བདེ་སྐྱིད་ངོ་མ་ནི་སེམས་ཀྱི་བདེ་སྐྱིད་ཡིན།

ཀ་རྒྱའི་འཕྲིན་ལས་རྒྱ་མཚོ།(མང་རྫོང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-15


གཅིག
གནའ་མི་ཚོས་དཔྱིད་ཉི་མ་རིང་དུས་རྫི་བོ་སྡུག དགུན་མཚན་མོ་རིང་དུས་བན་དེ་སྡུག་ཟེར། དེ་ནི་ཁོ་ཚོའི་འདོད་པ་ཙམ་ཡིན་པ་ལས་བདེན་མིན་སུ་ཞིག་གིས་ཁ་ཚོན་གཅོད་ཐུབ་བམ། གང་ལྟར་ང་ལ་མཚོན་ན། མཛེས་སྤྲས་ཀྱིས་བརྒྱན་པའི་ཁང་མིག་ཏུ་དྲོད་རླངས་དང་རླུང་འཁོར་གྱིས་ཚ་གྲང་སྙོམས་པར་བྱེད་ཅིང་། མནན་ན་ནེམ་ཞིང་བཏང་ན་འཕར་བར་བྱེད་པའི་འབོལ་ཁྲིར་བསྙེས་ཏེ་རྒྱང་འགྱུར་གྱིས་བརྙན་འཕྲིན་ལ་ཁ་ལོ་བསྒྱུར་བཞིན། བྱ་བ་ཅི་ཡང་མེད་པར་ཟས་གོས་རང་འགྲུབ་ངང་ཕག་ལྟར་ཉལ་ནས་སྡོད་རྒྱུ་དེ་ལས་སྡུག་པ་ཞིག་མེད་པ་འདྲ།

ལྷིང་འཇགས་ཀྱི་མཚན་མོ་རེ་རེར་ང་གཉིད་གཏན་ནས་མི་འོང་བས་སྒེའུ་ཁུང་གི་དྲ་མིག་ལས་སྔོ་ཞིང་བསངས་པའི་ནམ་མཁའ་ན་འོད་ཆེམ་ཆེམ་བྱེད་པའི་སྐར་མའི་ཚོགས་ལ་ལྟ་རྒྱུར་ཧ་ཅང་དགའ་ཞིང་། གྲངས་ཀྱིས་མི་ཟིན་པའི་སྐར་མའི་ཁྲོད་ནས་བྱང་མི་འགྱུར་སྐར་མ་ཨ་བརྟན་དང་བྱང་སྐར་སྨེ་བདུན། སྨིན་དྲུག་ཁྲ་མོ་ལ་སོགས་མང་བོ་ཞིག་ཀྱང་མིག་འདྲིས་སུ་སོང་ཡོད་ལ། ལྷག་པར་དུ་ཐོ་རེངས་སྐར་ཆེན་ནམ་པ་སངས་སྐར་མ་ནི་ཁོ་བོས་རེ་སྒུག་ཀློང་ན་རྒྱུ་བའི་ལྐོག་གྱུར་གྱི་སྐར་མ་གཅིག་པུ་ཡིན་པས། རྒྱུན་པར་མིག་ཟུང་ཇི་ལྟར་བཙུམས་ནའང་སུ་ཞིག་ལ་རེ་སྒུག་བྱེད་པ་ལྟར་དབང་ཕྱོགས་མཁའ་མཐའི་དབྱིངས་ནས་ཐོ་རངས་སྐར་ཆེན་གྱི་འཛུམ་ཞལ་མ་མངོན་བར་དུ་གཉིད་གཏན་ནས་མི་ཁུགས། སྐབས་ཏག་ཏག་དེར་མག་མོག་རབ་རིབ་ཀྱི་ཚོར་བའི་གསེབ་ནས་ངའི་དྲན་ཤེས་རྒོད་པོ་དེར་འཆར་ཡན་གྱི་གཤོག་པ་ཐོགས་ཏེ་དབང་མེད་དུ་མངར་ལ་སྐྱུར་བའི་འདས་པའི་དུས་ཀྱི་བསམ་གཞིག་གི་མཁའ་དབྱིངས་སུ་འཕུར་འགྲོ་ལ། བསམ་གཞིགས་རེ་རེའི་ཁྲོད་ནས་རེ་འགར་མིག་ཆུ་བཞུར་གྱིན་ཡོད་ལ། ལན་རེར་ཁེར་དགོད་བགྱིད་པའང་མཆིས།

དྲང་མོར་བཤད་ན། ང་ནི་དུས་རབས་སྔོན་མའི་ལོ་རབས་བདུན་ཅུ་བའི་སྨད་ཙམ་ལ་སྐྱེས་ཤིང་། སྐྱ་ཆད་སྔོ་སྡུག་གི་དུས་སྐབས་དེའི་འཚོ་བའི་ཁ་དོག་གི་སྣང་བརྙན་ཡིད་ལ་དྲན་ཚེ། ནང་སེམས་སྐྱོ་བས་བཏིམས་འགྲོ། དེ་བས། གཉིད་མི་འོང་བའི་མཚན་མོ་རེ་རེར་དེ་ལྟར་ངའི་དྲན་ཤེས་རྒོད་པོར་འཆར་ཡན་གྱི་གཤོག་པ་ཐོགས་ཏེ་དབང་མེད་དུ་མངར་ལ་སྐྱུར་བའི་འདས་པའི་དུས་ཀྱི་བསམ་གཞིག་གི་མཁའ་དབྱིངས་སུ་འཕུར་ཐེངས་རེ་རེར། རང་གི་ཆུང་དུས་ཀྱི་བྱ་སྤྱོད་དང་ཐབས་ཆག་གི་འཚོ་བ་རྣམས་ཀུན་རྟོག་མེ་ལོང་གི་ངོས་སུ་རྡོ་བརྐོས་རི་མོ་བཞིན་གསལ་བོར་ཤར་འོངས་པ་ནི་རང་ཉིད་ཕོ་ལོ་བཅུ་གཅིག་ལ་སོན་པའི་དཔྱིད་ཀ་དེར་ཕ་ཡུལ་དང་ལམ་ཐག་ཅུང་རིང་བའི་མ་ཡུམ་སློབ་གྲྭའི་སྒོ་ཐེམ་དུ་གོམ་པ་དང་བོ་ཐོག་མར་སྤོས་པ་ཡིན་ལ། དེ་ནི་ཨ་མ་དང་ཁ་གྱེས་ནས་ཆེས་རྒྱང་རིང་དུ་སོང་བའི་འགྲུལ་བཞུད་ཐོག་མ་ཡང་ཡིན་སྲིད།

