༄༅།། བོད་ཀྱི་ལོ་ཙཱའི་ལོ་རྒྱུས་ཁྲོད་ཀྱི“ལོ་ཙཱ་བ”བཤད་པ།

འཕགས་མོ་སྒྲོན་དཀར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 08-27



འཕགས་མོ་སྒྲོན་དཀར།
[གནད་བཏུས] དཔྱད་རྩོམ་འདིར་ཐོག་མར“ལོ་ཙཱ་བ”ཞེས་པའི་མིང་གི་ཁུངས་དང་གོ་དོན་བཤད་པ་དང་། དེ་ནས་ལོ་ཙཱ་བའི་རིགས་དང་དབྱེ་བ། བོད་ཀྱི་ལོ་ཙཱའི་ལོ་རྒྱུས་ཁྲོད་ལོ་ཙཱ་བ་མཚན་ཉིད་ཚང་བ་ཞིག་ཡིན་དགོས་ཚེ་ཆ་རྐྱེན་ག་འདྲ་ལྡན་དགོས་ཚུལ་དང་། ཆ་རྐྱེན་དེ་དག་ནི་དེང་གི་ལོ་ཙཱ་བ་དག་གིས་ཚད་མར་གཟུང་འོས་ཚུལ་སྐོར་གླེང་ཡོད།
[གནད་ཚིག] ལོ་ཙཱ་བ། རིགས་དང་དབྱེ་བ། ཆ་རྐྱེན།
        དང་པོ། “ལོ་ཙཱ་བ”ཞེས་པ་བཤད་པ།
        1.1. “ལོ་ཙཱ་བ”ཞེས་པའི་མིང་བཤད་པ།
        ཀུན་གྱིས་མཁྱེན་གསལ་ལྟར།“ལོ་ཙཱ་བ”ཞེས་པའི་མིང་དམ་ཆོས་བོད་དུ་བསྒྱུར་པ་ནས་བྱུང་བ་ཞིག་ཡིན་པ་དང་།“ལོ་ཙཱ་བ”ཞེས་པའི་མིང་བཀོད་པ་ད་སྔ་དངོས་སུ་མཐོང་རྒྱུ་ཡོད་པ་ལས་ཆེས་སྔ་བ་ནི་སྒྲ་སྦྱོར་བམ་གཉིས་ཡིན་ཞིང་། སྒྲ་སྦྱོར་བམ་གཉིས་འདིར་པར་གཞི་མི་འདྲ་བ་ཡོད་པ་ལས། སྤྱི་ཏིའི་ཏ་པོ་དགོན་ནས་ལག་སོན་བྱུང་བའི་སྒྲ་སྦྱོར་བམ་པོ་དང་པོའི་མ་ཕྱི་ལས།“ལོ་ཚ་བ”①ཞེས་བྲིས་འདུག་ཅིང་། 《དམ་པའི་ཆོས་ལས་བྱུང་བའི་སྐད་བྱེ་བྲག་ཏུ་བཤད་པ་འབྲིང་པོ་བཞུགས། སྒྲ་སྦྱོར་བམ་པོ་གཉིས་པ》ལས“ལོ་ཙ་བ”② ལྟར་བྲིས་འདུག 《དཀར་ཆག་འཕང་ཐང་མ། སྒྲ་སྦྱོར་བམ་པོ་གཉིས་པ》③ལས།“ལོ་ཙྪ་བ”ལྟར་བྲིས་འདུག བསྟན་འགྱུར་དུ་བཞུགས་པའི་སྒྲ་སྦྱོར་བམ་པོ་གཉིས་པ་དག་ལས་པེ་ཅིན་པར་མ་མ་གཏོགས་གཞན④རྣམས་སུ།“ལོ་ཙཱ་བ”ལྟར་བྲིས་འདུག་ཅིང་། པེ་ཅིན་པར་མ(སྐབས་བཞི་པ་བོད་སྔ་རབས་པས་མཛད་པའི་བསྟན་བཅོས་དཀར་ཆག་རྙིང་པ་རྣམས་ལ་ཡོད་པ་ཅི་རིགས་པའི་སྐོར་ལས་སྒྲ་སྦྱོར་ངོ་པར་བཞུགས)ལས།“ལོ་ཙཱ་བ”དང“ལོ་ཙྪ་བ”ཞེས་ཅི་རིགས་སུ་བྲིས་སྣང་། གང་ལྟར། ལོ་ཞེས་པ་ནི་ལེགས་སྦྱར་སྐད་ཀྱི“loka”ཞེས་པ་བསྡུས་ཤིང་། དོན་ནི་འཇིག་རྟེན་དང་། ཙཱ་ཞེས་པ་ནི་ལེགས་སྦྱར་སྐད་ཀྱི“cakus”ཞེས་པ་བསྡུས་ཤིང་། དོན་ནི་མིག་དང་ཉི་མ་ལའང་འཇུག་པས། དེ་གཉིས་ཕན་ཚུན་སྦྱར་པ་ན། འཇིག་རྟེན་མིག་གམ་འཇིག་རྟེན་གསལ་བར་བྱེད་པའི་དོན་དུ་འཇུག ཡང་དེ་ལས་ཙ་ཡིག་ལ་བོད་ཡིག་གི་འ་ཆུང་བཏགས་པས། དེ་ནི་སྒྲ་སོ་ན་བཞག་པ་གང་དེའི་ཙྪ་ཡིག་ཟོར་ཡང་བའི་ཆེད་དམ། མིང་དེ་རྒྱ་སྐད་ཀྱི་མིང་ཞིག་ཡིན་པ་གསལ་བའི་ཆེད་ལྟ་བུར་འདོད་ཅིང་། དེར་བོད་ཡིག་གི་མིང་མཐའ་སྟེ། བ་ཞིག་སྦྱར་པ་ན། ལོ་ཙཱ་བ(སྒྱུར་བྱེད། /སྒྲ་པ)ཞེས་བདག་སྒྲར་གྱུར་ཏོ། ། གལ་ཏེ་བ་ཡིག་དོར་ན། བྱ་བའི་མིང་ལའང་འཇུག་སྟེ། ལོ་ཙཱ་བྱེད་ལྟ་བུའོ། །
        1.2.“ལོ་ཙཱ་བའི”རིགས་དང་དབྱེ་བ།
        “ཞུ་ཆེན་སྒྱུར་བྱེད་མཆན་བུའི་གནས་འདུག་པའི། ། སྐད་གཉིས་སྨྲ་བ་བློ་གྲོས་གསལ་ལྡན་པ། ། དེ་དག་བདག་ཅག་རྣམས་ཀྱི་མིག་ཏུ་གྱུར། ། ”....⑤ཅེས་ལོ་ཙཱ་བར་ཡང་སྒྲ་སྒྱུར་གྱི་ལོ་ཙཱ་བ་དང་། ལོ་ཆེན་ལོ་ཆུང་། ཞུ་ཆེན་གྱི་ལོ་ཙཱ་བ་སོགས་ཀྱི་དབྱེ་བ་འདུག་སྟེ། དཀར་ཆག་འཕང་ཐང་མར“སྒྲ་སྒྱུར་གྱི་བན་དྷེ་དཔལ་བརྩེགས་དང་། དོན་སྒྱུར་གྱི་ལོ་ཚ་བ་ཆེན་པོ་ཅོག་ཀུ་ཀླུའི་རྒྱལ་མཚན(དུས་རབས9པ)དང་། སྒྲ་སྒྱུར་གྱི་ལོ་ཚ་བ་ཆེན་པོ་སྐ་བ་དཔལ་བརྩེགས། (དུས་རབས9པ)”⑥ཞེས་སྒྲ་སྒྱུར་དང་དོན་སྒྱུར་གྱི་ལོ་ཙཱ་བ་སོ་སོར་བྱས་ནས་གསལ་ཁ་གཏོད་ཡོད་ཅིང་། དེ་ལས་སྒྲ་སྒྱུར་གྱི་ལོ་ཚ་བ་ཆེན་པོ་སྐ་བ་དཔལ་བརྩེགས་ཞེས་པའི་སྒྲ་སྒྱུར་དེ་ནི་ཐད་སྒྱུར་ལ་གོ་བ་འདྲ་ལ། སྒྲ་སྒྱུར་གྱི་བནྡེ་དཔལ་བརྩེགས་ནི་ཐད་སྒྱུར་ལ་མཁས་ཤིང་རྩེར་སོན་པའི་ལོ་ཙཱ་བ་ཞིག་ཡིན་པའི་ཆ་ནས་དེ་ལྟར་དུ་འབོད་པ་མིན་ནམ་སྙམ། འོན་ཏེ་ཕྱིས་སུ་སྒྲ་སྒྱུར་དང་དོན་སྒྱུར་གྱི་ལོ་ཙཱ་བའི་དབྱེ་བ་དེ་དེ་འདྲ་མི་གསལ་བར་ལོ་ཙཱ་བ་སྤྱི་ལ་སྒྲ་སྒྱུར་གྱི་ལོ་ཙཱ་བ[དཔེར་ན།“སྒྲ་སྒྱུར་གྱི་ལོ་ཙྪ་བ་དགེ་སློང་རིན་ཆེན་བཟང་པོ། (958-1055)”⑦“སྒྲ་སྒྱུར་གྱི་ལོ་ཙཱ་བ་ཆེན་པོ་བོད་ཀྱི་ལྷ་བཙན་པོ་བླ་མ་དགེ་སློང་ཞི་བ་འོད། (དུས་རབས11པ)”⑧“ སྒྲ་སྒྱུར་གྱི་མཁས་པ་སྒྲའི་གཙུག་ལག་ལ་མ་རྨོངས་པ་གསང་སྔགས་འཛིན་པ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ(1182-1251)”⑨ཞེས་པ་ལྟ་བུ་དང་། ཆག་ལོས(1197-1263/1264)ས་པཎ་ལ་ཞུ་བ་ལས་ཀྱང་།“དཔལ་ལྡན་མར་མེ་མཛད་དཔལ་ཡེ་ཤེས་སྲས། ། སྒྲ་སྒྱུར་ནག་ཚོ(1011-1064)ལ་སོགས་མཁས་བཙུན་གྱིས། ། ”⑩ཞེས་པ་ལྟ་བུའོ]ཞེས་པའམ། ལྷག་དོན་དེང་སྐབས་སྒྲ་སྒྱུར་ཟེར་དུས་ལོ་ཙཱ་བྱེད་པའམ་སྒྲ་སོར་འཇོག་གི་ལོ་ཙཱའི་ཐབས་ལམ་མམ་སྒྱུར་བྱེད་ཀྱི་ལོ་ཙཱ་བ་ལྟ་བུའི་མིང་དོད་དུ་སྤྱོད་ཀྱིན་པ་ལྟར་རོ། །
        ཡང་ལོ་ཙཱ་བའི་རིམ་པ་ལ། ཇི་སྐད་དུ།“ཁྲི་སྲོང་ལྡེ་བཙན(742-797)དབོན་སྲས་སྐུ་དྲིན་ལ། ། ལོ་ཙཱ་ཆེ་འབྲིང་ཆུང་བ་གསུམ་གསུམ་གྱིས། ། དམ་ཆོས་ཕལ་ཆེར་དེའི་དུས་སུ་སྒྱུར། ། ” ཞེས་དང་། བཻ་རོ་ཙ་ན། (727-?) ལྡན་མ་རྩེ་མང་། (དུས་རབས8པའི་དཀྱིལ་ནས་དུས་རབས9པའི་མགོ) ཁ་ཆེ་ཨཱ་ནནྟ(དུས་རབས8པ)སྟེ་ལོ་ཙཱ་བ་རྒན་གསུམ། གཉགས་ཛྙ་ན་ཀུ་མ་ར། (དུས་རབས8པའི་མགོ་སྟོད་ནས་དུས་རབས8པའི་སྨད) འཁོན་ཀླུའི་དབང་པོ། (དུས་རབས8པ) རྨ་རིན་ཆེན་མཆོག(དུས་རབས8པའི་སྟོད་ནས་དུས་རབས་8པའི་སྨད)སྟེ་བར་པ་གསུམ། སྐ་པ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ(དུས་རབས་8པའི་དཀྱིལ་སྨད་ནས་དུས་རབས9པའི་སྟོད)སྟེ་གཞོན་གསུམ་སྟེ། ལོ་ཙཱ་བ་རབ་དགུ་དང་། ཕྱིས་བརྒྱ་རྩ་བརྒྱད་ཚང་པར་བྱུང་ཞིང་རབ་འབྲིང་ཐ་གསུམ་དུ་ཕྱེ་ནས་རབ་ཀྱིས་ཞུས་ཆེན། འབྲིང་གིས་བར་ཞུས། ཐ་མས་མཆན་བུའི་ལོ་ཙཱ་བ་བྱེད་སྐད།”ཅེས་པ་ལ་སོགས་ཏེ། ལོ་ཚོད་དམ་ཉམས་མྱོང་ལ་སོགས་ཅི་རིགས་ཀྱི་དབང་གིས་ལོ་ཙཱ་བ་ལ་ཆེ་འབྲིང་ཆུང་གསུམ་འབྱེད་པའི་སྲོལ་བྱུང་ཞིང་། བཅོམ་ལྡན་རལ་གྲི(1227-1305)ན་རེ།“ཞུ་ཆེན་གྱི་ལོ་ཚ་བ་ཞེས་བྱ་བ་ནི། དེའི་ཚེ་མཁས་པ་མཐར་ཕྱིན་པ་དེས་ཞུས་དག་བྱས་ན་ཡིད་ཆེས་པའི་གནས་ཡིན་པའམ། ཡང་ན་རྒྱ་དཔེ་ལས་བོད་སྐད་དུ་བཏོན་ནམ། བོད་དཔེ་ལས་རྒྱ་སྐད་དུ་བཏོན་ན་སྡེབ་སྦྱོར་སྒྲ་དང་མཐུན་པར་འོང་བ་སྟེ། འདི་ནི་སྲིད་པའང་ཤིན་ཏུ་དཀའ་འོ། །”ཞེས་ཞུ་ཆེན་གྱི་ལོ་ཙཱ་བ་གང་དེའི་འགན་ཁུར་ཤིན་ཏུ་ལྕི་བས་དེར་ངེས་པར་དུ་སྐྱེས་སྦྱངས་ཀྱི་སྟོབས་ཤིན་ཏུ་ཆེན་པོ་ལྡན་དགོས་པ་བསྟན་ཅིང་། ས་པཎ་གྱིས་ཀྱང“རང་ཉིད་ཀྱི་སྐད་ལ་ངོ་བོ་ཉིད་ཀྱི་སྡེབ་སྦྱོར་གྱི་ཐ་སྙད་མེད་ལ། ལེགས་པར་སྦྱར་བའི་སྐད་ཉིད་ལས་བོད་དུ་བསྒྱུར་ཡང་ཟ་འོག་གི་མདུན་གྱི་རི་མོ་བསྒྱུར་བ་རྒྱབ་ཏུ་མི་འབྱུང་བ་ལྟར། དོན་ཙམ་ཞིག་བསྒྱུར་བར་ནུས་ཀྱི། སྡེབ་སྦྱོར་བསྒྱུར་དུ་མི་རུང་ཞིང་། བདག་ཅག་ལྟ་བུ་ལེགས་པར་ཤེས་པ་དག་གིས་ཀྱང་བོད་ཀྱི་སྐད་ལ་ཇི་ལྟར་འབད་དུ་ཟིན་ཀྱང་། ལྭ་བའི་ཐགས་ལ་གོས་ཆེན་གྱི་རི་མོ་མི་ཤེས་པ་ལྟར། ལེགས་པར་སྦྱར་བའི་སྡེབ་སྦྱོར་བོད་ཀྱི་སྐད་ལ་མི་འབྱོར་བས། སྡེབ་སྦྱོར་མཚན་ཉིད་པ་བོད་སྐད་ལ་དཔེར་བརྗོད་མ་བྱས་སོ། །”ཞེས་གསུངས་པ་ལྟ་བུ་ལ་སོགས་ཏེ། བོད་སྐད་ནི་ལེགས་པར་སྦྱར་བའི་སྡེབ་སྦྱོར་ལ་བསྟུན་ཤིན་ཏུ་དཀའ་ན་ཡང་། དེ་ཉིད་སྐབས་དེ་དུས་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ་གང་དེའི་ཚད་གཞིའམ་ཆ་རྐྱེན་དུ་བགྲངས་ཤིང་། སྒྲ་སྦྱོར་བམ་གཉིས་ལས།“བསྒྱུར་བ་དང་འཆད་པའི་གྲ་སོ་སོ་ན་སྐད་གསར་དུ་མིང་གདགས་དགོས་པ་ཞིག་ཡོད་ན་ཡང་། ……དྷརྨ་ཞུ་ཆེན་འཚལ་བའི་གྲར་འཕུལ་ལ། སྙན་དུ་ཞུས་ཏེ་བཀས་བཅད་ནས་སྐད་ཀྱི་དཀར་ཆག་གི་དཀྱུས་སུ་བསྣན་ནོ། །”ཞེས་ཞུ་ཆེན་གྱི་ལོ་ཙཱ་བ་ནི་གཅིག་ནས་མཁས་པ་མཐར་ཕྱིན་པའམ་མཁས་པའི་རྩེར་སོན་པ་ཡིན་ཚེ་ཀུན་གྱིས་ཡིད་ཆེས་པའི་གནས་དང་། གཉིས་ནས་བསྒྱུར་བྱའི་མ་ཡིག་དང་སྒྱུར་བྱེད་ཀྱི་བུ་ཡིག་གཉིས་ལ་ཡང་མཁས་པ། བུ་ཡིག་གི་ཐོག་ནས་རྒྱ་སྐད་དུ་ཕར་བཀླགས་ཀྱང་ཚིག་དོན་གཉིས་ཀ་མ་ཡིག་དང་མི་འགལ་བ་དང་། གསུམ་ནས་བསྒྱུར་ཡིག་གང་ཞིག་ཞུ་ཆེན་གྱི་ལོ་ཙཱ་བས་ཞུ་དག་བྱས་ཚེ། གཞི་ནས་འགྲེམ་སྤེལ་ཆོག་པ་བཅས་ཞུ་ཆེན་ལོ་ཙཱ་བ་ལ་ལོ་ཙཱའི་ཡག་ཉེས་ཐད་ཐག་གཅོད་རང་བཞིན་ལྡན་པ་ཞིག་ཏུ་འདོད། དེའང་བོད་བཙན་པོའི་དུས་སུ་ཞུ་ཆེན་གྱི་ལོ་ཙཱ་བའི་མཚན་གནས་ཐོབ་མཁན་ནི།བཻ་རོ་ཙ་ན་རཀྵི་ཏ། བནྡེ་རིན་ཆེན་མཆོག བནྡེ་ཀླུའི་རྒྱལ་མཚན། དགེ་སློང་དྷརྨ་ལོ་ཀ(དུས་རབས8པའི་སྟོད) དྲན་པ་ནམ་མཁའ།(དུས་རབས8པའི་དཀྱིལ) འགོས་ཆོས་གྲུབ།(དུས་རབས9པའི་སྟོད) མཛྙུ་ཤྲཱི་ཝརྨ།(འཁྲུངས་འདས་ལོ་ཚིགས་མ་རྙེད) གནུབས་ནམ་མཁའི་སྙིང་པོ།(དུས་རབས8པ) རྣམ་པར་མི་རྟོག་པ།(དུས་རབས8པའི་སྟོད)བནྡེ་དཔལ་བརྩེགས། བནྡེ་ཡེ་ཤེས་སྡེ། བནྡེ་དྷརྨ་ཏཱ་ཤཱི་ལ། (དུས་རབས8པའི་དུས་མཇུག་ནས་དུས་རབས9པའི་དུས་མགོ) རཏྣ་རཀྵི་ཏ།(དུས་རབས8པའི་དཀྱིལ) བན་དེ་དཔལ་གྱི་ལྷུན་པོའི་སྡེ།(དུས་རབས9པ) ཆེ་བཙན་སྐྱེས།(འཁྲུངས་འདས་ལོ་ཚིགས་མ་རྙེད) རྩངས་དེ་ཝེནྡྲ་རཀྵི་ཏ།(དུས་རབས8པ) ཡེ་ཤེས་སྙིང་པོ།(དུས་རབས9པ)བཅས་དང་། བསྟན་པ་ཕྱི་དར་གྱི་དུས་སུ་ཞུ་ཆེན་མིང་ཅན་གྱི་ལོ་ཙཱ་བ་ལ། རིན་ཆེན་བཟང་པོ། ལོ་ཙཱ་བ་འདི་ཉིད་ལས་ཞུ་ཆེན་ཕེར་བའི་ལོ་ཙཱ་བ་བཅུ་ཕྲག་ལྷག་ཐོན་པར་གྲགས། རྒྱ་བརྩོན་འགྲུས་སེང་གེ(?-1040) ཚུལ་ཁྲིམས་རྒྱལ་བ།(1011-1064) ག་རོད་ཚུལ་ཁྲིམས་འབྱུང་གནས།(དུས་རབས11པའི་དཀྱིལ)ཤཱཀྱ་བློ་གྲོས། (1044-1089)དགེ་སློང་བསོད་ནམས་བཟང་པོ།(དུས་རབས11པའི་དཀྱིལ) དགེ་སློང་དགའ་རྡོར།(དུས་རབས11པ) ཁུ་སྟོན་དངོས་གྲུབ།(དུས་རབས11པའི་སྨད) པ་ཚབ་ཉི་མ་གྲགས།(1055-?) སེ་རྩ་བསོད་ནམས་རྒྱལ་མཚན།(དུས་རབས11པ) རིན་ཆེན་རྒྱལ་མཚན།(འཁྲུངས་འདས་མ་ངེས) འགོས་ཁུག་པ་ལྷས་བཙས།(དུས་རབས11པའི་སྟོད) འཕགས་པ་ཤེས་རབ།(དུས་རབས11པའི་མགོ) དགེ་སློང་རིག་པ་གཞོན་ནུ།(དུས་རབས11པའི་སྨད) དགེ་བའི་བློ་གྲོས།(?-1089) ལྷ་རིན་པོ་ཆེ།(དུས་རབས11པའི་སྨད)འབྲོ་དགེ་བསྙེན་ཆེན་པོ་ཤེས་རབ་བརྩོན་འགྲུས།(དུས་རབས11པ) མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན།(དུས་རབས11པའི་དཀྱིལ) བླ་མ་ཨང་ལོ་བཙུན་ཆུང་།(དུས་རབས11པའི་སྨད) གུ་རུ་ཆོས་ཀྱི་ཤེས་རབ།(འཁྲུངས་འདས་ལོ་ཚིགས་མ་ངེས) དགེ་སློང་ཆོས་ཀྱི་བཟང་པོ། (དུས་རབས12པ) དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོ།(དུས་རབས13པའི་དཀྱིལ) དགེ་སློང་དབང་ཕྱུག་རྒྱལ་མཚན།(འཁྲུངས་འདས་ལོ་ཚིགས་མ་ངེས)ཚུལ་ཁྲིམས་བརྩེགས།(དུས་རབས11པའི་མཇུག) ཆོས་ཀྱི་ཤེས་རབ།(དུས་རབས11པའི་མགོ) དགེ་སློང་བློ་གྲོས་སྙིང་པོ།(འཁྲུངས་འདས་ལོ་ཚིགས་མ་ངེས) དགེ་སློང་དར་མ་གྲགས།(1076-?) ཁུ་མདོ་སྡེ་འབར།(དུས་རབས11པའི་སྨད) དགེ་སློང་བློ་ལྡན་ཤེས་རབ།(1059-1109) དཔལ་ལྡན་བློ་གྲོས་བརྟན་པ།(1276-1342)དགེ་སློང་བྱང་ཆུབ་རྩེ་མོ(1303-1380) བཅས་ཡོད་དོ། །
        བར་ཞུས་ཀྱི་ལོ་ཙཱ་བ་ལ་འཕགས་པ་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་མཇུག་བྱང་དུ།“རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ(དུས་རབས8པ)དང་། དྷརྨ་པཱ་ལ(དུས་རབས8པ)དང་། ཛི་ན་མི་ཏྲ(དུས་རབས8པ)དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དྷརྨ་ཏཱ་ཤཱི་ལ་སོགས་ཀྱིས་བསྒྱུར་ཅིང་། བར་ཞུས་ཀྱི་ལོ་ཙཱ་བ་བནྡེ་དེ་བེན་དྲ་རཀྵི་ཏ་དང་། ཀུ་མ་ར་རཀྵི་ཏ(དུས་རབས8པ)ལ་སོགས་པས་ཞུས་ཤིང་གཏན་ལ་ཕབ་པ།”ཞེས་བར་ཞུས་ཀྱི་ལོ་ཙཱ་བས་ཞུ་ཆེན་གྱིས་བསྒྱུར་པ་ལ་ཞུ་དག་མཛད་ནས་གཏན་ལ་ཕབ་པའང་འདུག་གོ །
        མཆན་བུའི་ལོ་ཙཱ་བ་ནི་བུ་སྟོན་ཆོས་འབྱུང་ལས། “ལོ་ཙཱ་བ་ཐོན་མི་སམ་བྷོ་ཊ(དུས་རབས7པ)དང་། དེའི་མཆན་བུ་དྷརྨ་ཀོ་ཥ(དུས་རབས7པ)དང་། ལྷ་ལུང་རྡོ་རྗེ་དཔལ(དུས་རབས7པ)རྣམས་ཀྱིས་ཆོས་ཅི་རིགས་སུ་བསྒྱུར་ཅིང་གཏན་ལ་ཕབ་བོ། ། ”ཞེས་དང་། ཡང་ཉང་ཆོས་འབྱུང་ལས།“ལོ་ཙཱ་བའི་མཆན་བུ་འདན་མ་རྩེ་མང་དང་། ལེགས་སྦྱིན་ཉི་མ་དང་། (དུས་རབས8པ) ……དེ་བ་ཙན་དྲ་དྷརྨ་ཙརྱ(དུས་རབས8པ)དང་། དེ་ལ་སོགས་པའི་ལོ་པཎ་མང་པོ་དང” ཞེས་པ་ལྟ་བུ་སྟེ། མཆན་བུའི་ལོ་ཙཱ་བ་ནི་ལོ་ཙཱ་བ་ཆེན་པོའམ་གཙོ་བོ་གང་དེའི་སློབ་མའམ་ལས་རོགས་དང་ཕྱག་སྦྲེལ་ལ་འཇུག་པར་སེམས་སོ། །
        ཡང་ལོ་ཆེན་དང་ལོ་ཆུང་གི་མིང་འདོགས་ཀྱི་ཐད་ནས། བསྟན་པ་ཕྱི་དར་གྱི་དུས་མགོར་ལོ་ཆེན་རིན་ཆེན་བཟང་པོ་དང་རྔོག་ལོ་ཆེན་པོ(1059-1109)དང་། ལོ་ཆུང་གྲགས་འབྱོར་ཤེས་རབ(དུས་རབས11པའི་མགོ)དང་། ལོ་ཆུང་ལེགས་པའི་ཤེས་རབ(དུས་རབས10པ)ལྟ་བུར་འབོད་སྲོལ་བྱུང་འདུག་པ་འདི་ནི། གོང་སྨྲས་བསྟན་པ་སྔ་དར་སྐབས་སུ་ལོ་ཙཱ་བ་རྒན་གཞོན་བར་པ་གསུམ་གསུམ་བྱུང་བར་གྲགས་པའི་གཏམ་དེ་དང་ཆ་འདྲ་བར། སྐབས་འདིའི་ལོ་ཙཱ་བ་སོ་སོའི་ལོ་ཚོད་ཀྱི་ཆ་ནས་སམ་ལོ་ཙཱའི་ཉམས་མྱོང་གི་ཆ་ནས་བཏགས་པ་ཞིག་མིན་ནམ་སྙམ་མོ། །
གཉིས་པ། བོད་ཀྱི་ལོ་ཙཱའི་ལོ་རྒྱུས་ཁྲོད་ཀྱི“ལོ་ཙཱ་བའི”མཚན་ཉིད་དང་ཆ་རྐྱེན་བཤད་པ།

2.1.མཚན་ཉིད་ཚང་བའི་ལོ་ཙཱ་བར་འགྱུར་བའི་རྨང་གཞིའི་ཆ་རྐྱེན།
        པདྨ་བཀའ་ཐང་ལས།“བློ་རྣོ་སྙིང་རུས་ཆེ་བའི་མཆོག་གྱུར་པ། ། ལོ་ཙཱ་བརྒྱ་དང་རྩ་བརྒྱད་འཚོལ་དགོས་སྙམ། ། མངའ་འོག་བོད་ཡུལ་རུ་བཞི་ཐམས་ཅད་ཀྱི། ། ལོ་བརྒྱད་ཡན་ཆད་བཅོ་བརྒྱད་མན་ཆད་ཀྱི། ། ལུས་ལ་སྐྱོན་མེད་སེམས་ལ་ཐག་མ་ཞུགས། ། བློ་གསལ་གཡེར་ཞིང་དྲན་པ་གཞུང་མང་བསྡུས། ། ”ཞེས་ལོ་ཙཱ་སློབ་པར་ན་ཚོད་ཀྱི་ཆ་ནས་ལོ་བརྒྱད་ཡན་ཆད་ཀྱི་ན་གཞོན་དང་།
ལུས་སེམས་གཉིས་ཀ་བདེ་ཐང་། རིག་པ་གསལ་ལ་རྣོ་བ། དྲན་ཤེས་བརྟན་པ། སྙིང་རུས་ཆེ་བར་དགོས་ཤིང་། “ཤེས་རབ་སུ་ཆེ་བ་དང་ཁ་ལྕེ་བདེ་བ་རྒྱ་གར་ཡུལ་དུ་ཆོས་དང་། སྒྲ་སྒྱུར་སློབ་ཏུ་བཏང་ངོ་། ། ”ཞེས་པ་ལ་སོགས་ནི་ཆོས་སློབ་པ་དང་སྒྲ་སྒྱུར་གྱི་དུས་དང་རྣམ་པ་ཀུན་ཏུ་གལ་ཆེ་ལ། ལོ་ཙཱ་བྱེད་པའི་གནས་སྐབས་སུ་པཎྜི་ཏ་གང་དེས་ཆོས་གསུང་ཞིང་ལོ་ཙཱ་བས་ངག་ཐོག་ནས་སྒྱུར་བ་ཡིན་པས། སྒྲ་སྒྱུར་མཁན་གང་དེའི་སྨྲ་བརྗོད་ཀྱང་གསལ་དག་སྙན་གསུམ་ལྡན་པ་ཞིག་ངེས་པར་ཉེ་བར་མཁོ་བ་གསལ་ལོ། །
        ལྷ་བླ་མ་ཁུ་དབོན་གྱིས(སྤྱི་ལོའི་དུས་རབས11པ)“སྟོད་མངའ་རིས་བསྐོར་གསུམ་ན་བློ་རྣོ་བ་ཤེས་རིག་དང་ལྡན་པའི་བྱིས་པ་རྣམས་བསགས་ནས། དེའི་ནང་ནས་ཁྱེའུ་ཉི་ཤུ་རྩ་གཅིག་མི་ལོ་བཅུ་པ་ལས་མི་རྒན་མི་གཞོན་པ་དབྱུག་གུ་དང[ཆུ]ཚོད་ཀྱིས་བློ་གྲོས་བརྟགས་ཏེ། དང་པོ་གཞུང་འཛིན་པ་དང་། དེ་ནས་དོན་སྤྱོད་པ་དང་། མཐར་མཉམ་པར་འཇོག་པ་ལ་བརྟགས་ཏེ། རབ་འབྲིང་ཐ་གསུམ་དུ་ཕྱེ། རབ་བདུན། གཡོག་བདུན། བློ་གྲོས་མགོ་འདོན་པ་བདུན་རེ་སྟེ། ཉེར་གཅིག་ཕ་མ་ལ་ནོར་གྱིས་བླུས། ”ཞེས་ཆོས་སློབ་པར་ཐོག་མར་བློ་རྣོ་ཞིང་ཤེས་རིག་ལྡན་པ་རྣམས་བསྡུས་པ་དང་། དེ་ནས་དེ་རྣམས་ལས་ན་ཚོད་རན་པ་བདམས་པ། ཡང་བརྟག་ཐབས་སྣ་ཚོགས་ཀྱིས་དེ་དག་གི་བློ་གྲོས་བརྟགས་ཏེ། འོས་འདེམ་ཡང་འདེམ་གྱིས་མི་ཉེར་གཅིག་གི་ཕ་མ་ལ་ནོར་གྱིས་བླུས་ནས་ཆོས་སློབ་ཏུ་བཏང་བར་བཤད་ཅིང་། ཡང“ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་རིང་ལ་མངའ་འོག་ནས། རིགས་བཙུན་གཟུགས་བཟང་སྐྱེ་མཆེད་དངས། བློ་གསལ་ལ་བརྩོན་འགྲུས་སྙིང་སྟོབས་ཆེ་བ་བདུན། དེ་རྣམས་དང་ཆ་མཚུངས་པ་བདུན། གཡོག་པོ་བདུན་སྟེ་ཉེར༡ལ་ཁ་ཆེའི་སྐད་དང་ཡི་གེ་བིག་པན་མདོའི་སྟེང་ནས་ཆོས་ཉན་བཏུབ་ཙཾ་དང་། བོད་ཆོས་ཅི་རིགས་པ་བསླབས་ཏེ། དེ་དུས་ཁ་ཆེའི་ཡུལ་ན་བསྟན་པ་ཤིན་ཏུ་དར་བས། གསེར་དངུལ་ལ་སོགས་པའི་ལོངས་སྤྱོད་ཆེན་པོ་རྫངས་ཏེ། ”ཞེས་པ་ལ་སོགས་ལས་རིགས་བཙུན་ཞེས་པ་རིགས་རུས་བཟང་པོར་གོ་དགོས་སྙམ་སྟེ། གང་ཡིན་ཞེ་ན། བསྟན་པ་སྔ་དར་དུས་སུ་ཞང་བློན་གྱི་རིགས་རུས་སུ་གྱུར་པ་དག་རྒྱ་གར་དུ་ལོ་ཙཱ་སློབ་ཏུ་བརྫངས་པའི་གཏམ《དབའ་བཞེད》 ལ་སོགས་སུ་འབྱུང་བས་དང་། གཟུགས་བཟང་བ་དེ་ནི་ལུས་ཁམས་བདེ་ཐང་ལ་གོ་བ་མིན་ནམ་སྙམ། དེ་ནས་ཤེས་རབ་དང་བརྩོན་འགྲུས། དཀའ་ངལ་དང་ལུས་སྲོག་གི་འཇིགས་པར་མི་ཞུམ་པའི་སྙིང་སྟོབས་ལ་སོགས་ཀྱི་དམ་ཚིག་དོན་གཉེར་ཅན་ལེགས་པར་བདམས་ནས། ཁ་ཆེར་ཆོས་སློབ་ཏུ་བརྫངས་པ་ལྷ་བླ་མའི་རྣམ་ཐར་ལསཀྱང་ཇི་བཞིན་འབྱུང་བ་འདི་དག་ནི་སྒྲ་སྒྱུར་ལོ་ཙཱ་བར་འགྱུར་བའི་རྨང་གཞིའི་ཆ་རྐྱེན་ཏུ་ངེས་སོ། །

