མི་ལོ་བཅུའི་ཡར་སྔོན་དང་། དེའི་ཡང་ཡར་སྔོན།

དགའ་ཕ་ལམ། (མཛོད་དགེ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-15


འདི་ནས་ལུགས་ལྡོག་གིས་བརྩིས་པའི་མི་ལོ་བཅུའི་ཡར་སྔོན་དུ། ང་རང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་བདེ་ལེགས་ངང་སློབ་མཐར་ཕྱིན། སློབ་གྲྭ་འདི་ནི་ཤཱཀྱའི་དགེ་སྦྱོང་འགའ་ཡིས་རིགས་ཀྱི་བརྩེ་ཞེན་དང་ལྷག་བསམ་གྱིས་ཀུན་ནས་བསླངས་པའི་བླ་མེད་ཀྱི་དག་ཞིང་ཞིག་ཡིན་ལ། ཤེས་རིག་གི་དར་བོ་ཆེ་ཞིག་ཀྱང་ཡིན། ད་དུང་། དར་ཆ་དེའི་འོག་གི་སྤོབས་པའི་གད་རྒྱངས་དང་ཚེ་སྲོག་གི་ང་རོ་ཡང་ཡིན།

ངས་ལོ་ངོ་གསུམ་དང་ཕྱེད་ཀའི་སློབ་སྦྱོང་གི་འཚོ་བ་ཡོངས་སུ་མཇུག་རྫོགས་ཏེ། དེ་ག་ནས་སློབ་མཐར་ཕྱིན་ལ་ཉེ་བའི་ཉིན་ཞིག་ལ། ང་རང་དགེ་རྒན་བཀའ་དྲིན་ཅན་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་ཤག་ཏུ་བོས་པ་བཞིན་དེར་སོང་། ཁོང་གིས་གསུང་རྒྱུར། ཉེ་ཆར་རང་རེའི་ཕ་ཡུལ་དུ་ནོར་ལྷ་ཟེར་བའི་ལས་ཁུངས་ཤིག་གསར་དུ་འཛུགས་རྩིས་ཡོད་པ་དང་། ལས་གཞི་འདི་ནི་འབྱུང་འགྱུར་གྱི་ལོ་ཟླའི་ནང་དུ་ཡུལ་མི་སྤུན་ཟླ་དང་ཕ་ས་ཕ་ཡུལ་ལ་སྨན་པའི་ཁེ་ལས་ཤིག་ཏུ་འགྱུར་བར་ཁོང་གིས་རེ་བ་དང་ཡིད་ཆེས་ཟབ་མོ་བྱས་ཡོད། ད་ནི་ཁྱོད་ཡང་སློབ་མཐར་ཕྱིན་ལ་ཉེ་ཞིང་། སློབ་མཐར་ཕྱིན་རྗེས་དམིགས་ཡུལ་དང་འཆར་གཞི་ངེས་ཅན་མེད་ཚེ། ལས་ཁུངས་འདིར་ལས་ཞུགས་བྱ་མིན་གྱི་ཕྱོགས་ལ་རང་གིས་བསམ་བློ་ཐོངས། ཕ་མ་གཉིས་ཀར་གྲོས་བྱོས། གལ་སྲིད་ལས་ཞུགས་བྱ་འདོད་ཡོད་ན་ང་ལ་ཤོད་དང་ངས་ཚོང་བདག་མར་ངོ་སྤྲད་ཆོག ད་དུང་། ཁྱོད་ཚོའི་འཛིན་གྲྭའི་ནང་དུ་དབྱིན་ཡིག་དབྱིན་སྐད་དང་བསམ་བློ་ཀུན་སྤྱོད་ལ་བཟང་བའི་སློབ་གྲོགས་རེ་ཡོད་ན་དེའང་ངོ་སྤྲད་ཆོག་ཟེར།

