༄༅། །ཀ་ལ་སོགས་པ་བོད་ཡིག་གི་ཐིག་རྩ་སུམ་ཅུ་རྩ་བདུན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-21


         དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟིགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འབྲེལ་ལས་སྐབས་བཅུ་གཉིས་པ་བཟོ་རིག་པའི་སྐོར་ལས་བྱུང་བ་སྐ་བ་དཔལ་བརྩེགས་ཀྱི་ལུགས། ཁྱུང་པོ་གཡུ་ཁྲིས་ཐིག་རིས་སུ་བཏབ། མཁས་པ་རོང་པོས་ལྷན་ཐབས་ཀྱིས་དག་སྦྱོར་བྱས་པ་ལྟར་གྱི་ཐིག་རིས་ཀ་ལ་སོགས་པ་བོད་ཡིག་གི་ཐིག་རྩ་སུམ་ཅུ་རྩ་བདུན་གང་ཞེ་ན། 1ཀ་ནི་མགོ་རིང་ཡིན་པ་ལས། དེ་ཡི་ཕྱེད་ཚད་མཆེ་བ་གཉིས། རྐང་བ་མགོ་ཡི་ཕྱེད་དང་གཉིས།བར་གཉིས་མཉམ་ཞིང་དབུས་དཀར་རྣོ།། 2ཁ་ནི་ལེབ་འཇོག་ག་མཉམ་ལས།། ལག་པ་ཀ་རྐང་གསུམ་གཉིས་སྙེག། དཔུང་པ་དཀྱིལ་དུ་ཕྱུང་བ་ལས།། ཁོག་པའི་ཟགས་མཆུ་མིག་དང་མཉམ།། 3ག་ནི་དུམ་བུ་བདུན་པ་སྟེ།། ཞེང་ནི་གོང་མ་གཉིས་དང་མཉམ།། དཔུང་པ་དཀྱིལ་ནི་སུམ་ཆར་དབྱུང་།། མགོ་ཟུར་མཉམ་ཞིང་དཀྱིལ་བ་ཀྱལ།། 4ང་མགོ་གོང་ལ་ཚེགས་གང་ཐུང་།། གསུམ་པོ་མཉམ་ཞིང་སྐེད་པ་དྲང་།། མགོ་རྒྱས་དཔུང་ཉུང་ཐོན་པར་བྱ།། ཟག་མཆུའི་སྣེ་ནི་ཟག་ཟུར་གཏད།། 5ཅ་ནི་དུམ་བུ་ལྔ་པ་སྟེ།། ཆ་གསུམ་དྲང་ལ་ཆ་གཉིས་སྒུར།། ཕྱི་རུ་གྱད་ལ་ནང་དུ་ཟད།། ཐིག་བཞི་གྲུ་བཞི་ཟླ་ཚེས་ཚང་།། 6ཆ་ནི་གྲུ་བཞི་ཟླུམ་པོ་སྟེ།། ཐིག་ལྔ་བསྣོལ་བའི་ལིང་ཚེ་བཞི།།མགོ་འོག་དཀར་གཉིས་མིག་དང་མཉམ།། མགོ་ཟུར་དཔུང་ཐིག་མིག་དཀར་མཉམ།། 7ཇ་ནི་རྐེད་རིང་ཆ་དང་མཉམ།། སྐེད་པའི་ཟུར་དང་མགོ་ཟུར་མཉམ།། དཔུང་ཐུང་ཐོན་ཞིང་སྐེད་ལྡེམ་དྲང་།། ནག་གསུམ་མཉམ་ནང་དཀར་གསུམ་མཉམ།། 8ཉ་ནི་མགོ་འབྲིང་སྟོད་ཕུག་ཅན།། ཁ་གང་བླང་ལ་ཆ་གཅིག་དགྱེལ།། དབུས་ལག་དྲང་ཞིང་དཀར་གཉིས་མཉམ།། གཞུང་ཐིག་ཚང་ཞིང་ཕྱི་སྒྲོས་མཉམ།། 9ཏ་སྐེད་ལྡེམ་དྲང་དཔུང་ཐུང་ཡིན།། རིང་ཐུང་ཟག་མཆུའི་དཀར་དང་མཉམ།། ཕྱི་སྒྲོས་གཞུང་ཐིག་ཁོང་འདྲེན་ཟླུམ།། དཔུང་གང་ཕུགས་ཀྱི་གནག་ལམ་དཀྱིལ།། 