2.2.མཚན་ཉིད་ཚང་བའི་ལོ་ཙཱ་བར་གྱུར་ཟིན་པ་དག་གི་ཆ་རྐྱེན་གྱི་སྐོར།
        《སྒྲ་སྦྱོར་བམ་གཉིས》ལས།“དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་བོད་སྐད་ལ་ཡང་གར་བདེ་བར་གྱིས་ཤིག”ཅེས་བསྒྱུར་གྱི་ཚད་གཞིའམ་རྩ་དོན་དུ་འཛིན་པ་འདི་ནི་ལོ་ཙཱ་བའི་ཆ་རྐྱེན་ཡང་ཡིན་ཏེ། ཆ་རྐྱེན་འདི་ལོངས་པར་ལོ་ཙཱ་བར་སྐད་རིགས་ཀྱི་བྱང་ཚད་དང་ཤེས་བྱའི་ཟབ་ཚད་ངེས་ཅན་དགོས་པ་ཤུགས་ལ་གོ་ནུས་ཏེ། དེ་མིན་བྱེ་བྲག་གི་སྒྱུར་ཐབས་སྣ་ཚོགས་ལའང་བྱང་དགོས་སོ། ། ཡང་ཉང་ཆོས་འབྱུང་ལས། སློབ་དཔོན་པད་མས(དུས་རབས8པ)བོད་ཀྱི་མཆོད་གནསརྣམས་ལ་ཞལ་ཏ་གསུངས་པར་འདི་སྐད་དུ།“གསལ་དག་སྙན་གསུམ་བསྒྲགས་པས་ལྷ་མི་གུས། ། སྒྲ་སྐད་མ་འཛིངས་གཙང་མ་འདོན། ། བར་དུ་འདྲེན་ཁུགས་ལྡེངས་དང་སྦྱར། ། ཐ་མ་ཚིག་འབྲུའི་ཆད་ལྷག་སྤོངས། ། ... ...དེ་ལྟར་མ་ཡིན་མཆོད་གནས་ཀྱིས། ། ཚར་གྱིས་གྲངས་བརྐུས་ཡོན་ལ་བརྩེགས་འཐམས་བྱས། ། གསལ་དག་སྙན་གསུམ་མ་བཏོན་ལོང་གཏམ་དག་དང་བསྲེས། ། མཁས་པ་རྣམས་ཀྱང་སྐྱོན་པར་བཤད་ནས་བཏོན། ། སྒྲ་དོན་མ་ངེས་གཡེང་བས་སེམས་གཞན་འཕྲོས། ། མི་མཁས་པ་ཡིས་ཤོག་བུ་བམ་བསྒྱུར་བྱས། ། ཡོན་བདག་རྣམས་ཀྱིས་རྒྱགས་དང་བཀུར་བསྟི་མེད། ། ཡོན་གྱིས་མཆོད་གནས་མ་མཉེས་ཟ་མས་ཁོང་ཁྲོ་བསགས། ། ལེགས་པར་མ་བསྒྲགས་མཆོད་གནས་སྡིག་ལ་སྦྱར། ། ཡོན་བདག་མ་མཉེས་མཆོད་གནས་སྡིག་ལ་སྦྱར། ། ”ཞེས་མཆོད་གནས(ལོ་ཙཱ་བ)གང་དེས་ཆོས་ཀློག་འདོན་གྱི་སྐབས་སུ་སྒྲ་གསལ་ཞིང་དག་པ་དང་། སྙན་པར་འོངས་པར་གཞོལ་དགོས་སུ་གདམས་ཤིང་། སྒྲ་དག་པ་དེ་ལྷག་ཏུ་གཙོ་སྟེ། དཔེར་ན། ཇོ་བོ་རྗེས(982-1054)ལོ་ཆེན་རིན་བཟང་ལ་ཁོང་གི་ལོ་ཙཱ་བ་བྱ་དགོས་གསུངས་པ་ལ།“བླ་མ་ལོ་ཙྪ་བས་ཞུས་པ། བདག་ན་སོ་རྒས་པས་ལོ་ཙྪ་རྔོ་མི་ཐོགས། སྒྲ་མི་དག་པས་ཆོས་སེལ་དུ་འགྲོ་གསུངས་ནས་མ་བཞེད་དོ། ། ཇོ་བོ་ཆེན་པོའི་ཞལ་ནས། ཁོ་བོ་སྙིང་ཡོད་ཅིང་ལྕེ་མེད་གསུངས་ནས་ཐུགས་མུག་པ་ལྟར་མཛད་དེ། དེ་ནས་ལོ་ཙྪ་བ་ཚུལ་ཁྲིམས་རྒྱལ་བས་བྱས་སོ། ། ” ཞེས་པ་ལས་ཀྱང་ཤེས་ཐུབ། འདྲེན་ཁུགས་ལྡེངས་དང་སྦྱར་ཞེས་པ་ནི། གསལ་དག་སྙན་གསུམ་གྱི་སྙན་དུ་འགྲོའམ་རྒྱ་སྐད་ཀྱི་སྡེབ་སྦྱོར་གང་ལ་གོ་མིན་ཆ་མ་འཚལ། མ་ཟད་ཚིག་འབྲུའི་ཆད་ལྷག་ཀྱང་སྤང་དགོས་པ་བཅས་མཆོད་གནས་ལོ་ཙཱ་བ་གང་དེར་གདམས་པ་དང་། ས་པཎ་གྱིས།“སྒྲ་ཡི་རྣམ་གཞག་རྩྭ་ལྟར་དོར་ནས་ནི། ། མཁས་པ་སྔ་མས་བསྒྱུར་བ་ཟུར་བཅོས་ཏེ། ། འཕྲལ་སྐད་ཙམ་གྱིས་གཞན་གྱི་བློ་བསྒྱུར་བ། ། འདི་དག་སྐད་གཉིས་སྨྲ་བའི་གཟུགས་བརྙན་ཡིན། །” ཞེས“སྒྲ་མི་ཤེས་པར་བསྒྱུར་བ་ལ། ། ཚིག་དོན་ནོར་པ་ཅི་རིགས་མཐོང” བས་ལོ་ཙཱ་བ་གང་གིས་སྒྲའི་རྣམ་གཞག་ལེགས་པར་ཤེས་རྒྱུ་གལ་ཆེ་བར་བསྟན་པ་དང། ཡང་ཁོང་གི“སྡོམ་བརྩོན་དམ་པའི” རི་མོ་ལས་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་། ཅོག་རོ་ཀླུའི་རྒྱལ་མཚན་གཉིས་ནེ་ཙོ་མགྲིན་པ་གཉིས་ཅན་གྱིས་མཚོན་པ་ནི“ཐུགས་དགོངས་གཅིག་ལ་ཆོས་སོ་སོར་སྟོན་པས་ལུས་གཅིག་ལ་མགྲིན་པ་གཉིས་ཅན། ནེ་ཙོས་བྱ་སྐད་དང་མི་སྐད་གཉིས་སྨྲ་བ་ཇི་བཞིན་ལོ་ཙཱ་བས་ཀྱང་། རྒྱ་བོད་ཀྱི་སྐད་གཉིས་སྨྲ་བས་ནེ་ཙོའི་གཟུགས་སུ་བཀོད་པ”རུ་གྲགས་ཏེ། སྤྱིར་ནེ་ཙོས་མི་སྐད་སྨྲ་བ་ནི་ཚིག་ངོས་ཀྱི་ལད་ཟློས་ཁོ་ནར་ཟད་པས་ནེ་ཙོས་མ་ཎི་འདོན་འདོན་ཞེས་དོན་མི་བརྟག་པར་གཞུང་ཚིག་ཁོ་ན་བློར་འཛིན་པའི་དཔེར་འཇོག་པ་ཡིན་ལ། ས་པཎ་གྱིས་ལོ་ཙཱ་བ་ཆེན་པོ་གཉིས་ནེ་ཙོའི་གཟུགས་སུ་བཀོད་པ་ནི་ཀུན་ལ་གྲགས་པ་ནང་བཞིན་སྐད་གཉིས་སྨྲ་བའི་ཆ་ནས་དང། ཞུ་ཆེན་གྱི་ལོ་ཙཱ་བས་ནི་ཐུབ་པའི་དགོངས་དོན་དང་མི་འགལ་བར་སྒྱུར་བའི་ཆ་ནས་གསུངས་པར་འདོད་དོ། ། དེ་མིན་བུ་སྟོན་གྱིས་བསྟན་བཅོས་ཆེན་པོ་བཞེངས་པའི་ཆོས་གཉེར་བ་དགེ་བའི་བཤེས་གཉེན་རྣམས་དང་། ཡོན་ཏན་མཁན་རྣམས་ཀྱི་སྙན་དུ་གསོལ་པ་ཞེས་པར།“བསྡུས་ཡིག་མ་བྱེད་ཅིག ཕྱི་མོ་ན་འདུག་པ་ཀུན་ཀྱང་ཁྲོལ་མཛོད། ཆད་འཇུག་དགོས་པའི་སྐབས་སུ། ཞུས་དག་བྱེད་ཙ་ན། དེའི་གོང་ནས་དུམ་བུ་རེ་སྐྱོར་ལས་མཛོད། ... …ཚིག་དོན་གཉིས་རྟོགས་པར་ཕར་ལྟོས་ཚུར་ལྟོས་ལགས་པས། ཐེ་ཚོམ་བྱུང་ན་ལྟ་རྟོག་ཞིབ་པོ་མཛད་པས། ཚིག་ལས་དོན་རྟོགས་ཤིང་། དོན་ལས་བརྡའ་རྟོགས་པ་ལགས་སོ། ། སྔགས་བརྡའ་དང་། བོད་བརྡའ་གཉིས་སོ་སོར་ཕྱེ་སྟེ་མཛོད། སྔགས་ལའང་སྒྲུབ་ཐབས་སོ་སོའི་བཞེད་ཚུལ་གྱིས་རིང་ཐུང་དང་དྲག་ཞན་སོགས་མ་འཁྲུལ་བར་མཛད་ནས། ལྷམ་དཔེ་ཞྭ་ལ་བཀབ་པའི་སྐྱོན་མེད་པར་མཛོད། དག་བྱེད་ཀྱི་ཡིག་ཆ་མི་འདྲ་བ་དུ་མ་བདོག་པས། ངེད་ཀྱིས་བྱས་པའི་ངེས་པ་ཅན་རྣམས་དེ་བཞིན་དུ་མཛོད་ཅིང་། གཞན་རྣམས་བཀའ་བཅད་དང་། རྒྱ་བཟང་རྣམས་ཀྱི་རྗེས་སུ་མཛོད། ཡིག་ཆ་བྱུང་ཚད་ལ་ངེས་པ་བཅས་ཀྱང་། དག་ཡིག་རང་ལའང་མ་དག་པ་སྲིད་པས། ཡིད་མི་བརྟན་ལགས་སོ། ། ཡིག་རྡོག་རེ་རེའི་ཕྱིར་ཡང་རྟོག་དཔྱོད་ཞིབ་པོ་མཛོད། ... ...”ཅེས་གདམས་པ་འདི་ནི་སྐབས་དེའི་ལོ་ཙཱ་བ་རྣམས་ཀྱིས་ཀྱང་ཚད་མར་བཟུང་བར་ངེས་སོ། །
     ཡང་ལོ་ཙཱ་བར་ཀུན་སློང་རྣམ་དག་དགོས་ཚུལ་གྱི་ཆ་ནས་བཤད་ན། ལྕང་སྐྱ་རོལ་པའི་རྡོ་རྗེས(1717-1786)བསྟན་འགྱུར་སོག་ཡིག་ཏུ་བསྒྱུར་སྐབས་ལོ་ཙཱ་བས“མ་སྦྱངས་རང་འདོད་ཕྱོགས་ཞེན་གཟུ་ལུམས་ཀྱིས། ། གང་དྲན་མ་དག་ཐ་སྙད་མང་སྦྱར་བས། ། ”《དག་ཡིག་མཁས་པའི་འབྱུང་གནས》མཛད་པ་དེར། “སྤྱིར་རྒྱལ་བའི་གསུང་རབ་རིན་པོ་ཆེ་ནི་ཐོག་མཐའ་བར་གསུམ་དུ་དགེ་བ། གྲོལ་བ་དོན་དུ་གཉེར་བ་རྣམས་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གསལ་བར་བྱེད་པའི་མིག་ཏུ་གྱུར་པ་ཤ་སྟག་ཡིན་པས། སྒྱུར་བྱེད་ལོ་ཙྪ་རྣམས་ཀྱིས་ཀྱང་ཚུལ་འདི་ཉིད་འཇིག་རྟེན་དུ་ཡུན་རིང་དུ་གནས་ན་ཅི་མ་རུང་སྙམ་པའི་བསམ་པས་ཐུབ་བསྟན་གཅེས་པར་འཛིན་པ་འབའ་ཞིག་ཡིད་ལ་བརྣགས་ཏེ། ཁེ་འདོད་དང་གྲགས་འདོད་ཕྱོགས་སུ་ལྷུང་བའི་ཡིད་སྤངས། གཟུ་བོའི་བློས་ཚིག་དང་དོན་གྱི་ཆ་ལ་ལེགས་པར་དཔྱད། རང་གིས་ཇི་ལྟ་བ་བཞིན་མ་ཤེས་པ་རྣམས་མཁས་པར་གྲགས་པ་མཆོག་དམན་སུ་ལ་ཡང་རུང་སྟེ་ལེགས་པར་དྲིས་ཤིང་ཐེ་ཚོམ་བཅད་ནས། ཚིག་གསལ་ཞིང་གོ་བདེ་བ་དོན་དང་མི་འགལ་བར་བྱས་ཏེ་ལེགས་པར་བསྒྱུར་ན། རང་གཞན་གྱི་རྒྱུད་ལ་ལེགས་ཚོགས་དུ་མ་སྤེལ་བར་ནུས་ཤིང་། རྒྱལ་བའི་བསྟན་པ་ལ་བྱ་བ་བྱས་པར་འགྱུར་བས་བསོད་ནམས་ཀྱི་ཕུང་པོ་གཞལ་དུ་མེད་པ་འཐོབ་པར་འགྱུར་གྱི། གཞན་དུ་ན་རང་ཉིད་མཁས་པ་མིན་ཡང་མཁས་པར་རློམ་པས་དྲེགས། གཞན་མཁས་པར་གྱུར་ཀྱང་དེ་ལ་ཕྱོགས་སུ་ལྷུང་བའི་ཡིད་ཀྱིས་སྡང་བས་བློ་མིག་བསྒྲིབས། དམ་པའི་ཆོས་ལ་གལ་ཆུང་དུ་བཟུང་བས་ཉི་མ་འཕུལ་ཐབས་ཀྱི་སྦྱོར་བས་པོ་ཏི་ཇི་མང་མང་དུ་བསྒྱུར་བ་ལ་དགའ་བ་དག་གིས་ནི། སངས་རྒྱས་ཀྱི་བཀའ་དྲི་མ་མེད་པ་ལོག་བཤད་ཉེས་བཤད་ཀྱི་བཙོག་ཆུས་བསླད་པའི་འབྲས་བུ་རང་གཞན་ཀུན་ལ་འདི་ཕྱིར་བཟོད་པར་དཀའ་བའི་སྡུག་བསྔལ་འབྱུང་བ་ལ་ཅིར་ཡང་མི་སེམས་པར་ཟད་དོ། །” ཞེས་ཕན་ཡོན་དང་ཉེས་དམིགས་ལེགས་པར་བསྟན་པ་འདིས་ལོ་ཙཱ་བ་སྤྱི་དང་། ཁྱད་པར་དུ་དམ་ཆོས་ལོ་ཙཱ་བ་ལ་ཀུན་སློང་རྣམ་པར་དག་མིན་དང་བསམ་བློའི་གོ་རྟོགས་ཐད་ཀྱི་ཚད་གཞིའམ་ཆ་རྐྱེན་བཏོན་ཞིང་། འདི་ནི་གཙོ་ཆེར་དམ་ཆོས་ལོ་ཙཱའི་ལག་ལེན་ལ་འཇུག་པའི་ལོ་ཙཱ་བ་གང་གིས་ཐོག་མཐའ་བར་གསུམ་དུ་གཟུང་དགོས་རྒྱུ་དང། བུ་ཡིག་གི་སྤུས་ཚད་ཁག་ཐེག་གི་ཉེར་ལེན་གྱི་རྒྱུ་ཉག་གཅིག་ཏུ་འཁུམས་སོ། །

