༄༅།། གླིང་གེ་སར་རྒྱལ་པོ་ལས་ཀྱང་སྐྱིད་པའི་མི།
མཛེས་སེ། རྩོམ་སྒྲིག་པ།ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 08-27
མཛེས་སེ།
ལོ་ངོ་ཉི་ཤུ་ལྷག་འདས་པའི་རྗེས་ཏེ་ན་ནིང་དབྱར་ཁའི་ཉིན་ཞིག ངས་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་ལས་བདུད་འདུལ་གྱི་དཔེ་ཆ་ལ་ཡང་བསྐྱར་ཐེངས་གཅིག་མཇལ་བ་ཡིན་ཏེ། ལེའུ་དང་པོའི་མགོ་ཡི་ཤིས་བརྗོད་ཀྱི་ཤོ་ལོ་ཀ་གཅིག་གི་རྗེས་སུ། སྒྲུང་དཔེ་ནང་དུ་འདི་ལྟར་བྲིས་འདུག་སྟེ། སྐུ་རྗེ་འཛམ་གླིང་གེ་སར་རྒྱལ་པོ་དེས། གླིང་ཇ་མ་མིང་ཆེན་བཅུ་གསུམ་གྲོགས་སུ་བཀུག་ཚར་རྗེས་སུ། གླིང་སེང་ཆེན་རྒྱལ་པོ་དེས། གླིང་གི་སྤང་ལྗོངས་ཕྱུག་མོ་ཟེར་བའི་ལུང་བའི་ཕུགས་ཀྱི། རྫ་དང་གངས་རི་འདྲེས་པའི་ལྗོངས་ཤིག་ལ། རྟ་ཁྱུ་ལུང་བའི་གཡས་སུ་བརྒྱབ། ནོར་ཁྱུ་ལུང་བའི་གཡོན་དུ་བརྒྱབ། ལུག་ཁྱུ་ལུང་བའི་དཀྱིལ་དུ་བརྒྱབ་ནས། གེ་སར་སྐྱེས་བུ་དོན་གྲུབ་རང་གིས་ཀྱང་གོན་པའི་ལྭ་བའི་ཕུ་རུང་གཡས་པའི་ནང་དུ་མགོ་བཏང་། ཕུ་རུང་གཡོན་པའི་ནང་དུ་ཞབས་གཉིས་བཏང་། མ་སངས་ཀྱི་སྐྱིད་ཉལ་སྒོར་མོ་ཞིག་བརྒྱབ་ནས་གླིང་གི་གྲོ་མཚོ་སྨུག་པོར་གཟིམས་འདུག་ཚེ… …།
གོང་གི་ཚིག་འདི་བཀླགས་མ་ཐག་ཏུ། ང་རང་འཛམ་གླིང་མི་ཡི་ཉི་མ་སྐྱེས་མཆོག་གེ་སར་ནོར་བུ་དགྲ་འདུལ་ཁོང་ལ་བཤད་མི་ཤེས་པའི་དད་པ་སྐྱེས་སོང་།
ངའི་སེམས་སུ། སྔོན་ཆད་ཀྱི་བོད་ཀྱི་ས་ཆ་ཡུལ་ལུང་སོ་སོའི་སྲིད་སྐྱོང་རྗེ་བོ་དང་དཔོན་པོ་དག་ནི། ཉི་མ་རེ་རེར་ཕོ་བྲང་དུ་བཞུགས་ཤིང་ཁྲི་ཐོག་ནས་མི་འབབ་པ་ཞིག་གཏན་ནས་མ་ཡིན་པར། དུས་རྒྱུན་སྲིད་དོན་སོགས་བསྒྲུབས་ཚར་རྗེས་ངལ་རྩོལ་ལ་ཞུགས་ཤིང་ཐོན་སྐྱེད་ལ་འབད་པ་དང་། འབངས་མི་སེར་དང་ཐ་དད་མ་ཡིན་པའི་འཚོ་བ་རོལ་ཞིང་སྐྱིད་སྡུག་མཉམ་