ཚིག་རྐང་བཅུ་བཞི་མའི་ལེའུ།
འབྲོང་ཕྲུག་ལྷ་ཆེན་རྒྱལ། (མང་རྫོང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-15
འབྲོང་ཕྲུག་ལྷ་ཆེན་རྒྱལ། (མང་རྫོང)
གཅིག དགུན་ཟླ་ཐ་མའི་ཁ་བ།
ས་སྲོད་ཀྱི་སྐར་མའི་མིག་མདངས།
གློ་བུར་མག་མོག་ཏུ་གྱུར་ཅིང་།
ས་སྲོད་ཀྱི་ཟླ་བའི་ཞལ་རས།
གློ་བུར་རབ་རིབ་ཏུ་གྱུར་སོང་།
ས་སྲོད་ཀྱི་གྲོང་རྡལ་ཆུང་ཆུང་འདི།
རྒྱ་ལོའི་ཚེས་པ་བཅོ་ལྔའི་ཤོག་སྦག་གི་མེ་ཏོག་ཁྲོད།
ངའི་སེམས་སུ་མེ་ལྕེ་ལྟར།
འོད་དང་དྲོད་ཁོལ་གང་གིས་ཀྱང་འབར་མ་སོང་།
ཁ་བ་ནི་བར་སྐབས་འདིར་ཁུ་སིམ་མེར་བབས་པ་ཡིན་ངེས།
ཁ་བའི་འདབ་མ་རེ་རེ།
ངས་རང་ཉིད་ཀྱིས་དུས་གསུམ་གང་རུང་ལ་སྤུར་བའི།
རླུང་རྟ་རེ་རེ་ཡིན་པའི་དབང་དུ་བཏང་ན།
ཁ་བ་བབས་པའི་ས་སྲོད་འདི་ནི།
རྟེན་འབྲེལ་ཡོད་ཚད་ཀྱི་འགོ་མར་བརྩི་དགོས་པ་མ་ཡིན་ནམ།
གཉིས། སྙན་ངག་འདི། ཁོ་མོར་ཕུལ་ཅིག
ཁྱེད་རང་། ཤིང་གྲུ་ཆུང་ཆུང་ཞིག་ལ་བསྡད་ནས།
ཐག་རིང་། ཐག་རིང་ཞིག་ལ་ཆས་སྲིད།
ཡང་ན། ཕྱིར་ལོག་མེད་པའི་ལམ་བུ་ཞིག་གདམ་སྲིད།
ཁྱེད་ཀྱིས་སྙན་ཚིག་ཐུང་ཐུང་འགའ་ཞིག་གིས།
གྲོགས་པོ་དང་གྲོགས་མོ་ཚོར་གྱེས་ཕྱག་དབུལ་སྲིད།
མཛུབ་མོ་ནང་དུ་ཇི་ལྟར་བཀུག་ན་ཡང་། ང་རང་གཅིག་པུ།
ནམ་ཡང་། དྲན་པའི་ཕྱི་རོལ་ན་ཡོད་སྲིད།
ཁྱེད་རང་། ངའི་མཐའ་མཇུག་གི་གཙང་འགྲམ་བརྒྱུད་ནས།
སྔོ་ལྡེམ་ལྡེམ་གྱི་མཚོ་མོ་གཞན་ཞིག་བསྙེག་སྲིད། ཡང་ན།
ངའི་དྭངས་གཙང་གི་བཞུར་སྒྲའང་སེམས་གཞས་ལྷག་མ་ཞིག
ངའི་སྔོ་མ་དང་མེ་ཏོག་གོ་རིམ་བཞིན་ཡལ་བའི་རྗེས་སུ།
ཁྱེད་ལ་སྣུམ་ཤིག་ཤིག་གི་སྟོན་ཀ་ཚེས་སྲིད།
དུས་དེར། ཁ་པར་དང་འཕྲིན་པ་མང་བའི་མཚན་མོས་ཀྱང་།
ངའི་མིག་ཆུ་ཇི་བཞིན་ཁྱེད་ཀྱི་སེམས་ལ་གཡོ་འགུལ་གཏོང་དཀའ།
གསུམ། ངའི་གཅེས་ཕྲུག་ཚོ།
དཔྱི་མགོར་དཔྱངས་པའི་དཔེ་ཁུག་ཆུང་ཆུང་།
ཁོ་ཚོའི་ན་ཚོད་ལས་བརྒལ་བའི་བསླབ་དེབ་ཀྱིས་ལྕི་ཞིང་།
མདུན་དུ་བརྩིགས་པའི་འབྲི་དེབ་མཐུག་པོ།
ཁོ་ཚོའི་བསམ་ཚོད་ལས་མང་བའི་དྲི་རྟགས་ཀྱིས་བཀང་ཡོད།
ངའི་གཅེས་ཕྲུག་ཚོ། བྱེའུ་ཁྱུ་ལྟ་བུའི།
རང་དབང་གི་སེམས་ཡན་སྒྲིག་ལམ་གྱིས་བཅུམ་དུས།
