ཁ་བ་ལྷབ་ལྷུབ། སྣང་བ་ཟ་ཟི། (གཞན་གཅིག)
རྨེ་རུ་མགོན་པོ་སྐྱིད། (ཅོ་ནེ་རྫོང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-15
ཁ་བ་མར་ནས་མར་ལ་བབས།
སྣང་བ་ཡར་ནས་ཡར་ལ་ལྡིང་།
ད་ནི་ཡོད་ཚད་དཀར་ཡུག་ཡུག
ནམ་མཁའ་དང་ས་གཞིར་དབྱེ་བ་མི་འདུག
འཇིག་རྟེན་ཆོས་བརྒྱད་ཀྱི་བྲན་དུ་མ་གྱུར་པའི།
དགའ་སྐྱོ་ཆགས་སྡང་གི་ཁ་དོག་མི་གསལ་བའི།
སེམས་པ་དཀར་བོ་དཀར་རྐྱང་ག་ཚོད་ཡོད།
གཅིག་ཡོད་ན། གཉིས་ཡོད་ན། གསུམ་ཡོད་ན།
འཇིག་རྟེན་གྱི་ཆེས་མཐོ་ས་འདི་ནས་ཁ་བ་དང་མཉམ་དུ།
རང་སེམས་གཙང་མས་གར་དུ་རྩེན་ཤོག
ཁ་བའི་ལྷག་བསམ་འཁུར་བའི་འདབ་མ་ཁྲི་འབུམ།
ཇོ་མོ་གླང་མའི་ཟོམ་གྱི་རྩྭ་ཕྲན་རེ་རེའི་རྩེ་ལ་ཀེར་བྱུང་།
ཁ་བའི་བརྩེ་ཞེན་བསྣམས་པའི་ལང་ཚོ་ཁྲི་འབུམ།
ཡར་ཀླུང་གཙང་བོའི་གཉེར་རིས་གཡོ་བའི་རླབས་ལ་ཐིམ་བྱུང་།
ཕྱི་ཡག་ནང་མཛེས་ཀྱི་ཁ་བའི་མེ་ཏོག་དེ་ཚོ།
མི་ཡུལ་གྱི་ཆེས་མཐའ་མཇུག་གི་དག་ཞིང་དུ་བབས་པའི།
ཟོལ་མེད་ཀྱི་སྣང་བརྙན།
དྭངས་གཙང་གི་བསྡུས་གཟུགས།
ཞིབ་ཏུ་བསམ་ཚེ།
ཁ་བ་སྲབ་མོ་ཞིག
མཐོ་ས་མཐོ་ས་ཞིག་ནས་དམའ་ས་དམའ་ས་ཞིག་ལ།
སྲ་གཟུགས་ཀྱིས་སྐྱོམ་དང་འཁྱོམ་བཞིན།
ག་ལེར་གཤེར་གཟུགས་སུ་སིམ་པའི་ངང་ཚུལ་དེ།
ཚེ་སྲོག་གི་དབུགས་ལྒང་ཞིག་རླུང་གིས་བདས་བདས་ཏེ།
མཇུག་མཐར་ཤིང་སྐྱེར་བ་ཞིག་གི་ཚེར་རྣོན་ལ་བསྐོན་པའི་གོ་རིམ་ལས་ཅི།
དྲང་མོར་ལབ་ན།
ཁ་བ་ཐར་རྐྱང་ཞིག
དོག་མོའི་ས་ངོས་ནས་ཁྱོན་ཡངས་ཨ་སྔོན་གྱི་གཞི་རུ།
གཤེར་གཟུགས་ནས་རླངས་གཟུགས་སུ་ཡལ་བའི་སྣང་ཚུལ་དེ་དག
བདག་གི་དྲན་འཛིན་གྱི་ལྕགས་ཀྱུས་ཟིན་ཚེ།
མངར་ལ་སྐྱུར་བའི་སྦང་མ་དྲན་བྱུང་།
སྐྱིད་ལ་སྡུག་པའི་མི་ཚེ་དྲན་བྱུང་།
དཔྱིད་འགོ་མའི་ནང་གི་ཁ་བ།
རང་དབང་གི་གཤོག་པ་དེ་ཡིན་ནམ།
ཡང་ན། སེམས་ཀྱི་རྨ་ཁ་རུ་བརྒྱབ་ཚར་བའི།