དུ་མྱངས་པ་རེད་སྙམ་བྱུང་། འཛམ་གླིང་གེ་སར་རྒྱལ་པོ་སོགས་དང་བསྡུར་ཚེ། དེང་སྐབས་ཀྱི་གངས་ལྗོངས་ས་ཆ་ཡུལ་ལུང་སོ་སོའི་རིམ་པ་ཁག་གི་གཞུང་ཞབས་པ་དང་། སྲིད་སྒྲུབ་ལས་ཁུངས་ཀྱི་དཔོན་པོའམ་མགོ་ཁྲིད་ཅེས་པའི་མིང་དང་གོ་གནས་བཟུང་ཡོད་མཁན་ཚོ་ནི་ཅི་འདྲའི་སྐྱིད་ཨང་།
ང་རང་ཕོགས་ཟན་གྱི་གྲས་སུ་ཚུད་པ་ནས་བཟུང་ད་བར་དུ་སྲིད་སྒྲུབ་ལས་ཁུངས་སུ་ལས་ཀ་གཉེར་མྱོང་མཁན་ཞིག་ཡིན་ལ། མིང་ཙམ་ལས་དབང་ཆ་ཆེན་པོ་མེད་པའི་གོ་གནས་ཀྱང་ཐོབ་མྱོང་། ན་ནིང་རྩོམ་རིག་སྒྱུ་རྩལ་དང་འབྲེལ་པ་ཡོད་པའི་ལས་ཁུངས་སུ་ལས་གནས་མ་སྤར་བའི་སྔོན་ལ། རང་ཉིད་ནི་ཅི་ཡང་ཤེས་པ་དང་ཅི་ཡང་ནུས་པ། གཞན་ལས་ཁྱད་དུ་འཕགས་པའི་མི་ཞིག་རེད་སྙམ་པའི་བློའང་སྐྱེས་མྱོང་། སྲིད་སྒྲུབ་ལས་ཁུངས་དང་བྲལ་ནས་ལས་རིགས་སོ་སོའི་ཤེས་ཡོན་པ་དང་འབྲེལ་འདྲིས་ཇེ་ཟབ་ཏུ་སོང་ཞིང་། ཕན་ཚུན་བསམ་བློ་སྤེལ་རེས་བྱེད་དུས། ད་གཟོད་ཁོང་ཚོའི་མིག་ལམ་མམ་སེམས་ནང་གི་གཞུང་ཞབས་པ་དང་སྲིད་སྒྲུབ་ལས་ཁུངས་ཀྱི་དཔོན་པོ་དག་ནི། རང་འཁྲིའི་ལས་འགན་གང་དེར་བྱང་ཆ་ཡོད་པ་ཙམ་མ་གཏོགས་ཕལ་ཆེར་ཅི་ཡང་མི་ཤེས་པ་དང་ཅི་ཡང་མི་ནུས་པ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་དང་ཕྲག་དོག་བཅས་ལས་གྲུབ་པའི་སྡུག་བསྔལ་གྱི་གཟུགས་བརྙན་ཙམ་ལས་མ་འདས་པ་གཞི་ནས་ཚོར་བྱུང་། ངས་རང་ཉིད་བརྒྱུད་འོང་བའི་ལམ་དེ་དང་དུས་རིམ་མི་འདྲ་བའི་གནས་སྟངས་འོག་གི་སེམས་བྱུང་ལ་བསམ་བློ་ཞིབ་ཏུ་གཏོང་དུས། ཁོ་བོའང་དེ་འདྲའི་གཟུགས་བརྙན་ཞིག་ཏུ་གྱུར་འདུག་པ་ཡུན་གྱིས་རྟོགས། འོ་ན། གཞུང་ཞབས་པ་དང་སྲིད་སྒྲུབ་ལས་ཁུངས་ཀྱི་དཔོན་པོ་དག་གི་མིག་ལམ་མམ་སེམས་ནང་དུ། ལས་རིགས་གཞན་དག་གི་ཤེས་ཡོན་པ་ནི་ཇི་ལྟ་བུ་ཞིག་རེད་དམ་ཟེར་ན། སློབ་གསོའི་ལས་རིགས་ཀྱི་དགེ་རྒན་དང་། འཕྲོད་བསྟེན་ལས་རིགས་ཀྱི་སྨན་པ་དང་། རིག་གཞུང་ལས་རིགས་ཀྱི་ཞིབ་འཇུག་པ་དང་། རྩོམ་རིག་ལས་རིགས་ཀྱི་སྒྲུང་གཏམ་པ་དང་ལྷུག་རྩོམ་པ་དང་སྙན་ངག་པ་དང་། སྒྱུ་རྩལ་ལས་རིགས་ཀྱི་རོལ་མོ་པ་དང་རི་མོ་པ་དང་བྲོ་གར་མཁན་དང་། གཞས་པ་གཞས་མ་སོགས་ཀྱང་རང་འཁྲིའི་ལས་འགན་གང་དེར་བྱང་ཆ་ལྡན་པ་ཙམ་མ་གཏོགས་ཕལ་ཆེར་ཅི་ཡང་མི་ཤེས་པ་དང་ཅི་ཡང་མི་ནུས་པ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་དང་ཕྲག་དོག་བཅས་ལས་གྲུབ་པའི་སྡུག་བསྔལ་གྱི་གཟུགས་བརྙན་ཙམ་ལས་མ་འདས་སོ། །
བོད་པའི་ཁྲོད་ཀྱི་གཞུང་ཞབས་པ་དང་སྲིད་སྒྲུབ་ལས་ཁུངས་ཀྱི་དཔོན་པོ་དག་ལ་སྐྱོན་ག་ཚོད་ཡོད་པ་ངས་རེ་རེ་བཞིན་བགྲང་མི་ནུས་ཏེ། ཁོང་ཚོའི་མི་གྲངས་ཕྱེད་ཀ་ལ་རང་ཚོད་ཟིན་པའི་ཡོན་ཏན་ཞིག་ཡོད་སྲིད། ལས་རིགས་གཞན་དག་གི་ཤེས་ཡོན་པ་རྣམས་ལ་ལེགས་ཆ་ཅི་ཙམ་ཡོད་པ་ངས་གཅིག་གཅིག་གཉིས་གཉིས་བརྩི་མི་ཐུབ་སྟེ། ཁོང་ཚོའི་མི་གྲངས་ཕྱེད་ཀ་ལ་རང་ཚོད་མི་ཟིན་པའི་སྐྱོན་ཡོད་ཁོ་ཐག་རེད། འཛམ་གླིང་གེ་སར་རྒྱལ་པོའི་དུས་སྐབས་དེར། རྒྱལ་བློན་དང་འབངས་མི་སེར་བར་གྱི་འབྲེལ་པ་ནི་འདྲ་མཉམ་ཡིན་པ་དང་། སྤྱི་ཚོགས་འཚོ་བ་དང་དཔལ་འབྱོར་ཐོན་སྐྱེད་ཀྱི་ཁྲོད་དུ་གཅིག་ལ་གཅིག་བརྟེན་དང་། ཕན་ཚུན་ཕྱོགས་གཉིས་ཀར་ཕན་པའི་ལུགས་མཐུན་དྲང་གཞག་གི་མཉམ་ལས་ཀྱི་འབྲེལ་པ་ཞིག་ཆགས་ཡོད་པ་སྒྲུང་རབས་ལས་ཤེས་ཐུབ། བདུད་འདུལ་ཞེས་པའི་སྒྲུང་དཔེ་དེའི་ཁྲོད་དུ། བདུད་ཀླུ་བཙན་རྒྱལ་པོ་ནི་ནམ་རྒྱུན་མངའ་ཁོངས་ཀྱི་ཕྱུགས་དཀར་ནག་གི་བདེ་འཇགས་དང་མི་མང་གི་འཚོ་ཚིས་ལ་སེམས་ཁུར། རང་དབང་དང་རྩིས་ཐང་སྲུང་སྐྱོང་བྱེད་པར་སྐུ་དངོས་སུ་ཡུལ་ལུང་ཀུན་ཏུ་སོ་ལྟ་དང་ས་སྲུང་ལ་ཕེབས་བཞིན་ཡོད་པ་རེད། འོན་ཀྱང་དེང་སྐབས་བོད་མིའི