རྣམ་རིག་བཀྲ་བའི་མིག་ཟུང་ལ་ཐལ་མདོག་གོས་ཤིང་།
རྩེད་དགོད་ཆེ་བའི་བྱིས་བློ་ལ་རྒས་ཉམས་ཤར།
ངའི་གཅེས་ཕྲུག་ཚོ། ལུག་ཆུང་ལྟ་བུའི།
རང་དབང་གི་རྐང་བྲོ་སུམ་སྒྲོག་གིས་བཅུམ་པས།
གཞས་ཆུང་གྱེར་དབང་བར་ནས། མགྲིན་ལམ་འགག
གོམ་ཆུང་ལེན་དབང་བར་ནས། སང་ཉིན་བོར།
ཨ་ཨ། ངས་ངའི་གཅེས་ཕྲུག་ཚོ་ལྟ་བུའི།
གཅེས་ཕྲུག་གཞན་དག་གི་གླུ་སྒྲ་མ་ཐོས་ཡུན་རིང་འགོར།
བཞི། ངག་མི་འཁྲོལ་བའི་གངས་རི།
ངག་མི་འཁྲོལ་བའི་གངས་རི་དང་ངག་མི་འཁྲོལ་བའི་སྤང་ཐང་།
ངག་མི་འཁྲོལ་བའི་ཁྲི་ཤོར་རྒྱལ་མོ། མཚོ་བྱ་ངང་བ།
དུས་རབས་ག་ཚོད་ཅིག་གི་ཁེར་རྐྱང་དང་སྟོང་འཇགས།
བདག་གིས་ལོ་རབས་སྟོང་ཕྲག་ཅིག་ལ་སྒུག་སྒུག་པའི་ཁྱོད།
རླུང་དང་ཁ་བ། འཇའ་ཚོན་གྱི་གཞུ་རིས། སྤྲིན་པ།
ད་དུང་། ངག་མི་འཁྲོལ་བའི་རང་བྱུང་གི་ས་ཆུ་མེ་རླུང་།
ངག་མི་འཁྲོལ་བའི་བདག་གི་ཡབ་ཆེན་གྱི་རྐང་ལམ་ཕྲ་མོ།
ཁེར་སྡུག་གིས་སྦྲུམ་པའི་སྙན་ངག་གི་ས་བོན་འདི།
བདག་གི་མིག་ཟུང་གི་གཏིང་རིམ་ན་བརླན་ཤིག་ཤིག
ངག་མི་འཁྲོལ་བའི་མགོ་ཐོག་གི་ཉི་ཟླས་ལོ་དང་ཟླ་བ་བརྗེ།
ངག་མི་འཁྲོལ་བའི་རྐང་འོག་གི་ས་གཞིས་ཆར་དང་ཁ་བ་བསུ།
ངག་མི་འཁྲོལ་བའི་སྦྲ་ནག་སྔར་བཞིན་ཐང་སྟོང་ན་ཁུ་སིམ་མེར།
ངག་མི་འཁྲོལ་བའི་སྙན་ངག་པ་དང་སྙན་ངག་གི་མེ་ལྕེ།
སྙན་ངག་གི་མེ་ལྕེ་ཁོ་ནས་རིགས་དྲུག་གི་བྲང་ཁོག་ཡོམ་ཡོམ་སྒུལ་ལམ།
ལྔ། ལོབ་ཕྱོགས་ལྟར།
ལོབ་ཕྱོགས་ལྟར། མགོ་བོ་ཡར་དགྱེ་དུས།
ཆེས་མཐོ་བའི་རི་རྩེ་སྨུག་པས་བཏུམས་འདུག
སྨུག་པ་ཀྱ་ཀྱུའི་གསེང་གི་རི་ཆུང་ཉག་ག
བདག་ནམ་ཡང་བརྒལ་དཀའ་བའི་བརྩེ་དུངས་ཀྱི་ཟམ་པ་ཡིན་པ།
ཁྱེད་ཀྱིས་ཚེ་གང་བོར་ཤེས་མི་སྲིད།
ལོབ་ཕྱོགས་ལྟར། མགོ་བོ་མར་སྒུར་དུས།
ཆེས་གཉོམ་པའི་སེམས་པ་སྨྲེང་སྐྱོས་བཅུམ་ཡོང་།
དྲན་པ་ཐར་ཐོར་ཁྲོད་ཀྱི་ཁྱེད་ཀྱི་རྒྱབ་གཟུགས།
བདག་ནམ་ཡང་སླེབས་དཀའ་བའི་བརྩེ་དུང་གི་བར་ཐག་ཡིན་པ།
ཁྱེད་ཀྱིས་ཚེ་གང་བོར་ཚོར་མི་སྲིད།
ལོབ་ཕྱོགས་ལྟར། སྙན་ངག་རེ་འབྲི་བསམ་དུས།
ལྷོད་ལ་འབབ་དཀའ་བའི་སྙིང་ཆུང་གི་འཕར་ལྡིང་ཁོ་ནས།
ཁྱེད་སར་ཕྱོགས་པའི་མིག་ཟུང་གི་རེ་བཞག་མཐའ་དག