        གསུམ་པ། སྔ་རབས་མཚན་ཉིད་ཚང་བའི་ལོ་ཙཱ་བའི་ཆ་རྐྱེན་གཞི་བྱས་ཏེ་དེང་གི་ལོ་ཙཱ་བའི་དཔུང་ཁག་ལ་ལྟ་བ།
        བོད་ཀྱི་ལོ་ཙཱའི་སྲོལ་རྒྱུན་དེ་སྤྱི་ཚོགས་ཀྱི་འགྱུར་ལྡོག་གི་དབང་གིས། བསྟན་པ་སྔ་དར་དང་ཕྱི་དར་དུས་ཀྱི་སཾ་བོད་ལོ་ཙཱ་ནས་དེང་གི་རྒྱ་བོད་སྐད་རིགས་ལ་སོགས་ཀྱི་ལོ་ཙཱ་དང་། དམ་ཆོས་ལོ་ཙཱ་ནས་དེང་གི་སྲིད་འབྱོར་རིག་གསུམ་གྱི་ནང་དོན་གྱིས་གཙོ་བ་ལ་སོགས་ཕྱོགས་གང་ཐད་ནས་འགྱུར་བ་ཆེན་པོ་ཕྱིན་པས། སྒྱུར་བྱེད་ལོ་ཙཱ་བར་ཡང་ཁྱད་པར་ཡོད་ངེས། འདིར་གོང་དུ་གླེང་བའི་སྔ་རབས་ཀྱི་ལོ་ཙཱ་བའི་ཆ་རྐྱེན་གཞིར་བྱས་ཏེ། དེང་གི་ལོ་ཙཱ་བའི་དཔུང་ཁག་ལ་རགས་ཙམ་བལྟས་ན།

3.1.ལོ་ཙཱའི་རྩ་བར་གྱུར་པའི་སྐད་རིགས་ཀྱི་བྱང་ཚད།
        བོད་ཀྱི་སྔ་རབས་ལོ་ཙཱ་ནི་གཙོ་ཆེ་བ་སཾ་བོད་སྐད་གཉིས་ཀྱི་ལོ་ཙཱ་ཡིན་ལ། སཾ་བོད་སྐད་གཉིས་ཀྱི་བྱང་ཚད་ནི་ཞུ་ཆེན་གང་དེས་ཞུ་དག་གི་གནས་སྐབས་སུ་རྒྱ་དཔེ་དང་བོད་དཔེ་གཉིས་ཀ་ངག་ཐོག་ནས་བསྒྱུར་ཞིང་། དོན་དང་ཡང་མི་འགལ་བ་དང་བོད་ཀྱི་སྐད་ལ་ཡང་གར་བདེར་འོངས་པ་ཡིན་པས། མ་ཡིག་དང་བུ་ཡིག་གཉིས་ཀྱི་སྐད་རིགས་ཀྱི་ཆུ་ཚད་ཤིན་ཏུ་བརྟན་དགོས་པ་ཤེས་ཐུབ། འོན་ཏེ། རྒྱལ་ནང་གི་རྒྱ་བོད་ལོ་ཙཱ་ནི་ཧ་ལམ་ཡིག་ཐོག་ཏུ་བསྒྱུར་ཞིང་ཡིག་ངོས་ནས་ཞུས་པ་བཅས་སྔ་རབས་ཀྱི་ངག་ཐོག་གི་བསྒྱུར་ཞུས་དང་བསྡུར་ཚེ་ལས་སླ་བས། བསྒྱུར་པ་ལེགས་མིན་གྱི་ཁྱད་པར་མ་གཏོགས། རྒྱ་བོད་གཉིས་ཀྱི་སྐད་ཡིག་ཤེས་མཁན་ཞིག་ཡིན་ཚེ་སུས་ཀྱང་ལོ་ཙཱ་བྱེད་པ་དང་། རྒྱ་བོད་སྐད་ཡིག་གཉིས་ཀྱི་ཆུ་ཚད་ཅུང་ལེགས་ཚེ་ཞུ་དག་ཀྱང་བྱེད་པ་ནི་ཆེས་སྤྱིར་བཏང་གི་གནས་ཚུལ་ཞིག་ཏུ་གྱུར་ཡོད།

3.2.འབྲེལ་ཡོད་ཤེས་ཡོན་གྱི་གོ་རྟོགས།
        ལོ་ཙཱ་ནི་སྐད་རིགས་ཀྱི་བར་དུ་ཡིན་ཡང་། བསྒྱུར་བྱའི་ནང་དོན་གྱི་ཆ་ནས་འབྲེལ་ཡོད་ཤེས་ཡོན་གྱི་གོ་རྟོགས་ཟབ་རྒྱས་དགོས་པ། དཔེར་ན། བོད་སྔ་རབས་ཀྱི་ཞུ་ཆེན་ལོ་ཙཱ་བ་ཕལ་མོ་ཆེ་ནི་ཟོ་བཟང་བློ་རིག་བཀྲ་ཞིང་། རྟག་སྦྱོར་གྱི་བརྩོན་འགྲུས་བརྟན་པར་མ་ཟད། ཐུན་མོང་དང་ཐུན་མིན་གྱི་རིག་གནས་མཐའ་དག་ལ་སྦྱངས་པ་མཐར་ཕྱིན་པའི་མཁས་པའི་ཁྲོད་ཀྱི་རྩེ་མོ་ཡིན་པ་དེ་ཚོས་དམ་ཆོས་ལོ་ཙཱ་དང་ཞུ་ཆེན་བགྱིས་པ་ཡིན་མོད། དེང་སང་རིགས་པའི་གཞུང་ལུགས་ཀྱི་གལ་ཆེའི་རང་བཞིན་བཟུང་ཐལ་དྲགས་ཏེ། རིགས་པའི་གཞུང་ལུགས་གཙོ་བོ་དང་ལག་ལེན་ཕལ་བ་བྱས་རྐྱེན། ལོ་ཙཱའི་ཐད་དུ། ཡིག་ཐོག་གི་ལོ་ཙཱའི་ཆུ་ཚད་མཐོན་པོ་ཅན་དཀོན་ཞིང་། སྔོན་དང་བསྡུར་ན་ནང་འདྲེན་གྱི་སྤྱིའི་ཆུ་ཚད་དམའ་རུ་སོང་ཡོད་པ་དང་གཅིག གཉིས་ནས་ལོ་ཙཱའི་ཆོས་ཉིད་ལ་སྣང་ཆུང་བྱེད་པ་སྟེ། ལོ་ཙཱའི་ལག་ལེན་ནི་ལོ་ཙཱ་ལ་ཞིབ་འཇུག་བྱེད་པའི་རྨང་གཞི་དང་སྔོན་འགྲོ་ཡིན་ལ། ལོ་ཙཱའི་ཆེས་མཐོའི་དམིགས་ཡུལ་ཡང་ཡིན་མོད། རྒྱ་བོད་ཕྱོགས་གཉིས་ཀྱི་སྐད་ཡིག་གི་ཆུ་ཚད་ལེགས་གྲས་སམ་མ་མཐར་ཡང་འབྲིང་གྲས་ལྟ་བུར་བསླེབས་མེད་མཁན་ཚོས་ཀྱང་ལོ་ཙཱར་ཞིབ་འཇུག་བྱེད་པ་དང་། རྒྱ་བོད་ལོ་ཙཱ་ནན་མོ་བྱས་མེད་པའམ་བསྒྱུར་པའི་ཚིག་འབྲུ་ངེས་ཅན(རྒྱ་བོད/བོད་རྒྱ)མ་ལོན་ནའང་། འབྲེལ་ཡོད་ཀྱི་ལོ་ཙཱར་ཉམས་ཞིབ་བྱེད་པ། གསུམ་ནས་ལོ་ཙཱ་བ་སྐྱེད་སྲིང་གི་ཐབས་ལམ་མི་འགྲིག་པ་སྟེ། རིག་གཞུང་ལ་ཞིབ་འཇུག་བྱེད་པའི་རང་བཞིན་ཅན་གྱི་ལོ་ཙཱ་བ་བསྐྱེད(Academic Degree/学术型学位)པ་མ་གཏོགས། དངོས་སུ་ངག་ཐོག་གི་ལོ་ཙཱ་དང་ཡིག་ཐོག་གི་ལོ་ཙཱ་བྱེད་ཐུབ་མིན་ལ་དོ་སྣང་དེ་འདྲ་མི་བྱེད་པས། སྤྱི་ཚོགས་ཀྱི་དགོས་མཁོ་ལེགས་པོ་ཞིག་ཁྱོན་ནས་སྐོང་མི་ཐུབ་པ། བཞི་ནས་སློབ་ཆེན་དུ་རྒྱ་བོད་ལོ་ཙཱ་སྦྱོང་མཁན་སྡུད་གཏོང་འོས་འཚམ་མིན་པ་སྟེ། ལོ་ཙཱའི་ཆུ་ཚད་བཟང་མིན་གཉིས་ཀ་བསྡུས་ནས་རིགས་པའི་གཞུང་ལུགས་རྐྱང་རྐྱང་ལ་ཞིབ་འཇུག་བྱེད་མཁན་སྐྱེད་སྲིང་བྱས་ཏེ་སྤྱི་ཚོགས་སུ་གཏོང་བ། ལྔ་ནས་རྒྱ་བོད་ལོ་ཙཱའི་དགེ་རྒན་སོགས་ཀྱིས་ལོ་ཙཱ་རིག་པར་བཅངས་པའི་ལྟ་སྟངས་རྙིང་པ་ཡིན་ཏེ། དགེ་རྒན་མི་ཉུང་བས་དུས་བབ་དང་བསྟུན་མི་ཤེས་པའམ་མི་བསྟུན་པ། གཞན་ཡང་རྒྱ་བོད་དང་དབྱིན་བོད་ལ་སོགས་ལོ་ཙཱ་བྱེད་པའི་ལོ་ཙཱ་བ་ཆུ་ཚད་མཐོན་པོ་ཅན་འགའ་རེ་ཡོད་པ་གང་ཞིག་གཞུང་ནས་ཧ་ལམ་སྐྱེད་སྲིང་བྱས་པ་མིན་པ་སྟེ། དེ་ནི་སྐྱེས་སྟོབས་ཀྱི་ཤེས་རབ་དང་ཡོན་ཏན་མངའ་བའི་དོན་གཉེར་ཅན་འགས་རང་སྦྱོང་གིས་ཁྲོམ་ར་དང་། སྤྱི་ཚོགས་སུ་ལོ་ཙཱ་ལག་ལེན་བྱས་དང་བྱེད་པ་མ་གཏོགས། ལོ་ཙཱ་བ་གང་དེར་ཆེད་ལས་ཀྱི་ངོ་བོའི་ཆ་ནས་སྦྱོང་བརྡར་སྤྲད་པ་ཤིན་ཏུ་དཀོན་པ་དང་བཅས་སོ། །

