༄༅།། སློབ་གསོ་ནི་སྤྱི་ཚོགས་ཡར་རྒྱས་ཀྱི་ཆེད་དུ་ཡིན།

ཐུབ་བསྟན་ཕུན་ཚོགས། རྩོམ་སྒྲིག་པ།ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 08-27



ཐུབ་བསྟན་ཕུན་ཚོགས།
[གནད་བཏུས] རྩོམ་འདིར་མི་ཚེའིེ་བརྒྱུད་རིམ་དེ་དུས་རིམ་གལ་ཆེན་ཁག་འགའ་རུ་དབྱེ་ཞིང་། བོད་རིགས་ལོ་ཆུང་གཞོན་ནུ་རྣམས་ཀྱིས་ཐོག་མར་སློབ་སྦྱོང་གི་དུས་རིམ་དེ་དམ་འཛིན་སྒོས་རྨང་གཞིའི་སློབ་གསོའི་སྐབས་སུ་བོད་སྐད་ཡིག་ལ་ཤུགས་བསྣན་ནས། ཤེས་བྱའི་རྨང་གཞི་ལེགས་པར་བཏིང་ཐོག་རྒྱ་ཡིག་དང་དབྱིན་ཡིག་སོགས་ལའང་ཤུགས་བསྣན་ནས་ཤེས་ཡོན་རྒྱ་བསྐྱེད་དགོས་པའི་གནས་ལུགས་བསྟན་ཡོད།
[གནད་ཚིག] སློབ་གསོ། སྤྱི་ཚོགས། བོད་སྐད་ཡིག རྒྱ་ཡིག་དང་དབྱིན་ཡིག
        ཨ་རིའི་ཚན་རིག་ལག་རྩལ་དང་། ། ཡིའུ་ཐའེ་མི་རིགས་འཚོ་བའི་སྲོག ། ཀྲུང་གོའི་རྡུལ་ཕྲན་མཚོན་ཆ་རྣམས། ། རང་གི་སྐད་ཡིག་བརྒྱུད་ནས་དར། ། མི་རིགས་སོ་སོའི་སྤུས་ཚད་བཟང་ངན་དེ་ཐད་ཀར་སློབ་གསོ་དང་འབྲེལ་བ་ཡོད་པ་ཞིག་རེད། མིའི་ཀུན་སྤྱོད་དང་། ཤེས་རིག་ནི་སློབ་གསོར་བརྟེན་ནས་ཇེ་ལེགས་དང། ཇེ་མཐོར་གཏང་དགོས་པ་ཞིག་རེད། ཀུན་སྤྱོད་བཟང་པོ་ཡོང་བ་ནི་ལོ་རྒྱུས་ཤེས་བྱ་དང་། གོམས་སྲོལ་བཟང་པོ། ཁྲིམས་ལུགས་སློབ་གསོ། རྒྱུ་འབྲས་འབྲེལ་བའི་མཚན་ཉིད་རིག་པ་བཅས་ཀྱི་སློབ་གསོ་ཡང་དག་པ་བྱ་དགོས་པ་དང་།  ཤེས་རིག་ཕྱུག་པོར་ཆགས་པ་ནི་ཆབ་སྲིད་རིག་པ་དང་། དཔལ་འབྱོར་རིག་པ། ཚན་རིག་ལག་རྩལ་སོགས་ཀྱི་ཤེས་བྱའི་སྐོར་ལ་མཁས་པར་འགྱུར་དགོས་པ་དེ་རེད། མི་ཚེ་གཅིག་གི་སློབ་སྦྱོང་གི་དུས་ཡུན་ནི་ཚད་བཀག་ཡོད་པ་ཞིག་རེད། དཔེར་ན། མི་ཞིག་གི་མི་ཚེའི་མདུན་ལམ་ནང་ཐོག་མར་སློབ་སྦྱོང་བྱ་བའི་དུས་རིམ་དང་། དེ་ནས་ལས་དོན་གྱི་རྨང་གཞི་སྒྲུབ་པའི་དུས་རིམ། ལས་གཞི་ཡར་རྒྱས་འགྲོ་བའི་དུས་རིམ། ལས་ཀའི་འབྲས་བུ་ཉམས་སུ་མྱོང་བའི་དུས་རིམ་བཅས་དབྱེ་དགོས། མི་གང་ཞིག་དགུང་ལོ་བརྒྱད་ཅུར་གསོན་པའི་དབང་དུ་བྱས་པ་ཡིན་ན། དུས་རིམ་རེ་ལ་ཆ་སྙོམས་ལོ་ངོ་ཉི་ཤུ་ཙམ་ཡོད་པ་རེད། དེས་ན་ང་ཚོས་སློབ་སྦྱོང་གི་དུས་རིམ་དེ་དམ་འཛིན་མ་བྱས་ན་དུས་ཚོད་ཀྱིས་འདང་གི་མ་རེད། ལོ་ན་ཆུང་ཞིང་བློ་རིག་བཀྲ་བའི་དུས་འདིར་འབད་བརྩོན་ལྷོད་མེད་ཀྱིས་ཚན་རིག་གི་ཤེས་བྱ་སྣ་ཚོགས་ཤེས་ཐུབ་པར་འབད་བརྩོན་བྱ་དགོས་ཏེ། ང་ཚོས་སློབ་སྦྱོང་གི་གོ་རིམ་དུ་དེང་རབས་སྔོན་ཐོན་གྱི་སློབ་ཁྲིད་ཐབས་ཤེས་ཡང་དག་པ་ཞིག་སྤྱད་ནས། དུས་ཚོད་ཐུང་ངུའི་ནང་དུ་ཤེས་བྱ་མང་པོ་དང་། ཤེས་ཡོན་གཏིང་ཟབ་པོར་རྟོགས་ཐུབ་པར་བྱ་དགོས།
གཅིག རྨང་གཞིའི་སློབ་གསོའི་སྐབས་སུ་བོད་སྐད་ཡིག་གི་སློབ་གསོར་ཤུགས་སྣོན་དགོས།
        གོང་དུ་ཞུས་པ་ལྟར། མི་ཚེའི་བརྒྱུད་རིམ་གྱི་དུས་ཚོད་ལ་ཚད་བཀག་ཡོད་སྟབས། ང་ཚོས་གཞོན་ནུའི་སློབ་གསོ་ལ་དོ་སྣང་བྱ་དགོས། བོད་ཡུལ་འདིར་དེང་རབས་ཅན་གྱི་ཚན་རིག་སློབ་གསོ་དར་སྤེལ་གཏོང་བ་དང། མཐོ་རིམ་ཤེས་ཡོན་པ་གསོ་སྐྱོང་བྱ་དགོས་ན། ངེས་པར་དུ་སློབ་གྲྭ་ཆུང་འབྲིང་གི་སྐབས་སུ་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་སྤྱི་སྤྱོད་ཡི་གེ་སྦྱོང་བ་མ་ལྷོད་པའི་སྔོན་འགྲོའི་འོག་བོད་ཀྱི་སྐད་ཡིག་ལ་ཤུགས་སྣོན་དགོས། བོད་ཀྱི་སྐད་ཡིག་བརྒྱུད་ནས་རྨང་གཞིའི་རིག་གནས་རྣམས་བསླབས་ན། དུས་ཚོད་ཐུང་ངུའི་ནང་དུ་ཚན་རིག་གི་ཤེས་བྱ་རྣམས་ཤེས་སླ། དེ་ནས་མཐོ་རིམ་སློབ་འབྲིང་དང། སློབ་གྲྭ་ཆེན་མོའི་ནང་དུ་རྒྱ་ཡིག་དང་། དབྱིན་ཡིག་སོགས་སྐད་རིགས་གཞན་ལ་ཤུགས་བསྣན་ན། རྒྱལ་སྤྱིའི་རང་བཞིན་ཅན་གྱི་མཁས་པའི་ལམ་ལ་བགྲོད་ཐུབ་པའི་རེ་བ་ཡོད། ཚང་མས་མཁྱེན་གསལ་ལྟར་སློབ་གྲྭ་ཆུང་འབྲིང་གི་སྐབས་སུ་རྒྱ་ཡིག་གི་ཆུ་ཚད་ཤིན་ཏུ་ཞན་པས། དགེ་སློབ་གཉིས་ཀྱི་བར་ལ་སྐད་ཡིག་གི་གོ་བརྡ་འཕྲོད་པ་ཙམ་ལའང་ལོ་ཤས་ཤིག་འགོར་སྲིད། སྐད་ཡིག་གི་གོ་བརྡ་འཕྲོད་པ་ཙམ་ན་སློབ་གྲྭ་ཆུང་འབྲིང་གི་སྐབས་སུ་བསླབ་འོས་ཀྱི་སྦྱོང་ཚན་མང་པོ་ཞིག་སྦྱང་བའི་དུས་ཚོད་རྫོགས་ཚར་བ་རེད། དེའི་རྐྱེན་གྱིས་སློབ་མ་རྣམས་ན་ཚོད་རྫོགས་ནའང་། ནང་ལ་ཡོན་ཏན་གང་ཡང་མེད་པར་མ་ཟད། རྒྱ་ཡིག་དང་བོད་ཡིག་གཉིས་ཀ་གོ་ཆོད་པ་ཞིག་མི་ཤེས་པར་གྱུར་པ་རེད། ལོ་ཆུང་དུས་ཤེས་ཡོན་མང་པོ་བློ་ཡུལ་དུ་འཇུག་མ་ཐུབ་ན། ན་ཚོད་དར་ལ་བབ་ནའང་སྲིད་འབྱོར་རིག་གསུམ་གྱི་བསམ་བློ་བྱིས་པ་ལྟ་བུ་ཞིག་ཆགས་བསྡད་ཡོད་པ་རེད། དཔེར་ན། རིག་གནས་གསར་བརྗེ་ཆེན་པོའི་ལོ་བཅུའི་རིང་ལ་བོད་ཀྱི་གྲོང་གསེབ་ཏུ་སྐད་གཉིས་སློབ་གསོ་མེད་པར་བཟོས་པས། གྲུབ་འབྲས་ཆེན་པོ་མ་ཐོབ་པར། རྗེས་སུ་སློབ་གྲྭ་ཆེན་མོ་བསྐྱར་གསོ་བྱེད་སྐབས་སྤྱི་ཚོགས་རྙིང་པའི་མཁས་པ་རྣམས་མ་གཏོགས་མཁས་པ་གསར་པ་མ་རྙེད་པ་རེད། དཔེར་ན། ཁྲོ་རུ་ཚེ་རྣམ། ཚེ་ཏན་ཞབས་དྲུང་། དུང་དཀར་བློ་བཟང་འཕྲིན་ལས། དམུ་དགེ་བསམ་གཏན། མཁྱེན་རབ་འོད་གསལ། ཐུབ་བསྟན་ཉི་མ་ལ་སོགས་པ་ལ་སློབ་དཔོན་ཆེན་མོའི་མཚན་ཐོབ་སྤྲད་ནས། སློབ་དཔོན་ཆེན་མོར་གདན་དྲངས་པ་དེ་ལྟ་བུ་རེད།
        ལོ་ན་ཆུང་བའི་སྐབས་སུ་གཙོ་བོ་རང་གི་སྐད་ཡིག་ལ་བརྟེན་ནས་སྤྱི་ཚོགས་ཚན་རིག་དང་། རང་བྱུང་ཚན་རིག་གི་རྩ་བའི་ཤེས་བྱ་རྣམས་བློ་ཡུལ་དུ་ཆགས་ཐུབ་པ་བྱུང་ན། ན་ཚོད་སྨིན་པའི་སྐབས་སུ་རྒྱ་ཡིག་དང་། དབྱིན་ཡིག་སོགས་ལ་སྦྱངས་ནས་ཀླད་པའི་ནང་དུ་ཆགས་ཟིན་པའི་ཚན་རིག་ཤེས་བྱ་དེ་སྐད་ཡིག་གཞན་པའི་རམ་འདེགས་ལ་བརྟེན་ནས་མྱུར་དུ་ཡར་རྒྱས་འགྲོ་བ་ལ་དཀའ་ངལ་ཆེར་མ་མཐོང་། བོད་ཡིག་སྟེང་ནས་དེང་རབས་ཀྱི་སྲིད་འབྱོར་རིག་གསུམ་གྱི་ཤེས་ཡོན་རྨང་གཞི་ལེགས་པོ་ཞིག་ཆགས་ཚར་དུས། དེ་ནས་རྒྱ་སྐད་སོགས་སྐད་རིགས་གཞན་དག་ལ་འབད་བརྩོན་བྱས་ན་གྲུབ་འབྲས་མངོན་སུམ་ཐོབ་པ་དཔེར་ན། བོད་ཡིག