ན༎
སེམས་སྐྱོ་གྱིན་གཞན་ཡུལ་འགྲིམས་དགོས་ན༎
ལུས་རང་དབང་མེད་པའི་སྲིང་ཆུང་མ༎
ངོ་མི་ཤེས་ཁྱིམ་ཚང་གཡར་མ་ན༎
ལུས་ལང་ཚོ་འདམ་ལ་ཟུག་ས་ན༎
རང་མི་བསམ་གཞན་དོན་སྒྲུབ་ས་ན༎
ལྷ་སེམས་དཔའ་འདྲ་བའི་སྲིང་ཆུང་མ༎
རི་སྨུག་པས་དཀྲིས་པ་ཡལ་སོང་ན༎
ཆུ་འཁྱགས་པས་བསྡམས་པ་དྲོས་སོང་ན༎
ལག་ཐོད་ལ་ཀེར་བའི་སྲིང་ཆུང་མ༎
མ་ཁྱེད་ཀྱི་བསམ་དོན་འགྲུབ་པར་ཤོག།