ས་ཕག་ལོའི་དབུ་ཁྱུད།
ཀྱེ་ཕུར་མཆོག་གསུམ། (རྨ་ཆུ་རྫོང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-15
གནམ་ལོ་ཕག་གིས་ཚེས་པས་བསྐལ་བ་ཡག་སོང་།།
ཉི་ཟླ་གཟའ་སྐར་འཛོམས་པས་དུས་ཚོད་འགྲིག་སོང་།།
ཕུ་ནུ་དགའ་བས་གསེར་སྐྱེམས་ཞལ་གྱིས་བཞེས་སོང་།།
གནམ་ལོ་འདི་ལ་གཡང་གི་མཚོ་མོ་འཁྱིལ་ཤོག།
ཚེས་གཅིག་ཚེས་གཉིས་ཉི་མ་ནུབ་ཏུ་བཞུད་དེ།།
ཚེས་གསུམ་ཚེས་བཞིའི་སྐར་ཚོགས་མཁའ་ནས་ཡལ་བས།།
ཚེས་ལྔ་ཚེས་དྲུག་སེམས་ཀྱི་མགྲོན་ལ་བསུས་ནས།།
ཚིག་གི་སྡེར་ག་ཡིད་ཀྱི་མཆོད་པར་བཤམས་ཆོག།
ཨ་ལ་ཐ་ལའི་དབྱངས་རྟ་ངག་ལ་འགུག་མཁན།།
བགྲེས་པོ་བགྲེས་མོའི་སྐུ་ལུས་གངས་ཀྱི་རི་བོ།།
དུས་ཀྱི་ཚད་པས་མ་ཞུ་སྔར་བཞིན་བརྟན་ན།།
རྡོག་བྲོ་ལྡེམ་ལྡེམ་སྔོན་མོ་སྤང་ནས་འཁྲབ་ཆོག།
ཨ་ཡང་ལ་མོ་དབྱངས་ཀྱི་རྟ་ལ་བསྐྱོན་མཁན།།
སྟག་ཤར་སྨན་ཤར་སྣང་བའི་ཉི་ཟེར་རྣོན་པོ།།
ངམ་ནག་སྤྲིན་པས་མ་བསྒྲིབ་སྔར་བཞིན་གསལ་ན།།
དགུ་སེང་དྲུག་འགྱུར་ངག་གི་རི་ནས་ཕབ་ཆོག།
ཀྱ་ཙེ་གོམ་ཙེ་བྱིས་བློའི་ནམ་མཁར་སྤུར་མཁན།།
ལོ་ཆུང་མེ་ཏོག་རྒུམ་པའི་ཨ་ལོའི་ཚོགས་ལ།།
དུས་ཀྱིས་མནོལ་གྲིབ་མ་ཕོག་གཙང་ངེར་གནས་ན།།
ཀ་ཁའི་མགུལ་རྒྱན་ལྷག་བསམ་ཚིག་གིས་བསླེ་ཆོག།
གངས་རིའི་ཁ་དོག་མ་ནོག་དར་དཀར་ཤ་ལེར།།
འཚོ་བའི་སྤང་དུ་ལྷང་ངེར་གྱེན་དུ་འཕགས་ན།།
འུ་ཅག་མཛའ་མཐུན་ཉ་མོ་མཚོ་ལ་འཁྱུག་ནས།།
དབྱངས་གསལ་སྡེབ་སྦྱོར་མགྲིན་པའི་རྒྱན་དུ་བཏགས་ཆོག།
ལྔ་ཟུང་རིག་པའི་སྣ་ཚོགས་ལྡུམ་རའི་དབུས་སུ།།
སྐལ་ལྡན་སློབ་ཚོགས་བུང་བའི་ཚུལ་དུ་ལྡིང་སྟེ།།
རང་རང་ནུས་པའི་སྣོད་ལ་བཅུ་བསྐལ་བྱུང་ན།།