་སྤྱི་ཚོགས་སུ། གཞུང་ཞབས་པ་དང་སྲིད་སྒྲུབ་ལས་ཁུངས་ཀྱི་དཔོན་པོ་ཡིན་ནའང་འདྲ། ལས་རིགས་གཞན་དག་གི་ཤེས་ཡོན་པ་ཡིན་ནའང་འདྲ། སོ་སོའི་སེམས་ཁོང་དུ་རང་ཉིད་ནི་ཀུན་ལས་ཁྱད་དུ་འཕགས་པ་དང་གཞན་ལས་མཁས་ཤིང་མཛངས་པར་རློམ་ནས། རང་ཉིད་དང་མི་གཞན་གྱི་བར་དུ་དབྱེ་བ་གསལ་བོར་འབྱེད་རྒྱུར་དགའ་བ་དང་། མི་མང་ལ་མཐོང་ཆུང་སྣང་མེད་ཁྱད་གསོད་བྱེད་རྒྱུར་གོམས་ནས། རང་མཆོག་གཞན་དམན་གྱི་བསམ་བློ་དང་སྤྱོད་པ་ཤིན་ཏུ་ཚབས་ཆེར་གྱུར་འདུག་པ་ད་ལྟ་མིག་གིས་མཐོང་རྒྱུ་ཡོད་ལ་རྣ་ཡིས་ཐོས་རྒྱུ་འདུག སྟོང་བསམ་གྱི་ཀློང་ལ་ཉུལ་རྒྱུར་དགའ་བའི་གཞུང་ཞབས་པ་དང་སྲིད་སྒྲུབ་ལས་ཁུངས་ཀྱི་དཔོན་པོ་སྐོར་ཞིག་གིས། མི་མང་གི་སྤྱི་དོན་ལ་མི་བསམ་པར་སྒེར་དོན་རྐྱང་རྐྱང་བསྒྲུབས་པ་ལས་གཞན་ད་དུང་རང་ཉིད་ནི་ཡུལ་ལུང་ཐམས་ཅད་ཀྱི་གཞུང་ཞབས་པ་དང་། ལས་ཁུངས་ཡོད་དོ་ཅོག་གི་དཔོན་པོ་ཡིན་པའི་འཁྲུལ་སྣང་སྐྱེས་ཀྱིན་ཡོད་པ་རེད།
ང་དང་མཚུངས་པར་ཁ་ནས་ཅི་བཤད་མེད་པའི་སོ་སྐྱེ་ཕལ་བ་མང་པོས་གཞུང་ཞབས་པ་དང་དཔོན་པོ་ཚོའི་སྐྱོན་མཚང་འདྲུ་བཞིན་ཡོད་མོད། དོན་དམ་དུ་རྨི་ལམ་སྐྱིད་པོ་རྨི་བར་ལོབས་པའི་ལས་རིགས་གཞན་དག་གི་ཤེས་ཡོན་པ་སྐོར་ཞིག་གིས་ཀྱང་། ངག་ལས་མི་རིགས་དར་རྒྱས་དང་རིག་གནས་གོང་འཕེལ་གྱི་ཆེད་དུ་ཞེས་སྨྲ་བ་དང་། ཁོག་པའི་ནང་དུ་གཞུང་ཞབས་པ་དང་དཔོན་པོའི་དྲན་ཚུལ་དང་གཉིས་སུ་མ་མཆིས་པའི་གཡོ་སྒྱུ་དང་སྒེར་སེམས་ཀྱིས་གད་རྒྱངས་སྒྲོག་གིན་ཡོད་པ་ཞིབ་ཏུ་ཉན་ན་ཐོས་ཐུབ་བོ། །