དེ་དུས། ངས་རྭ་རྒྱའི་སློབ་གྲྭར་མ་སོང་སྔོན་གྱི་ནམ་ཟླ་དགུན་ཁ་དེ་དྲན་བྱུང་། དེ་ནི་ལོ་ངོ་གསུམ་ཡར་སྔོན་གྱི་དགུན་ཁ་ཞིག་རེད། དགུན་ཁ་དེ་ནི། ངའི་བསམ་བློ་དང་ཕུགས་བསམ། སློབ་སྦྱོང་གི་ཁ་ཕྱོགས་བཅས་ལ་འགྱུར་ལྡོག་ངེས་ཅན་ཐེབས་པའི་ཚེ་ཡི་དཀྱོགས་མཚམས་གལ་ཆེན་ཞིག་ཏུ་རང་གིས་འདོད་ཡོད། དེའི་ཕྱིར། ང་ནི་དགུན་གྱི་གྲང་ངར་དང་ལྷགས་རླུང་གི་ཁྲོད་ནས་བཙོ་སྦྱངས་བགྱིས་པའི་ལྕགས་ཀྱི་ཐུ་ལུམ་དེ་ཡིན་པས། ང་ཡི་རུས་པ་གོར་མོ་རྡོ་ལས་སྲ། ང་ཡི་མགོ་བོ་སྲ་མོ་ལྕགས་ཀྱིས་གྲུབ། ད་དུང་། ང་ནི་དགུན་གྱི་ཁ་བ་དང་ཉི་འོད་ཀྱིས་བཞུས་པའི་གངས་ཀྱི་ཆབ་རོམ་དེ་ཡིན་པས། ང་ཡི་སེམས་པ་གངས་རི་ལས་ཀྱང་དཀར། ང་ཡི་ཟུངས་ཁྲག་གངས་ཆུ་ལས་ཀྱང་དྭངས།

དགུན་ཁ་དེར། ངས་ལོ་ངོ་གཅིག་ལྷག་གི་དམའ་འབྲིང་གི་འཚོ་བ་རེ་ཞིག་བསྐྱུར་ཏེ། ཕ་མ་གཉིས་ཀར་རྭ་རྒྱའི་སློབ་གྲྭར་འགྲོ་འདོད་ཀྱི་རེ་བ་ནན་ཆེར་ཞུས་པ་ཡིན། ཕ་མ་གཉིས་ཀས་མི་བློ་མང་གི་དོན་མི་འགྲུབ། བསམ་རྒྱུ་དྲན་རྒྱུ་མ་མང་ན་བཟང་ཞེས་གོ་བསྐོན་བློ་འགུགས་ཀྱི་ཁ་བརྡ་མང་དུ་བྱེད་ཞོར། མཐའ་མཇུག རང་གི་རྩ་བའི་བླ་མ། གཙུག་གི་ནོར་བུ་ལྟ་བུའི་མཛོད་དགེའི་བླ་མ་ཕུན་ཚོགས་ཚང་ལ་གཟུང་བརྟག་ཞུར་རྒྱུར་མོས་མཐུན་བྱུང་། ཁོང་གིས་གསུང་རྒྱུར། སློབ་གྲྭ་གཉིས་ཀའི་གང་ལ་སོང་ཡང་ཁྱད་པར་ཆེར་མེད་མོད། རྭ་རྒྱའི་སློབ་གྲྭར་སོང་ནའང་བྱ་བའི་མཐའ་ཡག་པོ་འདུག དེ་ལྟ་དེ་ལྟར། ལོ་དེའི་དགུན་ཁ་ནས། ང་རང་དམིགས་མེད་ཀྱི་རྫ་ཁའི་ཡུ་མོ་ཁེར་འགྲོ་བཞིན་གྲང་ངར་གྱིས་འཚོ་བའི་མཐོ་སྒང་འདི་རུ་དོན་མེད་དུ་འཁྱམས་མ་དགོས་པར། ང་ལ་རང་གི་དམིགས་ཡུལ་དང་གཏད་སོ་ཡོད་པའི་རེ་བ་དང་ཡིད་ཆེས་ཀྱི་ཉི་འོད་སེམས་པའི་གུར་ཁྱིམ་དུ་བསུས་ཏེ། དགའ་བ་འབུམ་གྱིས་མྱོས་ཤིང་སྤྲོ་བ་སྟོང་གིས་བཟི། རྒྱུ་མཚན། ནམ་ཟླ་དགུན་གྱི་རྗེས་ལ་ང་རང་ཚེ་སྲོག་གི་ཀོ་གྲུར་བསྡད་དེ། ཕུགས་བསམ་གྱི་ཕྱར་བ་འདེགས་བཞིན། ལང་ཧྲན་ལྟ་བུའི་རྭ་རྒྱའི་གླིང་ཕྲན་ལ་ཆས་དགོས་པས་ཡིན། ཧ་ཧྥི་ལྟ་བུའི་རྭ་རྒྱའི་སློབ་གྲྭ་ལ་འགྲོ་ངེས་པས་ཡིན།

འདི་ལྟར་བཤད་ཡོང་ན། ང་རང་རྭ་རྒྱའི་སློབ་གྲྭར་འགྲོ་འདོད་ཀྱི་ཆེས་ཐོག་མའི་ཀུན་སློང་དང་རྒྱུ་རྐྱེན་དེའང་ལོ་ཞིག་གི་དགུན་ཁ་དང་འབྲེལ་བ་དམ་པོ་ཡོད། དགུན་ཁ་དེར། ང་རང་གཙོས་བོད་རིགས་སློབ་འབྲིང་གི་དམའ་འབྲིང་དང་བོའི་འཛིན་གྲྭ་གཉིས་པའི་སློབ་བུ་དཀྱུས་མ་ཞིག་ཡིན། ཉིན་ཞིག ང་ཚོའི་སློབ་གྲྭའི་ནང་དུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བྱེད་པོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་དང་མཁས་དབང་བཛྲ་ཚུལ་ཁྲིམས་རྒྱ་མཚོ་རྣམ་གཉིས་གདན་དྲངས་པ་བཞིན་ཕེབས་ཏེ། རྣམ་པ་གཉིས་ཀས་སློབ་གྲྭ་གཉིས་ཀྱི་འཚོ་བ་དང་ཆ་རྐྱེན། སློབ་སྦྱོང་གི་ཁོར་ཡུག་སོགས་གོ་བསྡུར་གྱིས་གཏམ་དང་སྐད་ཆ་མང་དུ་གསུང་བར་མ་ཟད། རྭ་རྒྱའི་དགེ་སློབ་ཡོངས་ཀྱི་དཀའ་སྤྱད་དང་སྡུག་རུས། ཞུམ་པ་མེད་པའི་སྙིང་སྟོབས། འགྱུར་བ་མེད་པའི་ཆོད་སེམས་ཀྱི་དམ་བཅའ་སོགས་གསོན་ཉམས་ལྡན་པའི་གཏམ་རྒྱུད་ཀྱི་སྣང་བརྙན་མང་བོ་རྒྱབ་ལྗོངས་སུ་བྱས་ནས་གསུང་གི་བདུད་རྩི་ལྷུག་པོར་བསྩལ། རྒྱུ་རྐྱེན་དང་རྟེན་འབྲེལ་འདི་ཡི་ཉེར་ལེན་ལ་བརྟེན་ནས། ཡང་ན། མཁས་དབང་རྣམ་པ་འདི་གཉིས་ཀའི་གསུང་བཤད་ལན་གཅིག་གིས། ངའི་ཕུགས་བསམ་དང་རྣམ་རྟོག་གི་རྟ་ཁ་གཞན་ལ་དཀྱུས་ཤིང་། དུས་འདི་ནས་བཟུང་སྟེ་ངའི་དབུགས་ཀྱི་རྒྱུ་བ་དང་ཚེ་སྲོག་གི་བཞུར་རྒྱུན་ཡང་རྦད་དེ་བཟློག་པ་ལྟ་བུའི་ཚོར་སྣང་ཞིག་རྒྱུན་མར་འབྱུང་།