་སློབ་གྲྭའི་སློབ་མ་རྣམས་ལྟ་བུ་རེད། ལོ་ངོ་ཉི་ཤུའི་གོང་ནས་འབྲིང་རིམ་སློབ་གྲྭ་ནས་ཐོན་པའི་སློབ་མ་མང་པོ་ཞིག་དེང་དུས་བོད་རིག་པའི་མཁས་པར་གྱུར་ཡོད། དེ་སྔོན་མི་ལ་ལས་བོད་ཀྱི་སྐད་ཡིག་གཙོ་བོར་སྦྱོང་བའི་སློབ་གྲྭ་པ་ལ་མདུན་ལམ་གུ་དོག་པོ་ལས་མེད་སྟབས། བོད་ཡིག་ཕལ་པ་དང་། རྒྱ་ཡིག་གཙོ་བོར་བྱ་རྒྱུའི་སློབ་གསོའི་ལམ་དུ་འགྲོ་དགོས་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པ་མཐོང་། འདིར་མདུན་ལམ་གུ་ཡངས་དང་དོག་པོ་ཟེར་བ་ནི་ལས་ཀ་ཐོབ་མིན་ལ་ཟེར་བ་རེད། གྲངས་ཀའི་བདེན་དཔང་ཐོག་ནས་བཤད་ན། མིག་སྔར་ལོ་རེ་བཞིན་སློབ་གྲྭ་ཆེན་མོ་ཁག་ཏུ་བོད་རིགས་སློབ་མ་རབ་འབྱམས་པ་དང་། འབུམ་རམས་པ་འདོན་མཁན་དེ་རྣམས་ལས85%ཡན་ཆད་དེ་བོད་ཡིག་སྦྱོང་མཁན་རྣམས་རེད་འདུག དེ་ལས་རྒྱལ་ཡོངས་ཀྱི་བོད་རིགས་ནང་དུ་འབུམ་རམས་པ་འདོན་མཁན90%དེ་བོད་ཡིག་སྦྱོང་མཁན་རྣམས་ཡིན་འདུག
        དཔེར་ན། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི2015ལོའི་བོད་རིགས་རབ་འབྱམས་པར་རྒྱུགས་འཕྲོད་མཁན་ནང་དུ་ཧ་ལམ90%ཡན་ཆད་བོད་ཡིག་ཆེད་སྦྱོང་སློབ་མ་རྣམས་ཡིན་འདུག ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་ནང་དུ་སྤྱི་ལོ2016ལོའི་རབ་འབྱམས་པ་སློབ་ཐོན་བྱེད་མཁན587དང་། འབུམ་རམས་པ15ཡོད་འདུག འབུམ་རམས་པ་བཅོ་ལྔའི་ནང་དུ་བོད་རིགས་བཞི་ཡོད་པ་ཚང་མ་བོད་ཀྱི་སྐད་ཡིག་ལ་བརྟེན་ནས་འབུམ་རམས་པའི་ཡོན་ཚད་ཀྱི་ཐོབ་ཐང་རག་པ་རེད། ལོ་འདིར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་ནང་བོད་རིགས་འབུམ་རམས་པའི་ལག་ཁྱེར་ཐོབ་མཁན100%བོད་ཡིག་གཙོ་བོར་སྦྱོང་མཁན་རྣམས་རེད་འདུག དེས་ན་བོད་པས་བོད་ཡིག་སྦྱངས་ན་མདུན་ལམ་གུ་དོག་པོ་ཡིན་པའི་བཤད་ཚུལ་དེ་ནི་ཐུགས་བསམ་ཡག་པོར་མ་བཞེས་པའི་ཧམ་བཤད་ཅིག་རེད་སྙམ། བཅོས་སྒྱུར་སྒོ་འབྱེད་བྱས་པ་ནས་ད་ལྟའི་བར་དུ་བོད་ཀྱི་སློབ་གསོར་གྲུབ་འབྲས་ཕུལ་དུ་བྱུང་བ་ཞིག་ཐོབ་ཡོད་དེ། ཏང་གི་མི་རིགས་སྲིད་ཇུས་ལག་ལེན་ཡང་དག་པར་བྱས་པའི་ས་ཁུལ་ཁག་ཏུ། བོད་ཀྱི་ཞིང་འབྲོག་གི་ཕྲུ་གུ་རྣམས་ལ་སློབ་གྲྭ་ཆུང་བ་ནས་སྤྱི་སྤྱོད་སྐད་ཡིག་ལས་གཞན་བོད་ཡིག་ཁྲིད་དེ་རིམ་བཞིན་འབུམ་རམས་པའི་བར་གྱི་བོད་ཡིག་སློབ་གསོའི་མ་ལག་ཆ་ཚང་བ་ཞིག་བྱས་ཡོད་སྟབས། དེང་དུས་ཞིང་འབྲོག་ས་ཁུལ་དུ་འཚར་ལོངས་བྱུང་བའི་གཞོན་ནུའི་ཁྲོད་དུ། རབ་འབྱམས་པ་བརྒྱ་ཕྲག་མང་པོ་དང་། འབུམ་རམས་པ་བཅུ་ཕྲག་ཁ་ཤས་སྐྱེད་སྲིང་བྱས་ཡོད་པ་འདི་ནི་ལག་ལེན་དངོས་ཀྱི་ནང་དུ་བོད་ཀྱི་སྐད་ཡིག་གི་སློབ་གསོ་ལ་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་ཤིག་རེད། དཔེར་ན། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ལྟ་བུ་ནི་བོད་ཀྱི་སྐད་ཡིག་ཐོག་ན་དམིགས་བསལ་དུ་གྲུབ་འབྲས་ཐོབ་ཡོད་པ་རེད། མི་རིགས་སུ་འདྲ་ཞིག་ཡིན་ཡང་ཚན་རིག་ཤེས་བྱ་གཏིང་ཟབ་པོ་ཞིག་ཤེས་དགོས་ན། ངེས་པར་དུ་རང་གི་སྐད་ཡིག་ལ་བརྟེན་ནས་ཤེས་དགོས་པ་ལས། སྐད་ཡིག་གཞན་ལ་བརྟེན་ནས་རང་ཡུལ་གྱི་ཚན་རིག་ལག་རྩལ་ཡར་རྒྱས་གཏོང་ཟེར་བ་ཧ་ལམ་སྲིད་མཐའ་ཙམ་རེད། དཔེར་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་རྗེས་སུ་དཔལ་འབྱོར་ཐོག་ཏུ་དཀའ་ངལ་མི་ཉུང་བ་ཞིག་ཡོད་ནའང་། རང་སྟོབས་རང་སྤེལ་སྒོ་ནས་རྡུལ་ཕྲན་མཚོན་ཆ་དང་། མཁའ་དཔྱད་འཕུར་གྲུ་སོགས་དེང་རབས་ཅན་གྱི་སྔོན་ཐོན་གྱི་ཚན་རིག་གི་ཐོན་རྫས་དེ་དག་རྒྱ་རིགས་རང་གི་སྐད་ཡིག་ལ་བརྟེན་ནས་སློབ་གཉེར་བྱས་ཏེ་ཤེས་ཐུབ་པ་ལས། དབྱིན་སྐད་ལ་སོགས་ཕྱི་རྒྱལ་གྱི་སྐད་ཡིག་ལ་བརྟེན་ནས་སློབ་སྦྱོང་བྱས་མེད་པ་ནི་སུས་ཀྱང་ཤེས། དེ་བཞིན་དུ་བོད་ཀྱི་ཡུལ་འདིར་ཞིང་འབྲོག་ས་ཁུལ་གྱི་གཞོན་ནུ་རྣམས་ལ་དེ་ལྟ་བུའི་ཚན་རིག་ལག་རྩལ་ཞིག་བསླབ་དགོས་ན། ངེས་པར་དུ་བོད་ཀྱི་སྐད་ཡིག་སྟེང་ནས་ཤེས་སླ། རྒྱ་སྐད་དང་དབྱིན་སྐད་སོགས་བརྒྱུད་ནས་ཚན་རིག་ལག་རྩལ་ལོ་ལྔ་ལ་སྦྱངས་པའི་གྲུབ་འབྲས་དེ། བོད་སྐད་དང་བོད་ཡིག་ཐོག་ཏུ་སྦྱངས་ན་ལོ་གཅིག་གིས་ཤེས་ངེས། གང་ཞེ་ན། མི་རིགས་གཞན་གྱི་སྐད་ཡིག་བྱང་ཆུབ་པ་ཞིག་ཤེས་པ་ལ་དུས་ཡུན་རིང་པོ་འགོར། སྐད་ཡིག་དེ་བརྒྱུད་ནས་ཚན་རིག་ཤེས་བྱ་སྦྱང་དགོས་ན། དུས་ཡུན་དེ་ལས་རིང་བར་འགོར་ངེས་པ་ནི་སུས་ཀྱང་ཤེས་སླ། དེས་ན་བོད་ཀྱི་ཞིང་འབྲོག་ས་ཁུལ་གྱི་ཕྲུ་གུ་རྣམས་ནི་བོད་ཀྱི་སྐད་ཡིག་མ་བསླབས་པར་མཁས་པ་ཆེན་པོའི་གོ་ས་ཐོབ་མི་སྲིད། འོན་ཀྱང་གྲོང་ཁྱེར་ཆེན་པོའི་ནང་དུ་སྡོད་པའི་བོད་རིགས་ཕྲུ་གུ་བོད་སྐད་མི་ཤེས་པ་རྣམས་ཀྱིས་ནི་རྒྱ་སྐད་དང་རྒྱ་ཡིག་ཁོ་ན་སྦྱོང་པས་འཐུས་སོ། །

གཉིས། སློབ་ཆེན་སྐབས་སུ་རྒྱ་ཡིག་དང་དབྱིན་ཡིག་ལ་ཤུགས་སྣོན་དགོས།
        དེ་ལྟར་རྨང་གཞིའི་སློབ་གསོའི་སྐབས་སུ་གཏན་འབེབས་ལྟར་རྒྱ་ཡིག་གི་རྨང་བཏིང་བ་དེའི་སྟེང་ནས་མཐོ་རིམ་སློབ་འབྲིང་དང་། སློབ་གྲྭ་ཆེན་མོའི་སྐབས་སུ་རྒྱ་ཡིག་དང་དབྱིན་ཡིག་ལ་ཤུགས་སྣོན་དགོས། མདོར་ན་རང་ལོ་བཅོ་ལྔ་བརྒལ་བའི་གཞོན་ནུ་རྣམས་ཀྱིས་ངེས་པར་དུ་རྒྱ་སྐད་ལ་ཤུགས་སྣོན་དགོས། རྒྱུ་མཚན་གང་ཞེ་ན། ང་ཚོའི་གནས་སྟངས་དང་བསྟུན་དགོས་པ་ཞིག་རེད། ང་ཚོ་སྲིད་འབྱོར་རིག་གསུམ་གང་ཐད་ནས་དུས་རྒྱུན་འབྲེལ་ལམ་ཆེ་ཤོས་དེ་རྒྱ་སྐད་རྒྱ་ཡིག་ཆགས་ཡོད་པ་དངོས་ཡོད་གནས་ཚུལ་རེད། དེས་ན་བོད་སྐད་བོད་ཡིག་ལ་བརྟེན་ནས་ཀླད་པའི་ནང་དུ་ཤེས་རིག་ཡོན་ཏན་མང་པོ་ཞིག་ཆགས་ཐུབ་པ་དང་། རྒྱ་སྐད་རྒྱ་ཡིག་ལ་བརྟེན་ནས་སྤྱི་ཚོགས་ཀྱི་འབྲེལ་བ་བྱེད་དགོས་པ་ཡིན་སྟབས། སྐད་གཉིས་བྱང་ཆུབ་པའི་མི་ཞིག་ཡིན་ན་དེ་ལ་ཁེ་ཚང་མང་པོ་ཞིག་ཐོབ་ངེས་ཡིན་ཏེ། རང་ཡུལ་དུ་ལས་ཀ་བྱེད་བདེ་བ་དང་། གཞན་ནང་ལོགས་ཀྱི་གྲོང་