ཁོང་ཚོའི་ཀླད་པ་རྙིང་བའི་ནང་དུ་ནམ་ཡང་ང་ནི་དགེ་རྒན་ཏེ་ང་འདྲའི་མང་དུ་ཐོས་པ་ཤིན་ཏུ་ཉུང་། ང་ནི་སྨན་པ་སྟེ་ང་ལས་བྱམས་སེམས་ཅན་ཞིག་བཙལ་མི་རྙེད། ང་ནི་ཞིབ་འཇུག་པ་སྟེ་ངའང་རྒྱ་མཚོ་བཞིན་དུ་ཟབ་ཅིང་ཡངས་སྙམ་ཞིང་། རང་གིས་རང་ལ་ཕོ་བྲང་བཞེངས། ཁྲི་བརྩིགས། ཆོ་ལོ་སྦྱར། རྐང་པ་གཉིས་ཀ་ས་ལ་བབས་མ་མྱོང་བ་ལྟར་སྣང་བ་སྐྱིད་པོའི་ངང་དུ་བསྡད་ཡོད་པ་རེད། ཡང་གཅིག་བཤད་ན། ཁོང་ཚོས་དང་ཐོག་དེ་ལྟར་དྲན་མེད་ན་ཐང་མོད། ཉེ་འཁོར་གྱི་རྒྱུག་ཁྱི་ལྟ་བུའི་མི་འགའ་རེས་རྒྱུན་དུ་འུད་བསྟོད་བྱས་མཐར་རང་ཉིད་ཀྱིས་ཀྱང་དེ་ལྟར་མི་འདོད་པའི་ངེས་པ་ག་ལ་ཡོད། དཔེར་ན་ས་ཆ་ལ་ལའི་དགོན་པའི་བླ་སྤྲུལ་དང་མཁན་པོ་དགེ་བཤེས་ང་རྒྱལ་ཅན་རྣམས་ཀྱང་། རྗེས་འབྲངས་པ་དག་གིས་ཁ་ཡག་ངོ་དགའ་དང་ཕྲ་མའི་གཏམ་གྱིས་བསླུས་པས། རང་ངོ་རང་གིས་ཟིན་དཀའ་བ་དང་ཁ་ཕྱོགས་གང་འགྲིག་མ་མཁྱེན་པར་མགོ་འཁོར་ནས། ཁྲོམ་མདོའི་སྨྱོན་པ་ཇི་བཞིན་རིག་རིག་ཐུག་ཐུག་ལ་སྐྱོན་འཛུགས་དང་ཟུར་ཟ་དང་དམའ་འབེབས་བྱས་ཏེ། རང་ཉིད་སྐུ་དངོས་ཀྱིས་རང་ཉིད་བརྫད་པ་རེད་མ་གཏོགས། ཁོང་རྣམ་པའི་ཐུགས་རྒྱུད་དུ་སྔོན་མ་ནས་རང་ཉིད་ནི་ཆེན་པོ་ཞིག་ཡིན་སྙམ་མེད་པར་ང་རང་ཡིད་ཆེས་ཡོད། ཡང་དཔེར་ན་གྲོང་སྡེ་ཆུང་ཆུང་ཞིག་ཏུ་གྲགས་པ་འབར་བའི་སྙན་ངག་པ་དང་། ཡང་ན་རང་གི་ཡུལ་སྐད་ལུང་སྐད་ཀྱིས་མ་གཏོགས་རྩོམ་བྲི་མི་ཤེས་པའི་སྒྲུང་གཏམ་པ་ཞིག་ལ་བོད་ཁམས་ཡོངས་སུ་དགའ་བསུ་ཐོབ་པའི་རྩོམ་མཁན་ཞེས་ཟེར་ན་བཞད་གད་ཀྱི་རྒྱུ་རུ་འགྲོ་ཨེ་སྲིད། དེ་བས། བོད་པའི་ཁྲོད་ཀྱི་གཞུང་ཞབས་པ་དང་སྲིད་སྒྲུབ་ལས་ཁུངས་ཀྱི་དཔོན་པོ། ལས་རིགས་ཁག་གི་ཤེས་ཡོན་པ་ཚོས་རང་ཉིད་ལ་དགའ་པོ་བྱེད་མཁན་དང་རྗེས་སུ་འབྲང་མཁན་དེ་ཚོར་གཟབ་གཟབ་མ་བྱས་ཚེ། ཉིན་ཞིག་བདུད་ཀླུ་བཙན་རྒྱལ་པོ་ལྟར་དུ་རང་གི་སྲིང་ཆུང་ཨ་སྟག་ལྷ་མོ་དང་བློན་པོ་ག་དར་ཕྱིང་སྔོན་དང་། བཙུན་མོ་མེ་བཟའ་འབུམ་སྐྱིད་སོགས་ཀྱིས་བརླག་པར་འགྱུར་བའི་ཉེན་ཁ་ཅུང་ཆེའོ། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1