ཞོགས་པ་དེར་སྔར་དང་མི་མཚུངས་པའི་ཁྱད་ཆོས་ཅི་ཡང་མེད་ནའང་། སྔོ་ཞིང་བསངས་པའི་དབང་ཕྱོགས་ཀྱི་མཁའ་མཐའ་ན་གསར་དུ་བཙས་མ་ཐག་པའི་ལུག་རྟིང་ཞིག་དང་འདྲ་བར་འདར་ལྕུག་ལྕུག་བྱེད་པའི་རྟ་བདུན་གཞོན་ནུ་དེ་ཉིད་འཇིག་རྟེན་མི་ཡུལ་དུ་སྤྲོ་སྐྱིད་ཀྱི་འོད་སྣང་སྦྱིན་ཕྱིར་ཡར་ནམ་མཁར་འཕགས་ཀྱིན་ཡོད་ལ། ཕྱོགས་ངེས་མེད་དུ་རྒྱུ་བའི་བསེར་བུ་དག་གིས་དྲི་འཛིན་དབང་བོ་དགུག་པར་བྱེད་པའི་མེ་ཏོག་གི་བསུང་ངད་བསྣམ་མེད་ན་ཡང་། མཁའ་དབུགས་གསར་བ་ཞིག་གི་བརླན་དྲི་ཁྱེར་ཏེ་ཁོ་བོའི་སྐྲ་ལོར་ཡང་ཡང་བྱིལ་བྱིལ་བྱེད་ཅིང་། ལྗིད་ཏིག་ཏིག་གི་ངལ་དུབ་མ་ལུས་གཞོམ་པར་བྱེད་པས། རང་ཉིད་ལ་སྔར་བྱུང་མ་མྱོང་བའི་ལུས་བདེ་སེམས་སྐྱིད་ཀྱི་ཚོར་བ་ལས་བྱུང་བའི་སྤྲོ་སྣང་གསར་བ་ཞིག་སྟེར་གྱིན་འདུག

གཉིས།

གེ་སར་གནས་རིའི་གཡས་གཡོན་ནས་འབབ་པའི་ཆུ་བོ་གཉིས་ཀྱི་བར་ན་ཆགས་པའི་སྟར་ལུང་སློབ་གྲྭར་མཚོན་ན། དེ་དུས་ར་སྐོར་ཁ་ཤོ་སྣ་རལ་ཞིག་གི་ནང་ན་ཁང་ཤར་གཉིས་ལས་མེད་ལ། ཁང་ཤར་གཅིག་ནི་ཤར་ལྟ་དང་གཅིག་ནི་ལྷོ་ལྟ་ཡིན་པས། ཤར་ལྟའི་སྒེའུ་ཁུང་ལས་བལྟས་ཚེ། ནས་དཀར་སྤུངས་འདྲའི་མང་རའི་བྱེ་མ་དང་གླང་ཆེན་སྟག་གདོང་། ཨ་མྱེས་བྲག་དཀར་སྤུན་གསུམ་དང་སྒེའུ་ལྷ་མོ་གསུམ། ཐོག་ལྷ་སྤུན་གསུམ་སོགས་ཤར་གྱི་གནས་རི་གྲགས་ཅན་རྣམས་ཧ་ཅང་ཐག་རིང་བའི་མཚམས་སུ་མཐོང་བ་དང་། ལྷོ་ལྟའི་ཁང་ཤར་དེའི་སྒེའུ་ཁུང་ལས་བལྟས་ཚེ། རྒྱལ་བོ་གདན་ལ་བཞུགས་འདྲའི་སྟར་ལུང་བསང་རྒན་དང་གེ་སར་གནས་རི། ཤེལ་དཀར་རི་ཕྱོར་དང་གཡུ་རྒོད་རྫ་རི་སོགས་སྤང་རི་དང་གཡའ་རིའི་རི་འཛིང་རྣམས་མིག་ལམ་དུ་མངོན་འོངས་པས། རི་རྩེ་མདུང་སོ་ལྟར་མཁའ་ལ་བསྒྲེངས་པའི་ས་འཛིན་དེ་དག་གི་ཁ་དོག་ནི་དབྱར་དགུན་སྟོན་དཔྱིད་ཀྱི་འགྱུར་བའི་ཁྲོད་ནས། ལན་རེར་ལྗང་མདོག་དང་མཚམས་རེར་སྐྱ་བོ་སོགས་ཀྱི་ཁ་དོག་སྣ་ཚོགས་སྟོན་ལ། དུས་ཚིགས་རེ་རེའི་འགྱུར་བའི་ཁྲོད་ན་ང་དང་ང་ཚོའི་བྱིས་པ་དག་ལའང་རང་རང་གི་དགའ་ཕྱོགས་དང་མཐུན་པའི་རྩེད་མོའི་རིགས་སྣ་ཚོགས་ཤིག་ཡོད་པ་རེད། དཔེར་ན། དགུན་རབ་དཀར་གྱི་ཁ་བས་སྔོན་བསུས་ཏེ་གྲང་ལྷགས་ངར་མས་བཙན་གྱིས་བཅུམས་འོངས་ནས་སློབ་གྲྭའི་གཡས་གཡོན་གཉིས་ནས་དལ་གྱིས་འབབ་པའི་ཉལ་འགྲོ་མ་རྣམས་འཁྱག་དར་གྱིས་གཡོགས་དུས། སློག་རལ་གྱོན་པའི་ང་དང་ངའི་ན་ཟླ་ཚོར་རྐང་ན་ལྷམ་དང་རྒྱབ་ན་གོས་མེད་ནའང་། སྣབས་ལུག་རོ་འདྲ་བ་རེ་འཇུབ་ཀྱིན་དགའ་བའི་འཛུམ་ཆུང་ལྷུག་ལྷུག་ངང་རྡོ་ལེབ་འོས་མོ་རེ་ཨོང་ཤའི་འོག་ཏུ་བཅུག་སྟེ་དར་ཤུད་བྱེད་ཀྱིན་ཡོད་ལ། ཡང་མཚམས་ལན་རེར་ཁ་བའི་མི་དང་རྟ་ནོར་སོགས་སྲོག་ཆགས་སྣ་ཚོགས་ཀྱི་གཟུགས་རིས་བཞེངས་ཏེ་གྲང་ངར་གྱིས་རྐང་ལག་འཁེངས་ཏེ་ཕྱིད་པར་ཉེ་ན་ཡང་། ད་དུང་ལག་པ་ཁ་རླངས་ཀྱིས་སྲོ་ཞོར་མུ་མཐུད་དུ་ཁ་བའི་གཟུགས་རིས་དེ་དག་ལ་གང་ལ་གང་འཚམས་ཀྱི་རྒྱན་ཆས་སྤྲས་ཏེ་རྩེད་ཀྱིན་མཆིས།

དཔྱིད་ཉི་མ་རིང་དུས་ང་དང་ང་ཚོའི་མ་རབས་པྲ་ཚག་ཚོས། གུང་སེང་གི་ཁོམ་སྐབས་དང་བསྟུན་ནས་གེ་སར་གནས་རིའི་གཡང་གཟར་གྱི་བྲག་ངོས་ན་རབ་དཀར་ཞོ་གསར་སྤུངས་འདྲའི་བྱ་བྲུན་ཡོད་པའི་ཡང་སྟེང་ན་ནག་གོར་སེ་འདུག་པའི་གླག་ཚང་ནང་གི་གླག་ཕྲུག་ཚོར་དམིགས་ནས་རྡོ་བ་འཕེན་རྒྱུར་དགའ་བ་དང་། དེ་མིན་བྲག་ངོས་དེ་རུ་འབུར་དོད་དུ་འདུག་པའི་གེ་སར་རྒྱལ་བོའི་ཞབས་རྗེས་དང་ཁོང་གི་ཆིབས་པ་རྟ་མཆོག་རྐྱང་རྒོད་ཀྱི་རྨིག་རྗེས། ད་དུང་གླིང་གི་དཔའ་རྟུལ་རྣམས་ཀྱི་སྐུ་བརྙན་ཡིན་པར་གྲགས་པའི་གསལ་ལ་མི་གསལ་བའི་གཟུགས་རིས་དེ་དག་ལ་རྒྱུན་པར་མཇལ་རྒྱུར་ཧ་ཅང་དགའ་བོ་ཡོད། ཡང་མཚམས་ལན་རེར་ང་ཚོའི་སློབ་གྲྭ་དང་རྒྱང་ཐག་ཤིན་ཏུ་རིང་བའི་སྡེ་བ་གཞན་གྱི་ས་ཐོག་ན་སྟབས་བདེ་ཚོང་ཁང་ཆུང་ཆུང་ཞིག་ཡོད་པ་དེར་སྒོར་མོ་སྐར་མ་གང་ཡང་མེད་ནའང་། ཚོང་ཁང་དེའི་ནང་གི་འབྲི་དེབ་དང་སྨྱུ་གུ། ཡང་ན་ཀ་ར་འོ་མ་སོགས་ལ་ལྟ་བར་འགྲོ་རྒྱུར་དེ་བས་ཀྱང་དགའ། དེའི་རྒྱུ་མཚན་ནི་སྟབས་ལེགས་ཏེ་རང་སྡེའི་ལག་ཟུང་ཡངས་པའི་སྦྱིན་བདག་ཅིག་དང་འཕྲད་ཚེ་ཀ་ར་འོ་མ་ཉོས་ནས་སྟེར་ལ། དེ་ལས་ལྷག་པའི་འབྲི་དེབ་སྨྱུ་གུ་ཉོས་ཏེ་སྦྱིན་པའང་མང་མོད། འོན་ཀྱང་སྟབས་མ་ལེགས་པར་རྫི་བོ་རྐྱལ་སྟོང་ཚོས་ལག་ཏུ་ཚུད་དེ་ཁ་ཁྲག་སྣ་ཁྲག་སར་བསྲེས་དུས་ཡོད་ལ། རང་དང་ན་ཚོད་མཉམ་པ་དག་ལ་རྡོ་དང་དབྱུག་པས་འཐབ་འཛིང་བྱེད་དུས་ཀྱང་ཡོད།