ཨ་མའི་སློག་ཧྲུལ་ལས་དྲས་པའི།
ཡིད་འོང་གི་ལྷན་པ་སྒོར་སྒོར་དེ་ཡིན།
གང་ལྟར་ཀྱང་།
དཔྱིད་འགོ་མའི་ནང་གི་ཁ་བ།
བྱ་ངང་བའི་སྒྲོ་སྤུ་ལས་ཀྱང་དཀར།
ཧ་ཅང་དཀར་ཆེ་བས་མིག་ཀོང་ནས་མཆི་མ་འཁོལ་བྱུང་།
༢༠༡༩ལོའི་ཟླ་༣པའི་ཚེས༥ཉིན་གྱི་དགོང་མོར།
ལྷ་ས། ངའི་བླ་གཟི་ཁྲ་མིག་མ།
ལྷ་ས་ནི་གནའ་བོའི་གཟི་རྙིང་ཞིག་རེད།
སེམས་ཀྱི་བལ་སྐུད་དཀར་བོ།
གཟི་ཁྲ་དེའི་ཨི་ཁུང་ལ་ཨུ་ཚུགས་ཀྱིས་བརྒྱུས་ཏེ།
ཡང་ཡང་སྐེ་རུ་བཏགས་ཀྱང་།
ནང་སེམས་ཀྱི་ཡོལ་གོ
ད་དུང་སྟོང་ལྷང་ལྷང་དུ་འདུག
དགའ་མོས་དང་དཔའ་སེམས་ཀྱིས།
སེམས་མཐིལ་ནས་ཤ་རྡོག་ཅིག་དྲུས་ཏེ།
ཁྱེད་རང་སེམས་པའི་ཟབ་ས་རུ་སྦས་ཡོད།
ཉི་མ་སེར་བོའི་ཚ་ཟེར་ཁུར་བའི་མིག་དགུ་མ།
དུང་མདོག་ཟླ་བའི་འོད་ཐིགས་རུམ་པའི་གནའ་གཟི་ཁྲ་རིལ།
སྐར་ཚོགས་ཕྲ་མོའི་མིག་ཞགས་བཀྲ་བའི།
ལས་དབང་གི་བགོ་སྐལ་སྣུམ་པོ།
ཁྱོད་སྲུང་འཁོར་བཞིན།
སྐེ་ལ་བཏགས་ཉིན་ནས་བཟུང་།
ཁྲོམ་གཟིགས་སྒང་གི་ཚོང་དཔོན་ཚོའི་མིག་མདའ་རྣོན་པོ།
ང་དང་ཁྱོད་ཀྱི་མཐའ་འཁོར་ན་གཡས་འཁྱུག་གཡོན་འཁྱུག
བླ་གཟི་ཁྲ་མིག་མ།
མིག་ཀོང་གི་མཆི་མའི་ཕྲེང་རྒྱུན།
བདག་གི་བྲང་གཞུང་དུ་མ་བཞུར་རོགས།
ནམ་ཟླ་དགུན་ཁ་ཚེས་ཀྱང་།
སྐྱིད་ཆུ་སྔོན་མོའི་གླུ་ངག་གིས་འཁྱེར་བའི།
གནའ་མཁར་གྲུ་བཞིའི་རྣམ་ཤེས་སྦྲུམ་པའི་བླ་གཟི་སྨུག་ཆུང་ཁྱོད།
བདག་གི་དྲོད་ལམ་ལམ་གྱི་ལག་མཐིལ་ནས།
ཚ་སོབ་སོབ་ཀྱི་སེམས་ངོགས་སུ་ལྷུང་བྱུང་།
ལྷ་ས། ངའི་བླ་གཟི་ཁྲ་མིག་མ།
ལས་འཕྲོའི་མདུད་པ་ཐེབས་པའི་མིག་ཆུའི་དོ་ཤལ།
བདག་གི་མགུལ་ལ་སྒྲོན་ཆོག
གློ་དང་མཆིན་པས་བསྲོས་པའི་ནོར་བུ་དྭངས་མ།
སེམས་ཀྱི་ཁྲི་ལ་བཀོད་ཡོད།
དགུ་དང་པོར་ས་གས་ཤིང་།
དགུ་གཉིས་པར་རྡོ་གས་རུང་།
ཤ་དང་རུས་པའི་རྒྱན་ཆ་ལ།
བླ་དང་སྲོག་གིས་འགེབ་སྲུང་བྱ་ཆོག
༢༠༡༨ལོའི་ཟླ་༡༢པའི་ཚེས༡༣ཉིན།