༄༅།། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ་ལས་དཔར་ཤིང་མི་འདྲ་བའི་བར་གྱི་གནད་དོན་འགའ་གླེང་བ།

སྙན་བཟང་པ་མཁར་བྱམས་ཐར། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 09-03


སྙན་བཟང་པ་མཁར་བྱམས་ཐར།
        [ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་དུ་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཤིང་པར་དུ་ཇི་ལྟར་བརྐོས་པའི་བརྒྱུད་རིམ་དང་། དུས་དང་ཡུལ་མི་འདྲ་བའི་པར་ཤིང་གི་ཁྱད་པར། ཆོས་ཚན་གྱི་མཚན་བྱང་མི་འདྲ་བ་དང་ཆད་ལྷག་གི་སྐོར། དཔེ་བསྡུར་མ་སྤྱིའི་བསྡུར་སྟངས་སོགས་གསལ་བརྗོད་བྱས་ཡོད།
        [བརྡ་ཆད་གཙོ་བོ།] རྗེ་ཡབ་སྲས། དཔར་ཤིང་། མཚན་བྱང་། ཆད་ལྷག དུམ་གྲངས། བསྡུར་ཐབས།
        [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] G256.1
        [ཡིག་ཚང་མཚན་བྱང་།] A
        [རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2016-04-0147-14
        དང་པོ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཤིང་པར་དུ་ཇི་ལྟར་བརྐོས་པའི་བརྒྱུད་རིམ།
        དེ་ཡང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཤིང་པར་དུ་ཇི་ལྟར་བརྐོས་པའི་བརྒྱུད་རིམ་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་བོད་ཀྱི་དཀར་ཆག་རིག་པ་ལས། “བོད་དུ་དཔར་ཤིང་རྐོ་བའི་ལག་རྩལ་ཐོག་མར་དར་ནས་ཡུན་རིང་མ་སོང་བར་རྗེ་ཙོང་ཁ་པ་སྐུ་འདས་ཤིང་། དེ་ནས་ལོ་བཅུ་བདུན་སོང་བའི་མེ་རྟ་སྤྱི་ལོ་1426ལོར་གོང་དཀར་དང་སྣེའུ་རྫོང་དཔོན་ནམ་མཁའ་བཟང་པོ་བཅས་ལ་རྒྱལ་ཚབ་རིན་པོ་ཆེ་དང་། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་སོགས་ཀྱིས་བཀའ་གནང་བ་ལྟར་རྗེ་ཙོང་ཁ་པའི་གསུང་འབུམ་ཆ་ཚང་དཔར་སྐྲུན་བྱས་པ་དེའི་གྲས་དེ་སྔོན་རྩེ་པོ་ཏ་ལ་དང་། སེ་འབྲས། འོན་རྒྱལ་སྲས་བླ་བྲང་། ཀུན་བདེ་གླིང་བཅས་ཀྱི་དཔེ་མཛོད་ཁང་དུ་ཆ་ཚང་ཡོད། དཔར་ཤིང་དེ་ལ་དགའ་ལྡན་དཔར་རྙིང་ཟེར་ཞིང་དེ་སྔོན་རིག་གནས་གསར་རྗེའི་གོང་ཙམ་བར་དགའ་ལྡན་ཟུང་ཇུ་ཁང་ཚན་དུ་བཞག་ཡོད་པ་དེའི་ཡིག་གཟུགས་དཔེ་ཆ་ལག་བྲིས་མ་དང་ནོར་འགྲོ་བ་ལྟ་བའི་དཔར་རྐོའི་ལག་རྩལ་ཧ་ལས་པ་ཞིག་འདུག དཔར་ཤིང་དེའི་དབུ་ལྷ་རྣམས་དབུ་དང་སྐུ་གཟུགས་ཆ་སྙོམས་ཤིང་། སྐུ་གཟུགས་ཀྱི་དཔུང་ཞེང་ཆེ་ལ་སྐུ་སྐེད་ཕྲ་བ། ཞལ་རས་ཀྱང་དེ་ཙམ་ལེགས་པོ་མེད་པ་ཞིག་ཡོད། དེའི་རྗེས་སུ་རིམ་བཞིན་བྱུང་བའི་དཔར་རྐོའི་ལག་རྩལ་རྣམས་དགའ་ལྡན་དཔར་རྙིང་གི་ཡིག་གཟུགས་ལ་དོ་ཐུབ་པ་ཞིག་བྱུང་མེད།”①ཅེས་དང་། དེ་ལྟར་རྗེ་ཙོང་ཁ་པ་ཆེན་པོ་སྐུ་འདས་རྗེས་ཁོང་གི་སློབ་མ་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་དགའ་ལྡན་ཁྲི་བ་གནང་སྐབས། “སྣེའུ་རྫོང་དཔོན་ནམ་མཁའ་བཟང་པོས་སྦྱིན་བདག་བྱས་ནས་རྗེ་ཙོང་ཁ་པའི་གསུང་འབུམ་ཆ་ཚང་དཔར་བརྐོས་བྱས་པའི་དཔར་ཤིང་དེར་ཡོངས་གྲགས་སུ་དགའ་ལྡན་དཔར་རྙིང་ཟེར་ཞིང་། དཔར་ཤིང་དེའི་ཐོག་དཔར་འདེབས་བྱས་པའི་དཔེ་ཆ་མང་པོ་དེང་སང་ལྷ་ས་པོ་ཏཱ་ལ་དང་། སེ་ར། འབྲས་སྤུངས་བཅས་སུ་མང་པོ་མཐོང་རྒྱུ་ཡོད་པ་དེ་ཚོའི་ཁྱད་ཆོས་ནི་དཔར་ཤིང་གི་མགོར་ཡོད་པའི་ལྷ་སྐུ་རྣམས་དབུ་ཆེ་ཞིང་། སྐུ་སྐེད་དང་ཕྱག་ཞབས་ཕྲ་བ། སྐུ་སྟོད་ཞེང་ཆེ་བ་སོགས་དབུ་ལུས་མཚུངས་པོ་མེད་པས་ལག་རྩལ་ལེགས་པོ་མེད་ཀྱང་དཔར་ཡིག་གི་ཡིག་གཟུགས་ནི་ཟངས་དཔར་དང་། ཁྲོ་དཔར་ཐོག་བཀོད་པའི་ཡིག་གཟུགས་དང་འདྲ་བར་ཧ་ལས་དགོས་པའི་ལག་རྩལ་མཐོན་པོ་ཡོད་པ་རེད།”②ཞེས་གསུངས་པ་ལྟར་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་ཤིང་པར་དུ་བརྐོས་པའི་ཐོག་མ་ནི་དགའ་ལྡན་པར་རྙིང་ཡིན་ཏེ། འདི་ལ་དགའ་ལྡན་པར་རྙིང་གི་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཤིང་པར་མ་ཞེས་སུ་གྲགས།
        དེ་ནས་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ཀྱིས་གཙང་བཀྲ་ཤིས་ལྷུན་པོར་དུས་རབས་བཅུ་བདུན་པའི་ནང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་ཤིང་པར་དུ་བརྐོས་ནས་བཀྲ་ཤིས་ལྷུན་པོའི་པར་ཁང་དུ་བཞུགས་སུ་གསོལ་བ་དང་། དེ་བཞིན་བཀའ་གདམས་པ་དང་དགེ་ལུགས་ཀྱི་ཆོས་དཔེ་མང་པོ་དང་། པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་རིམ་བྱུང་གི་གསུང་འབུམ་བཅས་པར་སྐྲུན་བྱས་ཡོད། འདི་ལ་གཙང་པར་མའི་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཤིང་པར་མ་ཞེས་སུ་གྲགས།