3.3. ལོ་ཙཱ་བའི་ཀུན་སློང་།
        རྒྱུ་དུས་གཉིས་ཀྱི་ཀུན་སློང་རྣམ་དག་ནི། དུས་དང་རྣམ་པ་ཀུན་ཏུ་བྱ་གཞག་གང་ལ་འཇུག་ཀྱང་རང་གཞན་གཉིས་ཀར་ཕན་དང་བདེ་བ་འབྱུང་བར་ཤིན་ཏུ་རྩ་ཆེ་བས། ལོ་ཙཱ་བའི་ལས་ཀྱང་དེ་ལས་མ་འདས་ཏེ། སྔ་རབས་ཀྱི་ལོ་ཙཱ་བ་ཕལ་མོ་ཆེས་བསྒྱུར་ཞུས་ཀྱི་དོན་གཉེར་བ་ནི། ཁེ་འདོད་གྲགས་འདོད་ཡེ་ནས་མིན་པར་བསྟན་འགྲོའི་ཆེད་འབའ་ཞིག་དང་ཕན་བདེའི་ཀུན་སློང་བཟང་པོའི་འོག་ལེགས་པར་བསྒྱུར་ཅིང་ཞུས་པ་ཡིན་ཚུལ་སྐྱེས་ཆེན་དམ་པ་ས་སྐྱ་པཎ་ཆེན་དང་ལྕང་སྐྱ་རོལ་བའི་རྡོ་རྗེ་ལ་སོགས་ཀྱི་གསུང་ལས་ཚོར་ཐུབ་ལ། ལོ་པཎ་བྱང་སེམས་ཅན་དེ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས། རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་དག་བསྒྱུར་ཅིང་ལེགས་པར་འགྱུར་ནས་བོད་རང་གི་རིག་གནས་གཙུག་ལག་ཏུ་གྱུར་པ་ནི་ཀུན་གྱིས་མཁྱེན་གསལ་ལྟར་ལགས་མོད། དེང་གི་ལོ་ཙཱ་བ་དག་ལ་ཀུན་སློང་རྣམ་པར་དག་པའི་སྒོ་ནས་བྱེད་མཁན་ཆེས་ཤིན་ཏུ་ཉུང་བར་སེམས།

   མཇུག་སྡུད་པ།
        བོད་ཀྱི་ལོ་ཙཱའི་སྲོལ་རྒྱུན་ནི་ཡུན་རིང་ཞིང་དེའི་རིགས་པའི་གཞུང་ལུགས་ཀྱང་བྱུང་སྔ་བ་དང་། མཁས་ཆེན་མང་པོས་ལོ་ཙཱ་བརྟག་པའི་དགོངས་བཞེད་ཀྱང་སྣ་ཚོགས་ཡོད། ད་ལན་འདིར་ཆེད་དུ་བོད་སྔ་རབས་ཀྱི་ལོ་ཙཱ་བ་མི་ཉུང་བར་འཛོམས་པའི་ཕྱི་ནང་གི་ཆ་རྐྱེན་གང་མཇལ་ཁོལ་ཕྱུང་གིས་ལོ་ཙཱ་བ་དེ་རྣམ་པས་ལོ་ཙཱ་སློབ་པ་དང་ལོ་ཙཱ་དོན་གཉེར་བྱས་པར་ཐོག་མཐའ་བར་གསུམ་དུ་བརྩོན་འགྲུས་བསྐྱེད་པའི་ཆོད་སེམས་དང་དཀའ་ངལ་ལ་མི་འཇིགས་པའི་སྙིང་སྟོབས། ལོ་ཙཱའི་ལག་ལེན་དངོས་ཀྱི་ཁྲོད་གཟབ་གཟེངས་ཁུར་ལེན་ཇི་ལྟར་བྱེད་ལུགས་སོགས་ངོ་སྤྲོད་བྱས་ན། དེང་གི་ལོ་ཙཱ་བ་དག་གིས་སློབ་སྦྱོང་བྱེད་པར་དོན་སྙིང་ལྡན་ནོ། །


* འཕགས་མོ་སྒྲོན་དཀར། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང2016ལོའི་རབ་འབྱམས་པའི་ཞིབ་འཇུག་སློབ་མ།
* རྣམ་རྒྱལ་ཚེ་བརྟན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་དུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད།



① Panglung, J. L. (1994) “New Fragments of the sGra-sbyor bam-pog̃is-pa” TaboStudies I. Roma, IsMEO, East and West vol. 44, N°1, P162.
②བསོད་ནམས་ཚེ་རིང་། གསར་དུ་རྙེད་པའི་དཔེ་རྙིང་དང་འབྲེལ་ཏེ་བོད་ཀྱི་གནའ་རབས་ལོ་ཙཱའི་གཞུང་ལུགས‘སྒྲ་སྦྱོར་བམ་གཉིས'ལ་དཔྱད་པ། [D] ལྷ་ས། བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ། 2013:17-20(རྩོམ་པ་པོས་ཀན་སུའུ་ཞིང་ཆེན་ནས་དཔེ་རྙིང་འདི་རྙེད་སྐད། སློབ་ཐོན་དཔྱད་རྩོམ་དེར་དཔེ་རྙིང་དེའི་བམ་པོ་དང་པོའི་ནང་དོན་དབུའི་བཀས་བཅད་སྐོར་དང་མཇུག་བྱང་བརྙན་པར་དུ་བྱས་པ་ཞིག་བཀོད་པ་ན་གསལ)
③ བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ནས་བསྒྲིགས། དཀར་ཆག་འཕང་ཐང་མ། སྒྲ་སྦྱོར་བམ་པོ་གཉིས་པ [G] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2003:66
④ སྣར་ཐང་པར་མའི་སྐབས་བཞི་པ་བོད་སྔ་རབས་པས་མཛད་པའི་བསྟན་བཅོས་དཀར་ཆག་རྙིང་པ་རྣམས་ལ་ཡོད་པ་ཅི་རིགས་པའི་སྐོར་ལས་སྒྲ་སྦྱོར་ངོ་པར་བཞུགས། གསེར་བྲིས་བསྟན་འགྱུར་གྱི་སྐབས་བཞི་པ་བོད་སྔ་རབས་པས་མཛད་པའི་བསྟན་བཅོས་དཀར་ཆག་རྙིང་པ་རྣམས་ལ་ཡོད་པ་ཅི་རིགས་པའི་སྐོར་ལས་སྒྲ་སྦྱོར་ངོ་པར་བཞུགས། ཅོ་ནེ་བསྟན་འགྱུར་གྱི་སྣ་ཚོགས་ཅོ་པར་བཞུགས། སྡེ་དགེའི་བསྟན་འགྱུར་གྱི་བསྟན་བཅོས་སྣ་ཚོགས་ལས། མདོ་འགྲེལ་ཅོ་པར་བཞུགས། ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱིས་བསྡུ་བསྒྲིགས་མཛད་པའི་བསྟན་འགྱུར་དཔེ་བསྡུར་མར་སྣ་ཚོགས་ཅོ་པར་བཞུགས།
⑤ ཀུན་དགའ་རྒྱལ་མཚན། ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ། གླེགས་བམ་གསུམ་པ། [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1992:486
⑥ བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ནས་བསྒྲིགས། དཀར་ཆག་འཕང་ཐང་མ། སྒྲ་སྦྱོར་བམ་པོ་གཉིས་པ། [G] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2003:66
⑦“བཅོམ་ལྡན་འདས་མ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་ཤཱཀྱ་སེ་ན་དང་། ཛྙཱ་ན་སིདྔྷི། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་དྷརྨ་ཏཱ་ཤཱི་ལ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། སླད་ཀྱིས་དབང་ཕྱུག་དམ་པའི་མངའ་བདག་བོད་ཀྱི་དཔལ་ལྷ་བཙན་པོ་བཀྲ་ཤིས་ལྷ་ལྡེ་བཙན་གྱི་བཀས། རྒྱ་གར་གྱི་མཁན་པོ་སུ་བྷཱ་ཥི་ཏ་དང་། སྒྲ་བསྒྱུར་གྱི་ལོ་ཙྪ་བ་དགེ་སློང་རིན་ཆེན་བཟང་པོས་འགྲེལ་པ་དང་མཐུན་པར་བསྒྱུར། (⋯)”(བཀའ་འགྱུར་སྡེ་དཔར། བརྒྱད་སྟོང་། ཀ 286a1-3)
⑧ “རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་རྒྱུད་ཐམས་ཅད་ཀྱི་སྙིང་པོ་གསང་བ་རྣམ་པར་ཕྱེ་བ་ཞེས་བྱ་བ་རྫོགས་སོ།། ཐུགས་དམ་སའི་སྙིང་པོ་ཐོ་ལིང་སྙིང་པོ་དཔལ་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་སུ་ཛ་ན་ཤྲཱི་ཛྙཱ་ན་དང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་བོད་ཀྱི་ལྷ་བཙན་པོ་བླ་མ་དགེ་སློང་ཞི་བའི་འོད་ཀྱི་ཞལ་སྔ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།”(བཀའ་འགྱུར་སྡེ་དཔར། རྒྱུད་འབུམ། ཅ། 277b1-3)
⑨ “འཕགས་པ་ཕྱག་ན་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་ས་འོག་ཅེས་བྱ་བ་ཇི་སྙེད་པ་ཡོངས་སུ་རྫོགས་སོ།། རྒྱ་གར་གྱི་པཎྜི་ཏ་བརྡ་སྤྲོད་པ་ཆེན་པོ་བདེ་བར་གཤེགས་པའི་དཔལ་ཞེས་བྱ་བ་དང་། སྒྲ་སྒྱུར་གྱི་མཁས་པ་སྒྲའི་གཙུག་ལག་ལ་མ་རྨོངས་པ་གསང་སྔགས་འཛིན་པ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་དཔལ་ས་སྐྱའི་དབེན་གནས་དམ་པར་བསྒྱུར །།” (བཀའ་འགྱུར་སྡེ་དཔར། རྒྱུད་འབུམ། ཚ། 266a5-6)
⑩ ཀུན་དགའ་རྒྱལ་མཚན། ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ། གླེགས་བམ་གསུམ་པ། [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1992:531
 11 མཁས་པ་ལྡེའུ། (སྤྱི་ལོའི་དུས་རབས12པ) མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987:302
1 2དཔའ་བོ་གཙུག་ལག་ཕྲེང་བ། (1504-1566) དམ་པའི་ཆོས་ཀྱི་འཁོར་ལོས་བསྒྱུར་བ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་མཁས་པའི་དགའ་སྟོན་ཞེས་བྱ་བ། [ཇ། 125a3-4] (དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས། བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས།16) ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010ལོ)