གསུམ།

སྟོན་འབྲུ་དྲུག་གི་འབྲས་བུ་གཡུར་དུ་ཟ་དུས་ང་དང་དགེ་སློབ་ཚང་མ་འབྲི་སིལ་དམར་བོ་དང་སྟར་བུ་བཏུ་རུ་འགྲོ་རྒྱུར་དགའ་བས། གནམ་གཤིས་བཟང་བའི་ཉིན་མོ་ཞིག་བདམས་ཏེ་རི་མགོར་རྒྱུན་དུ་སྟར་བུ་བཏུ་རུ་སོང་བ་ཡིན་ལ། ང་ཚོས་སྟར་བུ་དང་འབྲི་སིལ་འཐུ་སྐབས་སྒྱིད་ལུག་རེ་འགས་སྟར་སྡོང་གི་ཚེར་མའི་བར་ནས་སྟར་བུ་གཅིག་རེ་གཅིག་རེ་བྱས་ནས་བཏུ་ན་མ་འདོད་པར། སྟར་སྡོང་གྲིས་བཅད་དེ་སྐུད་པར་བརྒྱུས་ནས་ཕྱིར་མྱུར་དུ་ལོག་གིན་ཡོད་པས། དེ་ནི་ཧ་ཅང་སྟབས་བདེ་ཡིན་པ་ཤེས་ནས་ཚང་མས་ཀྱང་དེ་ལྟར་བྱེད་པའི་སྟ་གོན་བརྩམས། དེ་ལ་ང་ཚོའི་འཛིན་བདག་ཡི་མ་རངས་པར་གཤེ་གཤེ་ཚ་ནན་བཏང་བར་མ་ཟད། ཁ་ཅིག་ལ་འགྲམ་ལྕག་ཀྱང་གཞུས་ཏེ་ཁོང་ཁྲོའི་མེ་ལྕེ་དགུང་ནས་མཆེད་ཀྱིན་བཤད་དོན། ང་ཚོ་ནི་མི་རིགས་ཀྱི་རྒྱུད་འཛིན་དང་མ་འོངས་པའི་རེ་བ་ཡིན་པས། ཕ་མེས་ཡང་མེས་ནས་གཅེས་ཤིང་བསྐྱངས་པའི་རང་བྱུང་ཁོར་ཡུག་ལ་བདག་པོ་རྒྱག་དགོས་པ་ལས། གང་འདོད་དུ་ཁོར་ཡུག་ལ་མ་འཛེམ་པར་ནགས་ཚལ་གཅོད་འབྲེག་འབལ་གསུམ་བྱེད་པ་ནི་ལེགས་ཉེས་བླང་དོར་གྱི་གནས་ལ་རྨོངས་པའི་དུད་འགྲོ་ལྟ་བུ་ཡིན་པ་ལས། ཤེས་རིག་རྒྱ་མཚོའི་འཇིངས་པར་བརྒལ་བའི་དཔྱོད་ལྡན་གྱི་སློབ་མ་ཡང་དག་ཅིག་གི་བྱེད་སྟངས་ག་ལ་ཡིན། དེ་ནི་བསིལ་ལ་སྣུམ་པའི་ང་ཚོའི་འཚོ་རྟེན་འཛིན་མ་འདི་བརླག་པར་བྱེད་པའི་ཁོར་ཡུག་གི་ཉེས་ཅན་མ་ཡིན་ནམ་ཞེས་རང་བྱུང་ཁམས་འདིར་གཅེས་སྤྲས་བྱ་དགོས་པའི་སློབ་གསོ་མང་དུ་བཏང་བྱུང་། ཡིན་ནའང་། རང་སྣང་ཅན་གྱི་སློབ་གྲོགས་རེ་འགས་ཕག་ནས་མི་འཐད་པའི་རྣམ་འགྱུར་སྟོན་གྱིན་ས་ནག་ཏུ་བྱེའུ་བབས་ན། བྱི་ལོང་ལ་ཞེ་སྡང་ལངས་དོན་ཨེ་ཡོད་དམ། ས་གཞི་མ་འཇིག་ན་རྩི་ཤིང་ནགས་ཚལ་ཅི་ལ་འཇིག་ཨང་། ད་ལོ་གཅོད་འབྲེག་འབལ་གསུམ་བྱས་ཀྱང་སང་ལོའི་དབྱར་ཁ་སྔར་བཞིན་སྐྱེ་ནས་འོང་བ་འཇིག་རྟེན་གྱི་ཆོས་ཉིད་མ་རེད་དམ་ཞེས་དགེ་སློབ་བར་ལ་འགལ་བ་ཤོར་བའི་དུས་སྐབས་ཀྱང་གདའ།