10ཐ་ཐིག་ལྔ་བཏབ་ཆ་བཞི་པ།། ཟུར་བཞི་མ་ཉམས་གཡས་ཕྱོགས་དྲང་།། ཐིག་ལྔ་གཞོལ་པའི་ལིང་ཚེ་བཞི།། ཐ་སྨད་ཟུར་གསུམ་སྟོད་ཁྲོ་མིག། གཞུང་ཐིག་རྐེད་ལྡེམ་ཉ་མོ་ཁྱུར།། 11ད་དཔུང་དཀྱིལ་ནས་སུམ་ཆ་ཕྱུང་།། རིང་ཐུང་མགོ་དང་མཉམ་པ་སྟེ།། ལག་པ་སུམ་གཉིས་མགོ་ཟུར་མནན།། 12ན་མགོའིདཀྱིལ་ནས་སྐེད་པ་དྲང་།། སྐེད་པའི་ཕྱེད་ཚད་མིག་ཏུ་དྲིལ།། མགོ་ཟུར་མིག་གི་ནང་དགར་ནོན།། ལག་པ་ད་དང་འདྲ་བ་ཡིན།། 13པ་ནི་གོ་ཐུང་དཔུང་པ་ཅན།། དཀྱིལ་འཛིན་མགོ་ཟུར་དཔུང་ཟུར་མཉམ།། སྦོ་ཐག་ཐུང་ཞིང་ཆུ་འབབས་དྲང་།། དཔུང་པའི་ཟུར་དང་དཀར་རྩེ་མཉམ།།14ཕ་ནི་མགོ་ཐུང་དཔུང་ཐུང་ཅན།། སྐེད་པ་དྲང་ཞིང་ནང་ནས་ཟད།། སྦོ་ནི་མགོ་བའི་སུམ་གཉིས་དྲང་།། འཕྲེད་ཆོད་མགོ་ཡི་དཀྱིལ་དུ་བཞག། 15བ་དཔུང་དཀྱིལ་ནས་སུམ་ཆར་དབྱུང་།། ཕྱི་ཟུར་བཏུལ་ལ་སྐེ་དགུ་རྣོ།། ཟུར་གསུམ་ཐོན་ལ་ཧ་གཉིས་གྱད།། ཡར་འཕུལ་ནང་དྲང་ཕྱི་སྒྲོས་རྒྱས།། 16མ་ནི་མགོ་ཐུང་མི་ཟླུམ་ཅན།། སྐེད་པ་ཕྱེད་ཚད་མིག་ཏུ་གྲིལ།། ཟག་མཆུའི་དཀར་སྣང་ཚེག་ཟུར་གཏད།། 20ཝ་ནི་མགོ་འབྲིང་མཁར་ལོག་ཀྱང་།། བད་ཆུང་དག་དང་ལྡན་པ་སྟེ།། སྦོ་ཐུང་ཆུ་འབབས་དྲང་བ་ལ།། ལྡེམ་ན་བག་གཞོལ་དྲང་ལ་རྒྱས།། 21ཞ་ནི་ཕུག་དང་སྣག་མཆུ་མཉམ།།སྟོད་ཕུག་ནང་དཀར་ན་དང་མཉམ།། སྐེད་པའི་དྲང་འཐེན་ཚེག་གང་སྟེ།། སྐེད་པ་ཕྱེད་ཚད་མིག་ཏུ་འདྲིལ།། 22ཟ་ནི་ནག་གསུམ་དཀར་གཉིས་མཉམ།། སྐེད་པ་དྲང་ཞིང་མཐར་རྒྱས་གཅེས།། ནག་སྣ་སྦོམ་ཕྲ་རིམ་གྱིས་ཟླུམ།། འཕྲེད་འདྲེན་འགོ་མ་རྐང་རྣར་སྤྲད།། 23འ་མགོའི་ཟུར་གསེག་ཁ་ཕྱེད་ཡིན།། སྟོད་ཕུག་སྒབ་མེད་ཐིག་ཁར་ཟླུམ།། ཕྱག་གི་ཕྱེད་ཚད་ཕོ་བ་ཡི།། ལེ་གུའི་ཟུར་དང་ཚེག་ཟུར་མཉམ།། 24ཡ་ནི་ཕུག་ཅན་མགོ་ཐུང་ཡིན།། གསུམ་པོ་མཉམ་ཞིང་དབུས་ལག་དང་།། ཕུག་གི་དཀར་མཉམ་དབུས་དཀར་མཉམ།། ལེབ་འཇོག་ལ་དང་མཉམ་པ་ཡིན།། 25ར་ནི་དུམ་བུ་བཞི་པ་སྟེ།། བཞི་བོ་མཉམ་ཞིང་སྐེད་པ་དྲང་།། སུམ་ཆ་ནས་བཟུང་དཀྱིལ་དུ་དབྱུང་།། དྲང་བོར་འཐེན་ལ་སྔ་ཟུར་འཐེན།། 