        དེ་ནས་ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་འཇམ་དབྱངས་བཞད་པ་སྐུ་འཕྲེང་གཉིས་པ། ཀུན་མཁྱེན་འཇིགས་མེད་དབང་པོས་སྤྱི་ལོ་1761ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་པར་ཁང་དང་པར་བརྐོ་ཐོག་མར་བཙུགས། སྤྱི་ལོ་1773ལོར་ཁོང་གིས་རིག་གནས་སྐོར་སོགས་ཕྱག་དཔེ་འགའ་ཞིག་རྩོད་སྒྲུབ་ཀྱི་ཆེད་དུ་མགྲོན་གཉེར་བ་ཤེས་རབ་རྒྱ་མཚོ་སྡེ་དགེའི་ཕྱོགས་སུ་ཆེད་གཏོང་གནང་། ཕྱིས་སུ། དབུས་ཕྱོགས་ཀྱི་བོད་མཁས་པ་སྔ་མ་རྣམས་ཀྱི་གསུང་རྩོམ་དཔེ་རྒྱུན་ཤིན་ཏུ་དཀོན་པོར་ཡོད་པ་མང་པོ་འཚོལ་ཞིབ་ཀྱི་ཕྱིར་དུ་གསོལ་དཔོན་ཀུན་དགའ་དང་། དཀའ་བཅུ་བ་དཀོན་མཆོག་རྒྱ་མཚོ་གཉིས་དབུས་གཙང་གི་ཕྱོགས་སུ་མངགས། དགེ་བཤེས་རྣམ་གཉིས་གར་ཕེབས་སུ་དཔེ་རྒྱུན་དཀོན་པོ་གང་ཡོད་རྩད་བཅད་དེ་ཡོན་གྱིས་བླུས་པ་དང་། དད་འབུལ་བྱུང་བ་བཅས་ཡོད། ཕལ་ཆེར་པོ་ཏི་རེ་རེར་དངུལ་སྲང་བཅོ་བརྒྱད་རེ་སོང་། སྔ་ཕྱིར་ཕྱག་དཔེ་ཁྲི་ཕྲག་བརྒལ་བ་བསྒྲིགས། དེ་ནས་མངའ་རིས་དར་ཧན་ཆོས་རྗེའི་སྦྱིན་བདག་དང་། རབ་འབྱམས་པ་ཀུན་དགའ་བསྟན་འཛིན་ལ་ཆེད་གཉེར་ཀྱི་བཀའ་ཕབ་སྟེ། དགོན་པའི་གྲྭ་པ་ཁ་ཤས་ལ་པར་བརྐོ་ཚུལ་སློབ་ཏུ་བཅུག་ནས། ཐོག་མར་བློ་རྟགས་གཉིས་ཀྱི་པར་བརྐོས་ཤིང་། དེ་ནས་རིམ་གྱིས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་པར་དུ་བརྐོས། འདི་ལ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཤིང་པར་མ་ཞེས་སུ་གྲགས། དེ་ནས་ཨ་མདོ་རྗེ་སྐུ་འབུམ་དགོན་དུ“བོད་རབ་བྱུང་བཅུ་གསུམ་པའི་མེ་ཕག་སྤྱི་ལོ་1762ལོར་སྐུ་འབུམ་དགོན་པའི་ཁྲི་ཆེན་ཞེ་དགུ་པ་ངག་དབང་ཆོས་ཀྱི་ཉི་མ་དང་། ཚོགས་ཆེན་ཞལ་ངོ་རབ་འབྱམས་པ་འཇམ་དབྱངས་རབ་བརྟན། སྐུ་འབུམ་དགོན་པའི་བླ་བྲང་ཕྱག་མཛོད་རབ་འབྱམས་པ་རྣམ་རྒྱལ་ཆོས་འཛིན། སྤྱི་སོ་ཆེན་མོའི་སྡེ་བ་རྣམ་གཉིས། སྐུ་འབུམ་ཚོ་དྲུག་གི་གྲྭ་རྒན་བཅས་ཚང་མས་བཀའ་གྲོས་ཞིབ་མོ་གནང་སྟེ་ཐམས་ཅད་ཀྱི་འདོད་བློ་གཅིག་མཐུན་གྱི་སྒོ་ནས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་པར་དུ་བརྐོ་རྒྱུ་མོས་མཐུན་བྱུང་། ལོ་དེའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ནས་བཟུང་རྗེ་གསེར་ཏོག་མཁན་ཆེན་དང་། སྟག་མཚེར་མཁན་ཆེན་རྣམ་གཉིས་ཀྱིས་པར་དུ་བརྐོ་རྒྱུའི་ལས་འགན་བཞེས་ནས་པར་སྐྲུན་གྱི་ལས་གཞིའི་མགོ་ཚུགས།དེ་ལ་ཞུས་དག་པ་རྗེ་ཆེ་ཤེས་ཡོངས་འཛིན་ངག་དབང་འཇམ་དབྱངས་དབང་རྒྱལ། ཨ་ཀཱ་ཡོངས་འཛིན་བློ་བཟང་དོན་གྲུབ། དཀའ་བཅུ་ཚུལ་ཁྲིམས་རབ་རྒྱས་སོགས་དང་། པར་ཤིང་གི་དབུའི་བླ་སྐུ་འབྲི་མཁན་ལྷ་བཟོ་རབ་འབྱམས་པ་བློ་བཟང་འཕྲིན་ལས། པར་ཡིག་འབྲི་མཁན་དགེ་སློང་འཇམ་དབྱངས་རིན་ཆེན་དང་། དགེ་སློང་དགེ་འདུན་དར་རྒྱས་སོགས་དང་། པར་བརྐོ་པ་དགེ་སློང་བསྟན་པ་ཡར་འཕེལ་དང་། བསྟན་འཛིན་ཡར་འཕེལ། བསྟན་འཛིན་རྒྱ་མཚོ་སོགས་ཀྱིས་འབད་རྩོལ་དང་ལེན་ཁུར་དུ་བཞེས་ནས།མ་ཞུས། བུ་ཞུས། བསྐྱར་ཞུས། པར་ཞུས་ཏེ་ཞུས་དག་བཞི་རེ་མཛད་དེ། དངུལ་སྲང་ལྔ་བརྒྱ་དང་བཅུ་དྲུག་དོང་ཙེ་ཆོན་ཁྲི་ཚོ་གཉིས་དང་སྟོང་ཕྲག་གཉིས་བརྒལ་བའི་རྒྱུ་ཟོང་གིས། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་པར་དུ་བསྒྲུབས་པ། རབ་ཡིད་དགའ་བ་ཆུ་འབྲུག་སྤྱི་ལོ་1772ལོར་ཡོངས་སུ་གྲུབ་པར་འཕྲལ་དུ་རབ་གནས་རྒྱས་པར་མཛད་དོ།།”③འདི་ལ་ཨ་མདོ་རྗེ་སྐུ་འབུམ་དགོན་གྱི་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཤིང་པར་མ་ཞེས་སུ་གྲགས། དེ་ནས་ཨ་མདོ་སྐུ་འབུམ་དགོན་གྱི་ཤིང་པར་མའི་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་ད་ལྟ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་བརྡལ་དང་དར་སྤེལ་བྱུང་ཡོད།
        ལྷ་སའི་ཞོལ་པར་མ་ནི་སྔར་རྒྱལ་དབང་ལྔ་པའི་སྐབས་ཡོད་པའི་ཞོལ་པར་ཁང་རྙིང་པ་དེ་སླར་གསོ་བྱས་པའི་རྨང་གཞིའི་སྟེང་བྱུང་ཞིང་། ཕྱིས་སུ་རྒྱལ་དབང་བཅུ་གསུམ་པའི་(1876-1933)སྐབས་རྒྱ་བསྐྱེད་བཏང་སྟེ་བཀའ་འགྱུར་ཆ་ཚང་དང་མདོ་དབུས་ཁམས་གསུམ་གྱི་མཁས་པ་མང་པོའི་གསུང་འབུམ་གྱི་པར་ཁང་ཞིག་ཏུ་གྱུར།
        གཉིས་པ། དུས་ཀྱི་སྒོ་ནས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཤིང་པར་མ་མི་འདྲ་བའི་ཁྱད་པར།