13 བཅོམ་ལྡན་རལ་གྲི། བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད། (དབུ་མེད་བྲིས་མ། 6b// bcomldan rig pa'iralgri . gsungthorbu/_bcomldan rig pa'iralgri. TBRC W1CZ1041. 2 vols. null: null, null.)

14   ཀུན་དགའ་རྒྱལ་མཚན། ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ། གླེགས་བམ་དང་པོ། [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1992:641

15  བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ནས་བསྒྲིགས། དཀར་ཆག་འཕང་ཐང་མ། སྒྲ་སྦྱོར་བམ་པོ་གཉིས་པ། [G] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2003:73
16 འདིར་སྡེ་དགེའི་བཀའ་འགྱུར་དཀར་ཆག་དང་སྡེ་དགེའི་བསྟན་འགྱུར་དཀར་ཆག་གཞིར་བཟུང་ནས་ཞུ་ཆེན་མིང་ཅན་གྱི་ལོ་ཙཱ་བ་བཀོད་པའོ། །
17  ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ། བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། བ། ལྡེབ་ངོས248. (TBRC.W1PD96682. krunggo'i bod rig pa'idpeskrunkhang / པེ་ཅིན། 2006-2009ལོ། པར་གཞི་དང་པོ། ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་བསྡུར་ཁང་གིས་དཔེ་བསྡུར་ཞུས)
18  བུ་སྟོན་རིན་ཆེན་གྲུབ། (1290-1364) བུ་སྟོན་ཆོས་འབྱུང་། [M] པེ་ཅིན། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 1988:183
19 ཉང་ཉི་མ་འོད་ཟེར། (1124-1192) ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།2010:363
20 གཏེར་ཆེན་ཨུ་རྒྱན་གླིང་པས (1323-?) གཏེར་ནས་བཏོན། པདྨ་བཀའ་ཐང་། [M] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1987:414
21 ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010:302
22  ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010:426
23  བཙུན་པ་ཆ་གན། (སྤྱི་ལོའི་དུས་རབས13པ) བོད་ཀྱི་རྒྱལ་རབས་ལོ་རྒྱུས། དབུ་མེད་བྲིས་མ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས། བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས་བཞུགས་སོ། ། ཇ། [C]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཟི་ལིང་། 2010:181-298
24  བདེ་སྐྱིད་ཀྱིས་བསྒྲིགས། དབའ་བཞེད་བཞུགས་སོ། ། རྦ་བཞེད་ཕྱོགས་བསྒྲིགས། [C]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2009:7 
25“ལྷ་བླ་མ་ཡེ་ཤེས་འོད། དེ་བ་རཱ་ཛ། ན་ག་རཱ་ཛ་རྣམས་དབེན་གནས་ས་རྒམ་ན་བཞུགས། སྲས་༢་རབ་ཏུ་བྱུང་བའི་ཚེ། མངའ་རིས་སྐོར་གསུམ་ནས་གཞོན་ནུ་ཤེས་རབ་ཆེ་ཞིང་བློ་གནང་བ། ཡིད་བཞུངས(གཞུངས)ཤིང་སྙིང་སྟོབས་ཆེ་བ། ཉིས་བརྒྱ་ཐམ་པ་བཏུས་ནས་ཐར་པར་བཏང་།”ཞེས་དང་།“ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མངའ་རིས་ནས་ཤེས་རབ་ཆེ་བའི་བྱིས་པ་ཉི་ཤུ་ཐམ་པ་གསེར་གྱིས་བླུས་ནས། ལོ་ཆེན་གྱི་ཕྱག་རྗེ(རྗེས)ལ་ཁ་ཆེར་བརྫངས་པ་ལས། ལོ་ཆེན་དང་། ལོ་ཆུང་ལེགས་པའི་ཤེས་རབ་གཉིས་ཀྱི་བོད་དུ་ཕེབས།”(གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན། (སྤྱི་ལོའི་དུས་རབས15པ) ལྷ་བླ་མའི་རྣམ་ཐར་རྒྱས་པ་བཞུགས་སོ། ། [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2013:20-24)
26 བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ནས་བསྒྲིགས། དཀར་ཆག་འཕང་ཐང་མ། སྒྲ་སྦྱོར་བམ་པོ་གཉིས་པ། [G]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2003:71
27  རྒྱལ་པོ་ཁྲི་སྲོང་ལྡེ་བཙན(742-800)གྱིས“ལོ་ཙཱ་བ་རྣམས་ལ་ཆོས་ཀྱི་རྩིས་དང་བྱ་དགའ་གནང་ངོ་། ། དབུའི་ཆོས་གནས་སུ་བསྟེན་ནོ། །”ཞེས་བྱུང་བས་མཆོད་གནས་ནི་ལོ་ཙཱ་བར་འདོད། (ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010:312)
28 ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010:348
29 ཁྱི་ཐང་དཔལ་ཡེ་ཤེས། (དུས་རབས11པ) ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར། [M] ལྡེབ་ངོས14པ། (TBRC. 1 volume; 15 ff.. W4CZ1547. [s.n.], [s.l.]. [n.d.])
30  ཀུན་དགའ་རྒྱལ་མཚན། ཞང་ལོ་ཙཱ་བ་ལ་གདམས་པ། (ས་པཎ་གསུང་འབུམ། གླེགས་བམ་གསུམ་པ།) [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1992:175
31  ཀུན་དགའ་རྒྱལ་མཚན། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཞུ་བའི་འཕྲིན་ཡིག། (ས་པཎ་གསུང་འབུམ། གླེགས་བམ་གསུམ་པ།) [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1992:132
32 སྡོམ་བརྩོན་དམ་པའམ་མེ་སྲུང་འཁོར་ལོར་གྲགས་པའི་ཕྱག་མཚན་འདི་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས། བསམ་ཡས་ཀྱི་འཁོར་ས་བར་པའི་གཡས་ཕྱོགས་སུ་ཕྱག་བསྟར་དུ་གནང་བ་ཞིག་ཡིན་ལ། པད་སྡོང་གིས་སློབ་དཔོན་པདྨ་འབྱུང་གནས་དང་། པདྨའི་ལྟེ་བའི་རལ་གྲིས་འཇམ་དབྱངས་རྣམ་སྤྲུལ་ཁྲི་སྲོང་ལྡེ་བཙན་དང་། པད་སྡོང་གི་གཡས་ཕྱོགས་སུ་འཁོད་པའི་ངང་སེར་མགོ་གཉིས་ཅན་གྱིས། མཁན་ཆེན་ཞི་བ་འཚོ་དང་ཉིད་ཀྱི་ཐུགས་སྲས་ཀ་མ་ལ་ཤཱི་ལ་གཉིས་ལྟ་གྲུབ་གཅིག་ལ་ཆོས་ཚུལ་སོ་སོར་སྟོན་པར་མ་ཟད། སྡོམ་བརྩོན་གྱི་མཆོག་ཡིན་པས་ངང་སེར་གྱི་ཚུལ་དུ་དང་། གཡོན་ཕྱོགས་སུ་ནེ་ཙོ་མགོ་གཉིས་ཅན་གྱིས། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་ཅོག་རོ་ཀླུའི་རྒྱན་མཚན་གཉིས་མཚོན་ཏེ། རྒྱ་བོད་སྐད་གཉིས་སྨྲ་ཞིང་ཁྱིམ་པའི་རྟེན་དུ་བཞུགས་པས་ནེ་ཙོ་ལྗང་ཁུའི་གཟུགས་སུ་བྱས་པ་དང་། དེ་ཀུན་མཚོ་དབུས་སུ་གནས་པ་ནི། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ལ་མེ་སྐྱོན་འབྱུང་བའི་ལུང་བསྟན་ཡོད་པར། དེ་ཞི་བའི་རྟེན་འབྲེལ་གྱི་ཆེད་དུ་ཡིན་པར་གྲགས་སོ། །
33 དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ། [M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002:1201
34  (rinchen grub . gsung 'bum/_rinchen grub (bris ma). TBRC W1PD45496. 28 vols. pecin: krunggo'i bod rig pa dpeskrunkhang , 2008.) [ལ། 43b4-44b3]
35   ལྕང་སྐྱ་རོལ་པའི་རྡོ་རྗེ། དག་ཡིག་མཁས་པའི་འབྱུང་གནས། [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1999:2
36  ལྕང་སྐྱ་རོལ་པའི་རྡོ་རྗེ། དག་ཡིག་མཁས་པའི་འབྱུང་གནས། [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1999:13


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1