ངའི་ཕ་ཡུལ་དུ། བྱིས་པ་ཚོའི་མ་འོངས་པའི་མདུན་ལམ་དང་མི་ཚེའི་ཆེས་མཐའ་མཇུག་གི་འབབ་སྟེགས་ཡོད་ཚད། ཁོ་ཚོ་སློབ་གྲྭ་འགྲིམས་པའི་ཉིན་དང་བོ་ནས་གཅིག་གྱུར་སྒོས་ཐག་གིས་གཅོད་བཞིན་པའི་སྣང་ཚུལ་སྐྱི་གཡའ་བ་ཞིག་ཡོད། དེ་ནི་རྒྱལ་ཁབ་ཀྱི་ཆེས་སྤྱིར་བཏང་གི་གཞུང་ཞབས་པ་ཞིག་བྱ་བའི་ཕུགས་བསམ་དེ་ཡིན། ཕ་མའི་རེ་བའང་དེ་ཡིན་ལ་བྱིས་པའི་ཕུགས་བསམ་ཡང་དེ་ཡིན། ཚང་མའི་སེམས་སུ། གཞུང་ཞབས་པ་ནི་གནམ་འོག་གི་ཆེས་རླབས་ཆེ་བའི་ལས་རིགས་དེ་ཡིན་པར་རློམ་ཡོད། དེ་བཞིན། དེང་ཐོག་ངའི་ཕ་མ་དང་ཕུ་ནུ་མིང་སྲིང་ཚང་མས་ཡང་ང་ལ་དེ་ལྟར་རེ་བ་བརྒྱབ་ཡོད་ངེས། ཡིད་ཆེས་བྱས་ཡོད་ངེས། ཡིན་ཡང་། ལོ་དེའི་དགུན་ཁ་ནས་བཟུང་། ང་རང་རྒྱལ་ཁབ་ཀྱི་གཞུང་ཞབས་པ་ཞིག་བྱ་བའི་རིག་གནས་ཀྱི་མཁའ་དབུགས་དང་བསམ་བློའི་འདམ་རྭ་ལས་ཐོལ་གྱིས་བརྒལ་ནས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་པ་ཡིན།

ལོ་ངོ་གསུམ་དང་ཕྱེད་ཀའི་སྔོན་ལ། ངས་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་རྡོ་ཐེམ་རྡོག་པས་བསྣན་ཅིང་། ལོ་ངོ་གསུམ་དང་ཕྱེད་ཀའི་རྗེས་སུ། སློབ་གྲྭ་འདི་ག་ནས་ཡོངས་སུ་སློབ་མཐར་ཕྱིན། དེ་ནི་འདི་ནས་ལུགས་ལྡོག་གིས་བརྩིས་པའི་མི་ལོ་བཅུའི་ཡར་སྔོན་ཏེ། ང་རང་རྭ་རྒྱ་ནས་སློབ་མཐར་ཕྱིན་ཏེ། ནོར་ལྷ་རུ་ལས་ཞུགས་བྱས་པའི་ལོ་དེ་རེད། སྤྱི་ལོ༢༠༠༧ལོ་རེད།

ལོ་དེར། ང་རང་རྭ་རྒྱ་ནས་སློབ་མཐར་ཕྱིན་པའི་འབྲས་རྟགས་ནི་འདིའོ་ཞེས་ངོམ་ཆོག་ཆོག་གི་རིག་གཞུང་གྲུབ་འབྲས་དང་ཆོ་ལོ་གང་ཡང་མེད་ནའང་། ང་ལ་མཚོན་ན་གཞི་རིམ་གྱི་ཕལ་བའི་སློབ་གྲྭ་ཞིག་གི་དགེ་རྒན་དཀྱུས་མ་ཞིག་བྱ་བའི་ཕུགས་འདུན་དང་། རིག་གཞུང་ཉམས་ཞིབ་པའམ་མཁས་པའི་རྒྱལ་ཐབས་ཟིན་འདོད་ཀྱི་སྟོང་བསམ། ད་དུང་། རྒྱལ་ཁབ་དང་མི་རིགས། སྤྱི་ཚོགས་དང་མི་དམངས་ལ་ཕན་པའི་རླབས་ཆེན་གྱི་མི་སྣ་ཞིག་ཏུ་འགྱུར་བའི་རྨི་ལམ་སོགས་དཔག་པར་དཀའ་བའི་ཕུགས་བསམ་གྱི་རྒྱལ་ཁམས་མཐའ་གྲུ་ཡངས་པོ་ཞིག་ཡོད། འདི་ལྟར། ངས་ཡང་སློབ་གྲོགས་ཚོ་དང་འདྲ་བར་རྟས་མི་ཐེག་པའི་རེ་བའི་རྡོག་ཁྲེས་ལྕི་མོ་ཞིག་རྒྱབ་ལ་འཁུར་ཏེ་རྭ་རྒྱ་ནས་ལམ་ལ་ལངས་ཤིང་རྭ་རྒྱ་ནས་སློབ་མཐར་ཕྱིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1