ཁྱེར་ཆེན་མོའི་ནང་དུ་ལས་ཀ་ཐོབ་པ་ལ་དམིགས་བསལ་རྒྱ་རིགས་རྣམས་ལ་མེད་པའི་མཐུན་རྐྱེན་ཞིག་ཡིན་པར་མ་ཟད། དེང་དུས་ཚན་རིག་གི་ཤེས་བྱ་གཏིང་ཟབ་པོ་ཐམས་ཅད་བོད་ཡིག་ཏུ་མེད་སྟབས། ང་ཚོ་མཁས་པ་ཆེན་པོ་ཞིག་བྱ་དགོས་ན། ངེས་པར་དུ་རྒྱ་ཡིག་དང་དབྱིན་ཡིག་བརྒྱུད་ནས་རིག་གནས་དང་། བསམ་བློ་རྒྱ་བསྐྱེད་གཏོང་དགོས་པ་རེད།
  འཛམ་གླིང་གི་སྲིད་འབྱོར་རིག་གསུམ། ཚན་རིག་ཤེས་བྱ་གང་ཞིག་གཏིང་ཟབ་པོ་ཞིག་དང་རྒྱ་ཆེན་པོ་ཞིག་ཞིབ་འཇུག་བྱ་དགོས་ན། དེ་དག་གི་དཔྱད་གཞིའི་ཡིག་ཆ་བོད་ཡིག་ཐོག་ཏུ་ད་ལྟ་མེད་སྟབས། ངེས་པར་དུ་རྒྱ་ཡིག་དང་། ཡང་ན་དབྱིན་ཇིའི་ནང་བཙལ་དགོས་པ་ནི་དངོས་ཡོད་གནས་ཚུལ་རེད། དེང་དུས་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་ཁ་བཤད་སྟོང་པ་བྱེད་མཁན་ཡང་ཡོད་པ་རེད། དཔེར་ན། བོད་ཡིག་ནང་དུ་ཐམས་ཅད་ཚང་ཡོད་པ་རེད། བཀའ་བསྟན་འགྱུར་ནང་དུ་རྡུལ་ཕྲན་མཚོན་ཆ་དང་། གནམ་གྲུ། མེ་འཁོར་སོགས་བཟོ་ཐབས་ཡོད་པ་རེད། ཟེར་སྲོལ་འདུག དེ་ནི་རང་མགོ་རང་གཡོག་གི་སྲོལ་རྒྱུན་ཞིག་རེད། གཞན་ཡང་རྒྱལ་སྤྱིའི་རང་བཞིན་ཅན་གྱི་མཁས་དབང་ཞིག་བྱ་རྒྱུའི་རེ་འདུན་ཡོད་ན། ངེས་པར་དུ་དབྱིན་ཇིའིི་སྐད་ཡིག་ལ་བརྟེན་ནས་རང་གི་རྣམ་དཔྱོད་མངོན་ཐུབ་པ་བྱ་དགོས། མདོར་ན། ཞིང་འབྲོག་ས་ཁུལ་དུ་འཚར་ལོངས་བྱུང་བ་ཞིག་ཡིན་ཚེ། བོད་ཡིག་ཡག་པོ་ཞིག་མ་ཤེས་ན། རང་རྒྱུད་ལ་ཡོན་ཏན་འབྱོངས་མི་ཐུབ། རྒྱ་ཡིག་མ་ཤེས་ན་རྒྱལ་ཁབ་ཀྱི་གཞུང་སྒོ་ནང་དུ་འཛུལ་མི་ཐུབ། དབྱིན་ཇིའི་སྐད་ཡིག་མ་ཤེས་ན་རྒྱལ་སྤྱིའི་ཐོག་མཁས་པའི་འབྲེལ་བ་བྱ་མི་ཐུབ། དེས་ན་ཐོག་མར་བྱིས་པའི་སྐབས་སུ་བོད་ཡིག་སྦྱོང་བརྩོན་བྱ། ན་གཞོན་སྐབས་སུ་རྒྱ་སྐད་རྒྱ་ཡིག་ལ་འབད། དར་ལ་བབས་ཚེ་དབྱིན་སྐད་སྦྱོང་བརྩོན་བྱ། དེ་ནི་ཞིང་འབྲོག་བོད་མིའི་སློབ་སྦྱོང་གི་དུས་ཀྱི་གོ་རིམ་ཡིན་དགོས། མིག་སྔར་དེང་རབས་ཚན་རིག་གི་རིག་གཞུང་རྣམས་བོད་ཡིག་ལ་བསྒྱུར་པ་ཧ་ཅང་ཉུང་། རྩིས་རིག་དང་། རྫས་འགྱུར། དངོས་ལུགས། སྐྱེ་དངོས་སོགས་འབྲིང་རིམ་སློབ་གྲྭའི་སློབ་དེབ་རྣམས་གང་འཚམ་ཞིག་བོད་ཡིག་ལ་བསྒྱུར་ཡོད་ནའང་། བོད་ཡུལ་ན་ལག་ལེན་བྱེད་མཁན་ཧ་ཅང་ཉུང་། དེ་བཞིན་དུ་དེང་དུས་གློག་ཀླད་ལ་སོགས་འཕྲུལ་ཆས་སྐོར་གྱི་རིག་གཞུང་རྣམས་བོད་ཀྱི་སྐད་ཡིག་ཐོག་ཏུ་བསྒྱུར་མེད་སྟབས། བོད་ཡིག་ཤེས་ཀྱང་གློག་ཀླད་ལ་སོགས་སྦྱོང་སྐབས་ཕན་ཐོགས་ཆེར་མེད་པའི་གནས་ཚུལ་འདི་ང་ཚོས་བསྒྱུར་བཅོས་བྱ་རྒྱུར་འབད་བརྩོན་བྱ་དགོས།

སྨྲས་པ།

ཆོས་སྲིད་གང་གིས་ཆེ་རྒུ་ཚོས། ། ལོ་ངོ་སྟོང་དུ་མ་འགྲུབ་པའི། ། བོད་ཁམས་ཡར་རྒྱས་གཏོང་འདོད་ན། །ནུས་པ་ཕ་མ་གཉིས་ལ་ལྡན། ། རང་ལ་ཡོད་པའི་ཕྲུ་གུ་རྣམས། ། ཡིག་རྨོངས་གཅིག་ཀྱང་མེད་པ་ཞིག།། བྱེད་མིན་ཕ་མ་གཉིས་ལ་རག།། ནུས་མིན་ཐེ་ཚོམ་བྲལ་བ་རེད། །གལ་སྲིད་མི་ཚང་འགའ་ཞིག་ལ། ། དཔལ་འབྱོར་དཀའ་ངལ་ཡོད་པ་ན། ། ཕ་མ་གཉིས་དང་སྤྱི་ཚོགས་བར། །འབྲེལ་འདྲིས་གྱིས་དང་རོགས་སྐྱོར་ཐོབ། ། སྙིང་རྗེ་ཅན་དང་འབྱོར་ལྡན་ཚོས། ། སློབ་ཡོན་གནང་དང་དགེ་འགྱུར་ཆེ། ། ལོ་ངོ་སུམ་ཅུ་ཙམ་གྱི་རྗེས། ། ཕ་མ་རྒས་ཀྱང་བུ་རྒྱུད་དར། ། སྲིད་འབྱོར་རིག་གསུམ་རྒྱས་པ་ཡི། ། ཡིའུ་ཐའེ་འདྲ་བའི་བོད་པ་ཡོང་། ། འདི་ལ་འགྲུབ་མིན་ཐེ་ཚོམ་མེད། ། བསྒྲུབ་མིན་རང་རང་བློ་ལ་དྲིས། ། ཡོན་ཏན་མེད་པའི་མི་རིགས་དེ། །གང་དུ་སོང་ཡང་བྲན་གྱི་རིགས། ། རང་སྐད་གཙོར་བཟུང་གཞན་སྐད་གང་མང་སྦྱང་། ། དེང་རབས་རིག་གཞུང་རང་གི་རྒྱན་དུ་ལེན། ། ཚན་རིག་དཔལ་ཡོན་གངས་ལྗོངས་ཡོངས་ལ་སྤེལ། ། བོད་མིའི་བདེ་སྐྱིད་འདྲེན་པའི་མདུན་ལམ་ཡིན། །
   ཐུབ་བསྟན་ཕུན་ཚོགས། ལྷོ་ནུབ་མི་རིགས་སློབ་ཆེན་གསོ་རིག་ཞིབ་འཇུག་ཁང་དུ་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1