དབྱར་ཕ་མ་འདྲ་བོ་འཇབ་ནས་འོང་དུས་ང་དང་ང་ཚོའི་འཛིན་གྲྭའི་སློབ་གྲོགས་ཚང་མ་གེ་སར་གནས་རིའི་མདུན་ཐད་ཀྱི་ཆུ་མིག་མང་བོ་བརྡོལ་བའི་སྤང་ཁུད་དུ་མཚན་མོའི་ལྷིང་འཇགས་ཀྱི་སྐབས་དང་བསྟུན་ནས་འཆམ་འཆམ་དུ་འགྲོ་རྒྱུར་ཧ་ཅང་དགའ། དྭངས་གཙང་མཁའ་དབུགས་ཀྱི་དྲི་ངད་ལྡང་བའི་ཁྲ་ཆིལ་དགུ་ཆིལ་གྱི་མེ་ཏོག་དཀར་དམར་གྱི་གདན་སྟེང་ནས་འགྲེ་ལོག་རྒྱག་གྱིན་ནམ་མཁར་བལྟས་ཚེ། སྔོ་ཞིང་བསངས་པའི་མཁའ་དབྱིངས་ན་ལང་ཚོའི་ཆ་ཤས་ཡོངས་སུ་རྫོགས་པའི་ཟླ་བ་ལྷ་མོའི་འཛུམ་ཞལ་ལ་ཆགས་པའི་སྐར་ཚོགས་རྣམས་འོད་ཆེམ་ཆེམ་གྱིས་འཚང་ཀ་ཤིག་ཤིག་བྱེད་ཀྱིན་ཡོད་ལ། དེ་དག་གི་ཁྲོད་ན་བྱང་མི་འགྱུར་གྱི་སྐར་མ་ཨ་བརྟན་དང་བྱང་སྐར་སྨེ་བདུན། སྨིན་དྲུག་ཁྲ་མོ་ལ་སོགས་པ་རྣམས་ཀྱིས་ཀྱང་རང་རང་གི་གཟི་དཔལ་ངོམ་གྱིན་བདོག སྤྱིར་སྟོན་ཉིན་ཤིག་གི་མཐོ་གང་ཟེར་མོད། འོན་ཀྱང་དབྱར་གྱི་མཚན་མོ་ནི་དངོས་གནས་ཤིག་གི་མཐོ་གང་ལས་མེད་པ་ལྟར་སྣང་། མིག་རྡེབ་དབང་ཙམ་གྱི་རིང་ལ་དབང་ཕྱོགས་ཀྱི་མཁའ་མཐའ་ནས་འོད་ཆེམ་ཆེམ་བྱེད་པའི་སྐར་ཆེན་གྱིས་སྐྱ་རེངས་སླེབས་པའི་གསལ་བརྡ་བཏང་འོངས་པས། ང་ཚོས་མི་འདོད་བཞིན་དུ་སེར་ཆེན་མེ་ཏོག་ཆུན་པོ་རེ་མཆན་ཁུང་དུ་བཙིར་ནས་དེའི་དྲི་ངད་ལ་སྣོམ་གྱིན་ལམ་ལ་ཆས་པ་གྲངས་ཀྱིས་ག་ལ་ཟིན།

བཞི།

ང་ཚོར་དེ་དུས་འཚོ་བའི་དཀའ་ངལ་གྱིས་མནར་ཏེ་རྒྱབ་གོས་མེད་ལྷམ་པ་དགུ་བརྩེགས་ཅན་དང་ཁ་ཟས་མེད་ཕྱུར་ཁུ་སྔོན་མོ་ཡིན་ན་ཡང་། དུས་དང་རྣམ་པ་ཀུན་ཏུ་སེམས་དགའ་དགའ་དང་ཡིད་སྐྱིད་སྐྱིད་ཀྱི་ངང་དུ་འཚོ་བའི་སེམས་ཁམས་ནི་དག་པའི་ཞིང་ཁམས་གང་རུང་ཞིག་ཏུ་སྐྱེས་ཀྱང་དེ་འདྲའི་དགའ་སྐྱིད་ཀྱི་སྤྲོ་བ་ཞིག་ག་ལ་འཕེལ་ཐུབ་བམ། དེ་ནི་གཅིག་ནས་བྱིས་དུས་ཀྱི་སེམས་ཁམས་ཡིན་པས་འཇིག་རྟེན་ཁྲ་ཁྲ་རིག་རིག་ལྟད་མོ་མཐོང་བར་ཁྲོམ་པའི་ནང་གི་སྦལ་བ་ལྟར་སྡོད་པས་ཡིན་ལ། གཉིས་སུ་དེ་དུས་མདོ་དབུས་མཐོ་སྒང་ནི་གཞུང་ལམ་དང་ཚན་རིག་མ་དར་བའི་དུས་སྐབས་ཤིག་ཡིན་པས་འགྲིམ་འགྲུལ་སོགས་ཀྱི་སྟབས་ཤིན་ཏུ་མི་བདེ་བའི་རྐྱེན་གྱིས་ཉོ་ཚོང་གི་ལས་ཤིག་བྱ་དགོས་ནའང་ཁལ་རྟ་ཁོ་ནས་དབོར་འདྲེན་བྱ་དགོས་པ་ལས། ད་ལྟའི་དུས་ཀྱི་སྐྱེལ་འདྲེན་རླངས་འཁོར་དང་སྤྱི་སྤྱོད་རླངས་འཁོར་ལ་སོགས་པའི་འཕྲུལ་ཆས་ཀྱི་རིགས་རྣམས་མཐོང་རྒྱུ་མེད་པར་མ་ཟད། ཐ་ན་ལག་སྐྱོར་རྭ་གཉིས་དང་འཕྲུལ་རྟ་སོགས་ཀྱང་མཐོང་རྒྱུ་ཡེ་ནས་མེད། དེ་བས། སྐབས་དེའི་བོད་མི་རིགས་ལ་མཚོན་ན་བསམ་པ་དཀར་བོ་དུང་ལྟ་བུ་དང་ཡིད་སེམས་དྲང་མོ་མདའ་ལྟ་བུ་ཞིག་ཡིན་པས་གཞན་ལ་རོགས་རམ་བྱེད་པའམ། ཡང་ན། རྒན་བཀུར་གཞོན་བྱམས་ཀྱི་བརྩེ་བ་མངོན་པར་གསལ་བ་དང་། བྱིས་པ་ནི་བྱིས་པ་རང་ཡིན་པས། ཁོ་ཚོར་མག་མོག་རབ་རིབ་ཀྱི་དྲི་མས་མ་གོས་པའི་དྭངས་གཙང་ལྷད་མེད་ཀྱི་སེམས་ཁམས་ཤིག་ཡོད་པར་བརྟེན། མཚམས་ལན་རེར་ཆེ་བས་ཆུང་བར་ཐུབ་ཚོད་བྱེད་པ་དང་། ཡང་ལན་རེར་བཙན་པོས་གཉོམ་ཆུང་ལ་བརྙས་བཅོས་བྱེད་པའི་སྐབས་ཀྱང་མཆིས་མོད། འོན་ཀྱང་དུས་ཚོད་སྐར་ཆ་འགའི་རྗེས་ནས་ཡོད་ཚད་རྦད་དེ་བརྗེད་ནས། ཧ་ཧ་ཧོ་ཧོའི་གད་མོ་སྒྲོག་གིན་འགྲོ་བ་ནི་བྱིས་པའི་རང་གཤིས་ཡིན་པས་དེ་ལ་ཆ་འཇོག་ཅི་ཡང་ཡོད་པ་མ་རེད། དྲང་མོར་བཤད་ན། ད་ལྟའི་བྱིས་པ་དང་ལོ་རབས་བརྒྱད་ཅུ་བའི་སྐབས་ཀྱི་བྱིས་པ་རྣམས་ཀྱི་བསམ་བློ་དང་གཤིས་ཀ་སོགས་ལ་གཤིབ་བསྡུར་ཞིག་བྱས་ཚེ། ཧང་སང་བའི་ཁྱད་པར་ཆེན་པོ་ཡོད་པ་རེད།