སེར་སྣ་མེད་པར། ཡིག་འབྲི་རེ་རེའི་ཁོང་གསེང་དུ་བྱོ་གིན་ཡོད།
དྲུག ང་ཡི་ཁུ་བྱུག་བུ་མོ།
ང་ཡི་ཁུ་བྱུག་བུ་མོ།
རྒྱང་རིང་ནས་འཕུར་ཡོང་སྟེ།
བརྩེ་འདང་དང་མིག་ཆུའི་ཀློང་ལ་བབས།
དེ་ནས་བཟུང་།
དུར་ཁྲོད་ཀྱི་མཚན་མོར།
ང་ཡང་ལས་དབང་གི་གླུ་བར་གྱུར།
ང་ཡི་ཁུ་བྱུག་བུ་མོ།
རྒོད་པོས་མ་ཆོད་པའི་མཁའ་མཐའ་ན།
ཁྱེད་ཀྱི་སྟོན་འབྲས་དང་ཤམ་བྷ་ལ།
ད་དུང་། མཛེས་སྡུག་དང་ཞི་བདེས་འཁྱིལ་ལམ།
མཐའ་མཇུག་གི་ནགས་ཚལ་ནས།
མཐའ་མཇུག་གི་གླུ་སྒྲ་གྱེར་བའི།
ང་ཡི་ཁུ་བྱུག་བུ་མོ།
གངས་རི་དང་ངའི་བྲང་གཞུང་དུ་འབབ།
བདུན། དོ་ནུབ། བརྒྱད་པའི་བཅོ་ལྔ།
སྐར་ཆེན་ཁྲི་འབུམ་གྱི་བར་སྣང་ནས།
ཁེར་རྐྱང་གི་དུང་ཟླ། མག་མོག མག་མོག་ངང་།
བདག་གིས་ཆེ་ཆེར་ཕྱེས་པའི་སེམས་པའི་སྒེའུ་ཁུང་དུ་བབས་ཀྱང་།
ཆང་དང་བུད་མེད་ཅི་ཡང་མེད་པར།
ཁེར་རྐྱང་ངང་སྙན་ངག་འབྲི་བའི་མི་འདི་ཚོས།
བརྒྱད་པའི་བཅོ་ལྔའི་དུས་ཆད་སུ་ལ་འཐེན།
ང་ལ་འོད་སྟོང་དང་ཟུངས་ཁྲག་ཁོལ་མ་སྦྱིན་རོགས།
ང་ལ་མེ་ཕུང་དང་སྤང་ཐང་གི་མཚན་མོ་བཞེངས་རོགས།
ང་ལ་ལུག་ཁྱུ་དང་རྩི་མི་ཆུང་ཆུང་གི་ཟུར་མིག་འཇོག་རོགས།
ང་ལ།
ཁ་བ། ལོ་ངོ་སྟོང་ཕྲག་གི་རིང་ལ་བབས་ཤིང་།
གཙང་བོའང་ལོ་ངོ་སྟོང་ཕྲག་ལ་བཞུར་ཟིན།
བདག་གིས་ལོ་ངོ་སྟོང་ཕྲག་གི་རེ་སྒུག་ཅི་ཞིག
ཏག་ཏག བརྒྱད་པའི་བཅོ་ལྔའི་མཚན་མོར་ཟླ་མཆོད་བྱེད་དམ།
བརྒྱད། ཁྱེད་རང་དྲན་པའི་མཚན་མོ།
མིག་ཟུང་གིས་འཇིག་རྟེན་ལ་སྒོ་མོ་ཕྱེས་ནའང་།
ངའི་དྲན་པར་རླུང་བུ་ཡང་མོ་ཞིག་ཀྱང་མ་ཆུད་པར།
ཁྱེད་རང་དྲན་པའི་མཚན་མོ་ཞིག་ངང་གིས་བསུས་ཡོད།
ཟླ་བ་ཁེར་ཧྲེང་གིས་ངུས་ནའང་།
སྐར་མའི་མིག་ཆུའི་རྒྱུན་ཐག་ཆད་ནའང་།
ངས་བྲང་ཁོག་ཆེ་ཆེར་གཟེད་ནས་ཐིགས་པ་རེ་རེ་གསོག་ཡོད།
ཏག་ཏག སྐབས་འདིར།
མུན་ནག་གིས་མིག་ཟུང་ཆ་གཅིག་འཛུམ་སྟེ།
ངའི་རྨི་ལམ་གྱི་ལྷོད་འཇགས་དཀྲོགས་ཤིང་།
སྐར་མ་གང་གིས་ཀྱང་མཚོན་ཐབས་མེད་པའི།
མེ་སྟག་ཅི་ཞིག་གིས་ང་རང་འོད་དུ་སྦར་སོང་།
ཁྱོད་རང་དྲན་པའི་མཚན་མོར།
དུས་ཚོད་ཀྱི་གཙང་བོ་ཕྱིར་ལྡོག་མི་སྲིད་ནའང་།
ང་རང་ལོ་ངོ་དུ་མ་ཞིག་གི་ཡར་སྔོན་དུ་སླེབས་སྲིད།