༄༅། །རི་མོའི་བྲིས་རྒྱུན་ཀརྨ་སྒར་ལུགས།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-21
ཀརྨ་སྒར་བྲིས་ནི། དུས་རབས་16པའི་ནང་ལྷོ་ཁ་ཡར་སྟོད་དུ་སྐུ་འཁྲུངས་པའི་ཡར་སྟོད་སྤྲུལ་སྐུ་ནམ་མཁའ་བཀྲ་ཤིས་ཀྱིས་སྐུ་ན་གཞོན་དུས་ཨེ་ལ་བྱོན་ནས་ལྷ་བྲིས་མཁས་ཅན་ཨེ་པ་སྐལ་ལྡན་ཤར་ཕྱོགས་པ་དཀོན་མཆོག་ཕན་བདེའི་དྲུང་ནས་སྨན་བྲིས་ཀྱི་ལག་རྒྱུན་བསླབས་པས་ཁོང་དུ་ཆུད། སྐབས་དེར་ཀརྨ་སྒར་ཆེན་གྱི་འཕྲིན་ལས་རྒྱས་པའི་དུས་ཡིན་པ་དང་ཀརྨ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེ་བླ་མར་བསྟེན་ནས་གདམས་ཆོས་མང་དུ་གསན་པ་དང་། བླ་མའི་དྲུང་དུ་བཞུགས་རིང་གོང་མ་ཡུང་ལོའི་སྐབས་སུ་བྲིས་པའི་ཀརྨ་སྐུ་ཕྲེང་ལྔ་པ་དེ་བཞིན་གཤེགས་པའི་ཉིན་18ཀྱི་ངོ་མཚར་གནས་ཚུལ་དངོས་བཀོད་པའི་རྒྱ་སྲོལ་གྱི་ཞིབ་བྲིས་རི་མོ་ཉིན་ཐང་ཚོན་བྲིས་མ་ཡུག་དྲིལ་ཆེན་མོ་མཇལ་བའི་གོ་སྐབས་བྱུང་བ་སོགས་ལ་ཉམས་ཞིབ་གནང་སྟེ། རུས་ཚུགས་རྒྱ་གར་ལི་མ་དང་སྨན་ཐང་ལུགས་ཟུང་འབྲེལ་བྱེད་པའི་འབྲི་སྲོལ་རྒྱུན་འཛིན་ཐོག ཉིན་ཐང་ཡུག་དྲིལ་ཆེན་མོའི་རྒྱ་སྲོལ་ཞིབ་བྲིས་རི་མོའི་ནང་གི་ཕོ་བྲང་དང་། བྲག་རི། ཆུ་རྒྱུན། ལྗོན་ཤིང་མེ་ཏོག་སོགས་པའི་ཡུལ་ལྗོངས་ཀྱི་བཀོད་པའི་ལེགས་ཆ་བླངས་ཀྱང་ཚོན་མདངས་ཐད་མི་རིགས་ཀྱི་ཉམས་འགྱུར་མི་ཉམས་པའི་ཐོག་ནས་ཀརྨ་སྒར་བྲིས་ཀྱི་ལུགས་གསར་དུ་གཏོད་པའོ། རྗེས་སུ་ཀརྨ་སྐུ་ཕྲེང་བཅུ་པས་སྒར་ལུགས་སྦྱངས་ནས་མཁས་པར་གྱུར་ཏེ་རྗེ་བཙུན་མི་ལ་རས་པ་སོགས་བྲིས་གནང་ཡོད་དོ། ། ཀརྨ་སྒར་ལུགས་ཞེས་བརྗོད་སྲོལ། དུས་རབས་13པའི་དུས་དཀྱིལ་ཙམ་ནས་དུས་རབས་17པའི་དུས་དཀྱིལ་བར་དུ་གནས་ཤིང་སྐད་གྲགས་ཡོད་ཅིང་། རྒྱལ་བ་ཀརྨ་པ་དང་མཉམ་དུ་སྐྱོད་པའི་དགེ་ཕྲུག་སྟོང་ཕྲག་རྣམས་ལ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སའི་གུར་ཆེན་མོ་ཞིག་ཡོད་པ་དེར་ཀརྨ་སྒར་ཆེན་ཟེར་བ་དང་ཀརྨ་སྒར་ཆེན་གྱི་སྒྲིག་གཞིའི་འོག་ཡར་སྟོད་སྤུལ་སྐུ་ནམ་མཁའ་བཀྲ་ཤིས་ཀྱི་རི་མོའི་བྲིས་ལུགས་འཕེལ་རྒྱས་དང་དགེ་ཕྲུག་མང་པོ་གསོ་སྐྱོང་གནང་བ་མ་ཟད་ཀརྨ་པ་སྐུ་ཕྲེང་བཅུ་པས་བྲིས་རྒྱུན་དེ་སྤེལ་བ་སོགས་ལ་བརྟེན་ནས་ཀརྨ་སྒར་ལུགས་ཞེས་ཐོགས་པ་ཡིན། ། ཀརྨ་སྒར་ལུགས་རི་མོའི་ཁྱད་ཆོས། ཕྱི་ཚུགས་སྨན་ལུགས་དང་ཡུལ་ལྗོངས་འདྲ་བྲིས། བྲག་རི་ཚོན་ཆེན་འདྲ་མིན་གྱིས་བཟོས་པ། སྐུ་ཅུང་ཆུང་ཞིང་ཡུལ་ལྗོངས་ཁང་བཟང་སོགས་ཆེ་ཞིང་ས་སྟོང་ཆེ་བ་སོགས་ཡིན། སྒར་ལུགས་དངོས་ནི་མཚུར་ཕུ་དགོན་གྱི་རྒྱལ་བ་ཀརྨ་པའི་འཁྲུངས་རབས་ཞལ་ཐང་རྣམས་སོ། །
༄༅།། རི་མོའི་བྲིས་རྒྱུན་མཁྱེན་ལུགས་བཤད་པ།
མཁྱེན་བརྩེ་ཆེན་མོའི་ལུགས་བཤད་པ་ནི། རྡོ་པ་བཀྲ་ཤིས་རྒྱལ་པོའི་དགེ་ཕྲུག་མཁྱེན་རྩེ་ཆེན་མོ་ནི་དུས་རབས་15པའི་དུས་སྟོད་དུ་ལྷོ་ཁ་གོང་དཀར་སྒང་སྟོད་དུ་འཁྲུངས། བྱིས་པའི་དུས་ནས་རི་མོ་བྲི་རྒྱུར་ཤིན་ཏུ་དགའ་བས་སྲོག་ཆགས་དང་བརྩི་ཤིང་མེ་ཏོག་ལ་སོགས་པ་མ་བསླབས་ཀྱང་འབྲི་ཤེས་པ་བྱུང་བས་ལྷ་སྐུ་སྦྱང་རྒྱུའི་རེ་བ་ཤུགས་ཆེན་བྱུང་སྟེ་གཙང་ཕྱོགས་སུ་ཕེབས་ནས་རྡོ་པ་བཀྲ་ཤིས་རྒྱལ་པོ་སློབ་དཔོན་དུ་བསྟེན་ཏེ་བྱིའུ་སྒང་པའི་ལུགས་ལ་ལེགས་པར་སྦྱངས་པས་ཁོང་དུ་ཆུད། ཐུགས་རིག་རྣམ་པར་བཀྲ་བས་བྱིའུ་ལུགས་ཀྱི་བྲིས་ཚུགས་དང་ཆ་ཚད་གཞུང་ལུགས་རྨང་གཞིའི་ཐོག་ཚོན་རྒྱག་སྟངས་སོགས་ཀྱི་ཁྱད་པར་བཏོན་པས་མཁྱེན་བརྩེ་ལུགས་ཀྱི་རི་མོའི་བྲིས་རྒྱུན་བྱུང་བ་ཡིན། ལྕགས་ཁྱི་སྤྱི་ལོ་1670ལོར་རྒྱལ་མཆོག་ལྔ་པ་ཆེན་པོས་རྡོ་རྗེ་ཕྲེང་བའི་ཐང་ག་བཞེངས་སྐབས་ལུགས་གཉིས་ཀྱི་མཁས་པའི་རི་མོར་དཔྱད་ཞིབ་གནང་སྟེ་གསུངས་པར་ལྷ་སྐུ་ཞི་བའི་རིགས་རྣམས་བཞེངས་པ་ལ་སྨན་ལུགས་ལེགས་ཚུལ་དང་ཁྲོ་བོའི་རིགས་རྣམས་མཁྱེན་ལུགས་ལེགས་ཚུལ་གསུངས་པ་ལྟར་འབྲིར་འཇུག་པ་ལྟར་བོད་གངས་ཅན་གྱི་བཟོ་རིག་ལ་སྨན་མཁྱེན་གྱི་ལུགས་གཉིས་པོ་ཉི་ཟླ་ཟུང་གཅིག་ལྟ་བུ་བྱུང་བ་ཡིན་ནོ། ། མཁྱེན་བརྩེ་སྐུ་དངོས་ཀྱི་ཕྱག་རིས། ཤིང་སྤྲེལ་1464ལོར་གོང་དཀར་རྡོ་རྗེ་གདན་ནམ་གོང་དཀར་ཆོས་སྡེ་ཕྱག་བཏབ་ནས་འདུ་ཁང་གི་ལྡེབས་རིས་དཔག་བསམ་འཁྲི་ཤིང་དང་གྲུབ་ཆེན་80སོགས་མཁྱེན་བརྩེ་ཆེན་མོ་སྐུ་དངོས་ཀྱིས་བྲིས་གནང་ཡང་རྗེས་སུ་ལྷག་ལུས་སུ་གནས་པ་ནི་འདུ་ཁང་ཡང་སྟེང་གི་ཡི་དམ་ལྷ་ཁང་གི་ལྡེབས་རིས་རྣམས་ཡིན་ནོ། ། མཁྱེན་ལུགས་ཀྱི་རི་མོའི་ཁྱད་ཆོས། ཞི་བ་ལྷ་མོའི་རིགས་རྣམས་འགྱིང་སྟབས་ཤུགས་ཆེ་ལ་མཉེན་ཆ་དོད་པ། ཡི་དམ་དང་སྲུང་མ་སོགས་དྲག་པོའི་རིགས་རྣམས་ཤ་མདངས་འབུར་གཟུགས་མངོན་པ་དང་དྲག་ཤུལ་དང་འཇིགས་སུ་རུང་བའི་ཉམས་སྣང་མཚོན་པ་མ་ཟད་ཞབས་གནོན་དང་མི་མགོ་སོགས་གསོན་ཉམས་ལྡན་པ་ཡོད། ཞི་ཁྲོ་གཉིས་ཀའི་ཤ་མདོག་ཕྱི་ནང་དབྱེ་འབྱེད་བྱས་ཡོད་དོ། ། གསལ་འགྲེལ། ཞི་བའི་སྐུ། མདོ་ཕྱོགས་ནས་གསུངས་པའི་སངས་རྒྱས་བྱང་སེམས་དང་བླ་སྐུ་རྣམས་ཞི་སྐུ་ཁོངས་སུ་དྲངས་ན་འགྲིག དྲག་པོའི་སྐུ། སྔགས་ཕྱོགས་ནས་གསུངས་པའི་ཡི་དམ་ཆོས་སྲུང་ཁྲོ་བོའི་ལ་སོགས་པ་རི་མོའི་བྲིས་རྒྱུན་སྐབས་སུ་དྲག་པོའི་རིགས་སུ་འཇོག་ན་འགྲིག་པར་སྙམ།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1