དེང་སྐབས་འཕྲུལ་ཆས་ཅན་གྱི་དུས་རབས་སམ་དུས་རབས་ཉེར་གཅིག་པ་འདིའི་ནང་གི་བྱིས་པ་ཚོར་མཚོན་ན། བླ་ཆེན་ཞིག་གདན་འདྲེན་བྱེད་པ་ལྟར་འགྲོ་ན་རླངས་འཁོར་དང་འདུག་ན་འབོལ་ཁྲི་ཡིན་པར་མ་ཟད། རྒྱུན་དུ་ཅི་ཟ་ཅི་འཐུང་དྲིས་ཏེ་ཞལ་བཞེས་མ་གནང་བར་དུ་ཕ་མ་ཚོས་ཟ་མ་གཡོས་སྦྱོར་བྱ་མི་ཆོག་ལ། གལ་ཏེ་ཁོ་ཚོའི་ཐུགས་འདུན་དང་མི་མཐུན་པའི་སྦྲང་དཀར་རྩམ་པ་དང་འོ་ཇ་མངར་མོ་སོགས་བསྐོལ་ཚེ། འཕྲལ་དུ་ངོ་མདངས་འགྱུར་ཞིང་། ཐོད་པར་གཉེར་མདུད་དགུ་བརྒྱབ་འགྲོ་བས། ཆེས་བདེ་ཐང་ལ་གནོད་པའི་ཞོར་ཟས་རིགས་སྣ་ཚོགས་ཀྱིས་སྡེར་ཁ་བཤམས་དགོས་ལ། ཁུ་ནག་དང་ཇ་དམར། གླང་དམར་སོགས་ནི་ཁོ་ཚོས་ཞལ་ཟས་ཀྱི་དྭངས་མར་མཆོད་ཀྱིན་ཡོད་པ་དང་། ཕ་མའི་དྲིན་དང་ཡུལ་གྱི་བདེ་སྡུག་མི་བསམ་པར་ཚང་མས་རང་གཅིག་པུར་ཞབས་ཞུ་བསྒྲུབ་ན་བསམ་པའི་འདུ་ཤེས་ལས་ཅི་ཡང་སེམས་ཀྱིན་མེད་པ་མཐོང་ཚེ། དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན་ཟེར་བའི་ལུང་ཚིག་དེ་ཡིད་ལ་དྲན་འོངས།