ང་ཚོའི་བསོད་ནམས་ལེགས་ཚོགས་ཞིང་ལ་བཏབ་ཆོག།
གན་དང་གན་ཞེས་མཛུབ་མོ་ཀེར་ན་ཆོག་ཀྱང་།།
འདི་དང་འདི་ཞེས་རྒྱུ་མ་ཐུར་འདེད་གལ་ཆེ།།
གན་དང་འདི་གཉིས་ལུས་དང་གྲིབ་མར་གཏོགས་པས།།
ང་ཚོས་ཉི་གྲིབ་རྒྱུ་དང་སྤུན་དུ་འཐག་ཆོག།
རིགས་ཀྱི་སྲོག་དབང་སློབ་གསོའི་རིལ་བུས་གསོ་དགོས།།
རང་གི་འབྱུང་བཞི་ཀུན་རྟོག་མཚོ་མོས་བཀྲུ་དགོས།།
ཕྱི་གཙང་ནང་གཙང་རི་བོའི་ཟོམ་དུ་འཛེག་ན།།
དྲན་ཤེས་དབུ་རྨོག་ཉི་ཟླའི་འོད་ཀྱིས་སྤྲས་ཆོག།
སེམས་ཀྱི་ནང་ཁྲོལ་དག་པ་རླུང་ལ་གཡེང་སྟེ།།
གཟུར་གནས་མཛུབ་མོས་རེ་རེར་བགྲང་རྒྱུ་བྱུང་ན།།
གོམ་ཆུང་ལེབ་མོ་འདམ་གྱི་མཚོ་ལས་ཕྱུང་ནས།།
གངས་དཀར་དྲན་པའི་གཞི་ལ་ཐམ་གར་དཔར་ཆོག།
ཉི་མའི་བཞིན་གྱི་ཚ་བ་སྐྱོན་དུ་བགྲང་ནས།།
ཟླ་བའི་ངོས་ཀྱི་རི་བོང་གདོན་དུ་བལྟས་ནས།།
སྐར་འོད་ཕྲ་མོས་འཇིག་རྟེན་གསལ་བར་འདོད་པ།།
ཕག་ལོའི་དགོངས་པར་འགལ་ཡོད་ང་ཚོར་མི་མཁོ།།
ཁ་སང་རྒྱང་ལ་བཞུད་སོང་ང་ཚོས་མི་ཟིན།།
སང་ཉིན་ཇི་ལྟར་སླེབས་མིན་ཚོད་དཔག་མི་ཐུབ།།
དེ་རིང་ལག་པའི་རི་མོ་མིག་ཏུ་ལྷམ་འདུག།
ཚོད་བགམ་མ་ཡིན་མངོན་སུམ་ཐིག་ལ་བཏབ་ཆོག།
དུས་ཀྱི་ལྡེབས་ལ་འབྱར་བའི་ཐ་སྙད་སྐྱུར་པོ།།
ངག་གི་སུལ་དུ་འཚང་བའི་མྱི་ཁའི་རུལ་དྲི།།
གློ་མཆིན་ཚལ་གྱི་ཕྱོགས་ཞེན་ཕྱེ་ལེབ་ཁྲ་བོ།།
མིག་གི་ལིང་ཏོག་བཞིན་དུ་ལག་པས་ཕྱི་དགོས།།
དྭངས་གཙང་སེམས་ཀྱི་ཉི་མ་མཁའ་ལ་དྲངས་ཏེ།།
དོན་འགྲུབ་སྐར་མའི་དཔུང་ཚོགས་ཕྲག་པར་གཟར་ནས།།
གདོང་གི་པདྨོའི་ཚལ་གྱི་ཐལ་རྡུལ་ཕྱི་བཞིན།།
ང་ཚོས་མིག་ཟུང་གངས་ཀྱི་མདངས་ལ་ཅེར་འགྲོ།།