26ལ་ནི་ཕུག་ཅན་མགོ་ཐུང་ཡིན།། ཐིག་ལྔ་བསྣོལ་བའི་གྲུ་བཞི་པ།། ཕོ་བ་དྲང་ཞིང་འཕྲེད་འདྲེན་མཉམ།། གཡས་ཕྱོགས་དྲང་ཞིང་ནང་དུ་རྒྱས།། 27ཤ་ནི་མིག་ཅན་མགོ་ཐུང་ཡིན།། ལེ་ཀུ་ལ་ཡི་འཕྲེད་འདྲེན་ཡིན།། ཡར་འཕུལ་དྲང་ཞིང་མིག་ཤ་ཟླུམ།། རྐང་པ་ཕྱི་ནང་མི་འཁྱོར་དྲང་།། 28ས་ནི་ཐིག་ལྔ་གྲུ་བཞི་པ།། དཀར་གཉིས་མཉམ་ཞིང་གྲུ་བཞི་འཇོག། ལེ་གུའི་མཉེན་ནི་བསྣོལ་མཚམས་ཏེ།། རྒྱབ་ལག་འཆོས་ཤིང་དབུས་དཀར་གཙང་།། 29ཧ་ནི་མགོ་འབྲིང་སྨད་ཕུག་ཅན།།དཔུང་པ་ས་འདྲ་ཨེན་ཙམ་མཐོ།། ལེ་ཀུ་མཉེན་ལ་མགོ་དཀྱིལ་བཞག། སྨད་ཕུག་ཟླུམ་ལ་མགོ་དཀྱིལ་བསྐྱལ།། 30ཨ་ནི་མགོ་ཐུང་ཐུ་བ་ཅན།། ཐུ་བའི་བསེགས་སྦྱོར་ཟླུམ་པར་བྱ།། འཛིན་པོ་དང་ནི་ལྷག་པོ་མཉམ།། ཐུ་བའི་སྒྲོས་ཀྱང་དཀར་རྩེ་མཉམ།། 31ཚེག་ནི་མ་འབྱར་གོང་པའི་རྩར།། ཟུར་གསུམ་བྲ་བོའི་དབྱིབས་སུ་བཞག། 32ཤད་ནི་རྒྱ་ཁབ་བསླངས་པ་འདྲ།། ནག་ཤད་ཚད་ནི་སྣག་ལམ་ཤད།། དཀར་ཤད་ཚད་ནི་ཐིག་པར་སྟེ།། ཆིག་ཤད་རྣམས་ལ་དེ་ཕྱེད་སྤངས།། 33གི་གུ་ཟླུམ་ཐུང་འགྲིལ་ལ་འཁྱུག། ཕྱེད་དང་གཉིས་ཆོད་གཉེན་ལ་དྲང་།། 34ན་རོ་གེ་གེ་པདྨའི་མདོངས།།གཉིས་ཆོད་འཛུམ་ལ་མཐོ་དམན་མེད།། 35འགྲེང་བུ་ནས་ཕུར་བབས་ཀྱིས་གཞོལ།། ཅིག་ཆོད་ཁ་ཕྱེད་མཐོ་བ་ཡིན།། 36ཞབས་ཀྱུ་ཟླུམ་འགྲིལ་ཅུང་བག་ཆགས།། གདན་ཐབས་མདུང་ཚུགས་གདན་ལ་འདྲིལ།། 37ཡ་རྟ་འཁྱུག་སྙོམས་འདོག་མཚམས་གཙང་།། འཕྱང་ཡ་བསྐྱིལ་ཡ་འཕྱང་མ་བསྐྱིལ།། རྐྱང་པའི་ཡ་རྟ་འཕྱང་ཡ་ཡིན།། གདགས་པའི་ཡ་རྟ་བསྐྱིལ་ཡ་ཡིན།། འབྱུང་འགྱུར་འདོགས་འབྲེལ་འཕྱང་མ་བསྐྱིལ།། རྐྱང་པའི་ཞབས་ཀྱུ་མདུང་ཚུགས་ཡིན།། གདགས་པའི་ཞབས་ཀྱུ་གདན་ཐབས་ཡིན།། སུམ་འབྲེལ་ཅན་རྣམས་གདན་ལ་འདྲིལ།། སྐབས་འདིར་ཙ་ཚ་ཛ་གསུམ་གྱི་ཐིག་རྩ་མི་གསལ་བ་ཅ་ཆ་ཇ་གསུམ་དང་ལམ་ཙམ་འདྲ་བར་དགོངས་པ་ཨེ་ཡིན། མདོ་རྒྱུད་མཛོད་ཛ་པོད494 17ལས་བཏུས།།

  


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1