ལྔ།

དོན་དམ་པར་ལག་ཟུང་སྙིང་ཁར་བཞག་སྟེ་བསམ་གཞིག་ཅིག་བཏང་ན། དུས་སྐབས་འགྱུར་བའམ་མི་སེམས་འགྱུར་བ་གང་ཡིན་མི་ཤེས་མོད། གང་ལྟར་ལྐོག་གཡོ་ངན་ཇུས་ཀྱིས་སེམས་རྒྱུད་བརླམས་པའི་ད་ལྟའི་མི་རྣམས་ལ་ཁྲེལ་དང་ངོ་ཚ་ཡོད་པ་ཕར་ཞོག རྒན་བཀུར་གཞོན་བྱམས་ཀྱི་འདུ་ཤེས་ཙམ་ཡང་མེད་པར་ངའོ་སྙམ་པའི་ང་རྒྱལ་གྱིས་ཁེངས་བཞིན། ནང་སྟོང་ཕྱི་རྫིག་གི་ཁ་ཕོ་འབྲུག་འདྲ་བ་རེ་འཐེན་པའི་བཟོ་ལྟ་མཐོང་ཚེ། ངས་ད་གཟོད་ཡ་རབས་སྤྱོད་བཟང་གི་མི་རབས་ཤིག་གཞི་ནས་མཇུག་རྫོགས་ཀྱིན་ཡོད་པ་རྟོགས་བྱུང་ལ། སྔོན་ཆད་ཀྱི་རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་དུ་འོང་བའི་ནེའུ་གསིང་ལྟ་ན་སྡུག་པ་དེའི་བཅུད་ཡོངས་སུ་ཉམས་ཏེ་ས་ནག་ཏུ་གྱུར་དང་འགྱུར་གྱིན་ཡོད་པ་ཡང་ཡོངས་སུ་རྟོགས་བྱུང་། རྒྱུ་མཚན་ནི་སྟོན་ཚུགས་པ་ནས་བཟུང་རི་ངོས་ཀུན་ཏུ་འབྲི་སིལ་དང་སྟར་བུ་སོགས་དམར་ལམ་མེར་སྟར་སྡོང་ལ་མདུན་ལོག་བརྒྱབ་ནས་ཡོད་མོད། ད་ནི་སྟར་བུ་ཡོད་པ་ཕར་ཞོག་ཐ་ན་སྟར་སྡོང་ཡང་རིག་རྒྱུ་མེད་པས། ང་ཚོའི་སྡེ་བར་སྟར་ལུང་ཞེས་པའི་མིང་བཏགས་པ་དེ་ཡང་དོན་མེད་དུ་གྱུར་འདུག དེ་ནི་སྔོན་ཆད་ང་ཚོའི་འཛིན་བདག་གིས་གསུངས་པ་ཇི་བཞིན་རང་གི་ཁོར་ཡུག་ལ་བདག་པོ་རྒྱག་མ་ཐུབ་པར་ཉམས་རྒུད་དུ་སོང་བ་མ་ཡིན་ནམ། དེའི་ཕྱིར་ཕོ་ཞེ་སྡང་ཅན་དང་ཕྲག་དོག་ཅན། ཉལ་རུང་ལངས་རུང་སེམས་མི་བདེ་ཟེར་བ་བཞིན་ང་དང་ང་ལྟ་བུའི་རང་རིགས་ལ་ཞེན་ཆགས་ཆེ་བ་རེ་འགའ་སྡོད་མ་ཚུགས་པར་སློབ་གསོ་དང་གནས་ལུགས་བརྗོད་དེ་ཇི་ལྟར་འབད་འབད་དུང་དུང་བགྱིད་ཅིང་། རྒྱ་མཚོའི་ནང་དུ་རྡོ་འཕངས་པ་ལྟར་གྲག་འགུལ་ཅི་ཡང་མི་འདུག་པར་མ་ཟད། མི་རྒས་ན་བཤད་རྒྱུ་ཇེ་མང་། ཁྱི་རྒས་ན་ཞེ་སྡང་ཇེ་ཆེ་ཟེར་ནས་རྒྱབ་འགལ་གྱི་དགག་སྒྲུབ་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་སོང་མཐར་ལྐོག་ནས་གཅར་རྡུང་བྱ་རྩིས་བྱེད་མཁན་ཡང་བདོག་པས། རང་ཁ་གསེར་གྱི་སྒོ་མོ། རང་སྲོག་གཅོད་པའི་སྟ་གྲི་ཡིན་ཟེར་བ་བཞིན་རང་ཚོད་ཟིན་ན་བཟང་བས། ངས་ཀྱང་ཁ་སྒོ་མེད་ནང་གི་ཚིག་ཚོད་མེད་ལ་བདག་པོ་བརྒྱབ་སྟེ་སྨྲ་བ་བཅད་པ་ཡིན།

དུས་དེ་ནས་བཟུང་བོད་ཀྱི་གཏམ་དཔེ་ལྟར། བུ་ཆུང་རྟེའུ་ཁྱི་ཕྲུག་གསུམ། བཟང་བྱས་ནི་མེད་ཀྱང་ཀུན་གྱིས་བྱམས། མི་རྒན་རྟ་རྒན་ཁྱི་རྒན་གསུམ། ངན་བྱས་ནི་མེད་ཀྱང་ཀུན་གྱིས་བརྙས་ཟེར་བ་བཞིན། ན་ཚོད་ཡོལ་བའི་དུས་འདིར་ང་ནི་ལྷུ་ལག་ཟད་པའི་འཕྲུལ་ཆས་ཤིག་དང་འདྲ་བར་ཀུན་གྱི་མིག་མདུན་ནས་ཡལ་བར་བོར་ཟིན་པ་དང་མཚུངས་ཨང་། གྲོང་ཁྱེར་གྱི་མི་རྣམས་ནི་ཅི་ཞིག་གི་དོན་ལ་བྲེལ་གྱིན་ཡོད་པ་ལྟར་མགོ་བོ་བར་སྣང་ལ་བཏེགས་ཏེ་མི་ཚོགས་ཀྱི་ཁྲོད་ནས་གང་ཞིག་ལ་འདུར་གྱིན་ཡོད་པས་ཕན་ཚུན་ལ་ཁ་བརྡ་མིག་བརྡ་ཙམ་ཡང་གཏོང་བའི་གོ་སྐབས་དབེན་ཞིང་། གྲོང་གསེབ་ན་ཡོད་པ་དག་ལ་དེ་ལྟ་བུའི་བྲེལ་བ་མི་ཆེ་ན་ཡང་། རང་ཁྱིམ་ལས་ལོགས་སུ་མི་འགྲོ་ལ། ཐ་ན་ཕན་ཚུན་བར་ལ་ཁ་བརྡ་དང་ཀུ་རེ་ཀྱལ་ཀ་སོགས་ཅི་ཡང་མེད་པའི་ཁར་ཕན་ཚུན་ག་ཤེད་ཅིག་ནས་འཕྲད་པའི་ཚེ་བཅོས་མའི་འཛུམ་ཆུང་ཞིག་བཙན་གྱིས་སྟོན་གྱིན་ངོ་ཤེས་པའི་རྟགས་ལ་མགོ་བོ་ནང་དུ་ལྡེམ་ཙམ་བྱེད་པ་ལས་ཕན་ཚུན་ལ་དུངས་པའི་གཏམ་གླེང་སྨྲ་བ་ནི་ཉིན་གྱི་སྐར་མ་ལས་ཀྱང་ལྷག་པས། ཁ་བརྡར་དགའ་བའི་ང་ལ་མཚོན་ན་སྲང་ལམ་གྱི་མུ་ཏོ་བ་ཞིག་དང་འདྲ་བར་ནམ་རྒྱུན་གླིང་བར་ནས་ངོ་ཤེས་མི་ཤེས་གཉིས་ཀར་འཛུམ་དཀར་བསྟན་དང་སྟོན་གྱིན་མཆིས་མོད། འོན་ཀྱང་ལམ་འགྲོ་བ་དེ་དག་གིས་ཉན་ཆས་རྣ་བར་བཙུགས་ཏེ་ཟུར་མིག་ཙམ་ཡང་མི་བལྟ་བར་རང་རང་གི་དམིགས་མདུན་ལ་གདོང་གཏད་དེ་བུད་འགྲོ་ལ། རང་དང་ན་ཚོད་མཉམ་པའི་ཆུང་སྐྱེས་ཆུང་གྲོགས་དག་གིས་ཀྱང་རྒྱ་སྒོ་དམ་པོར་གཏན་ཏེ་ཁྱིམ་ན་སྐད་འཕྲིན་ནང་དུ་མིག་ཅེར་ནས་ཡོད་པ་མཐོང་ཐེངས་རེར་ངའི་སེམས་ཀྱི་ག་ཤེད་ཅིག་ན་དྲོད་ལམ་ལམ་འོད་དུ་འཚེར་བའི་མི་རིགས་དེ་ཉིད། བལྟས་བལྟས་རིག་རིག་ལ་སྣུམ་ཟད་ཀྱི་མར་མེ་ཞིག་དང་འདྲ་བར་ཡུན་གྱིས་གཞིལ་ལ་ཉེ་བ་ཁོ་བོའི་ཀུན་རྟོག་མེ་ལོང་གི་ནང་དུ་ཡང་ཡང་འཁོར་ནའང་། མགོ་བོ་འཕྲེད་གཡུག་བྱ་རྒྱུ་ལས་བྱ་ཐབས་གཞན་ཅི་ཞིག་ཡོད་ཨང་།

དྲུག

ད་ནི་ཁང་བའི་ནང་དུ་གྲོགས་མེད་ཁེར་རྐྱང་ངང་གཅིག་པུར་བརྙན་འཕྲིན་དང་སྐད་འཕྲིན་སོགས་ལ་སེམས་པ་གློན་གྱིན་ཁོ་ཚོ་ལྟར་མི་ཚེ་གཏོང་བར་སྟ་གོན་མི་བྱེད་ཐབས་མེད་བྱུང་མོད། འོན་ཀྱང་མིི་སུམ་ཅུར་བསམ་པ་སུམ་ཅུ་དྲན་ལུགས་མི་གཅིག་ཁ་ཁ། མཛོ་སུམ་ཅུར་རྭ་ཁ་དྲུག་ཅུ་སྐྱེ་ལུགས་མི་མཚུངས་སོ་སོ་ཟེར་བ་ལྟར་ཁོ་བོས་སྐད་འཕྲིན་དང་བརྙན་འཕྲིན་སོགས་ཀྱི་འཆར་ངོས་ནང་དུ་ཤར་འོངས་པའི་ངོ་གདོང་རྫུན་མ་དང་སྐད་ཆ་རྫུན་མ་དེ་དག་ལ་མི་ལོབ་པའི་ཁར་རྫུན་གཏམ་དེ་དག་ཐོས་ཚེ་སྙིང་རླུང་ལྡང་འོངས་པས། རང་ཉིད་མྱུར་དུ་ཁོད་ཡངས་པའི་སྤང་ཐང་ཞིག་ཏུ་ཆས་ན་ཅི་མ་རུང་སྙམ་པ་དང་། ཡང་ལན་རེར་རང་ལ་མཚོན་ན་རྒྱུ་དང་འབྱོར་བ། ཐོབ་དང་གོ་ས་གང་གི་ཆ་ནས་ཀྱང་འདང་རྒྱག་མེད་པས་ལུས་བདེ་སེམས་བདེ་ངང་བསྡད་ན་ཆོག་པ་ལས། རང་གཅིག་པུར་རི་དྭགས་རྨས་མ་ཞིག་དང་འདྲ་བར་འདུག་འདོད་ཡོད་དམ་སྙམ་ནའང་། རང་ཉིད་དུངས་པའི་ན་ཟླ་དག་གིས་མ་རིག་ཁུལ་དང་མ་ཤེས་ཁུལ་གྱིས་བཟུར་ནས་བུད་འགྲོ་བ་དང་། རང་གི་ཉེ་དུ་དང་སྤུན་མཆེད་དག་ལ་དུངས་པ་རྩ་བ་ནས་མེད་པའི་རྐྱེན་གྱིས་མི་འདོད་བཞིན་དུ་ཁ་ཁུ་སིམ་མེར་འདི་ལྟར་འདུག་རྒྱུ་དེ་ནི་ཧ་ཅང་དཀའ་མོ་ཞིག་ཡིན་པས། བསྡད་ཀྱིན་བསྡད་ཀྱིན་སེམས་པ་འཚུབ་སྟེ་སྨྱོ་ལ་ཁད་བྱེད་པར་མ་ཟད། མུན་རུབ་མ་ཐག་ནས་མགོ་བོ་སར་བཞག་སྟེ་མིག་ཟུང་ཇི་ལྟར་བཙུམས་ནའང་ཐོ་རངས་སྐར་ཆེན་མ་ཤར་བར་དུ་གཉིད་མི་འོངས་ལ། གལ་ཏེ་ཅུང་ཙམ་ཡུར་བའི་དབང་དུ་བཏང་ན་ཡང་རྨི་ལམ་འཁྲུགས་ཏེ་གཉིད་དུ་མི་འཇུག་པར། ནམ་གང་བོར་འདས་སོང་རབ་རིབ་ཀྱི་ལོ་ཟླའི་སྣང་བརྙན་དག་ལ་ཕྱིར་དྲན་བྱས་འགྲོ་བས། སེམས་ཟེར་བ་འདི་ནི་ཅི་འདྲའི་རང་དབང་ལ་མི་འོང་བ་ཞིག་རེད་ཨང་།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1