        དེ་ཡང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཤིང་པར་མ་དག་ལ་མཚོན་ན་དུས་ཡུན་རིང་ཐུང་གི་སྒོ་ནས་མི་འདྲ་བ་དང་ས་གནས་ཡུལ་ཁག་གི་དབང་གིས་མི་འདྲ་བ་གཉིས་ཡོད་པ་ལས། དུས་ཡུན་གྱི་ཆ་ནས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ལས་ཤིང་པར་མ་ཆེས་སྔ་ཤོས་ནི་དགའ་ལྡན་པར་རྙིང་ཡིན་ལ། དགའ་ལྡན་པར་རྙིང་ནི་རྗེ་རིན་པོ་ཆེ་ཁོང་ཞལ་བཞུགས་དུས་སུ་《བྱང་ཆུབ་ལམ་རིམ་ཆེན་མོ་》དང་། 《ལེགས་བཤད་གསེར་འཕྲེང་》སོགས་གླེགས་བམ་འགའ་དངོས་སུ་ཤིང་པར་དུ་རྐོས་ཟིན་ནའང་སྐབས་དེར་རྗེ་གསུང་འབུམ་ཆ་ཚང་ཤིང་པར་དུ་བརྐོས་མི་འདུག གསུང་འབུམ་ཆ་ཚང་བ་ཕྱིས་སུ་ཤིང་པར་དུ་བརྐོས་པ་ཞིག་ཡིན་ལ།དེ་ལྟར་ན་དགའ་ལྡན་པར་རྙིང་གི་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ནི་ཆེས་སྔ་བའི་ཤིང་པར་དུ་བརྐོས་པ་ཞིག་ཡིན་པས་ན། པོད་རྟགས་དང་། པར་བྱང་སྨོན་ཚིག་མེད་པ་དང་། གི་གུ་ཕྱིར་ལོག་ཏུ་བྲིས་པ། ཡང་འཇུག་རྗེས་འཇུག་གི་འོག་ཏུ་བྲིས་པ་སོགས་ཡིག་རྙིང་གི་འབྲི་སྟངས་མང་པོ་ཞིག་ཡོད།
རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་《གཙང་པར་མ་》དང་ལྷ་སའི་《ཞོལ་པར་མ》 《སྐུ་འབུམ་པར་མ》《ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་པར་མ་》རྣམས་སུ་པོད་རེ་རེར་པོད་རྟགས་ཡོད་པར་མ་ཟད། 《བྱང་ཆུབ་ལམ་རིམ་ཆེན་མོ་》ནི་པར་གཞི་མི་འདྲ་བ་ཚང་མར་ཐུན་མོང་གི་པོད་རྟགས་(པ)ཡིན་པ་དང་། པར་བྱང་སྨོན་ཚིག་ཀྱང་དགོན་པ་རང་རང་གི་གཅིག་གྱུར་གྱི་པར་བྱང་སྨོན་ཚིག་རེ་བཀོད་ཡོད། དགའ་ལྡན་པར་རྙིང་དུ་མིང་ཚིག་ལ་ལར་དཔེར་ན། གདམ་ངག་དང་དབུས་རྩང་བཅྭ་བརྒྱད་སོགས་མིང་ཚིག་བཀོད་སྟངས་གསུང་འབུམ་ཕྱི་མ་དག་དང་བསྡུར་ན་ཁྱད་ཆེན་པོ་འདུག གོང་གི་མིང་ཚིག་དེ་དག་ནི་ཡི་གེ་བྲིས་ནོར་མ་ཡིན་པ་དགའ་ལྡན་པར་རྙིང་རང་དུ་ཐ་སྙད་གཅིག་གཉིས་ཙམ་མ་ཡིན་པར་མང་པོ་འབྱུང་བ་ལས་ཤེས་ཐུབ། གདམ་ངག་དང་དབུས་རྩང་གཉིས་ཀྱི་“གདམ་”དང་“རྩང་”གཉིས་འདི་ལྟར་བྲིས་པ་ཡིག་རྙིང་དུ་འབྱུང་བ་མ་ངེས་མོད། བཅོ་བརྒྱད་དང་བཅོ་ལྔ་ལ་“བཅྭ་”དང་ཡང་ན་“བཅྭོ་”ཞེས་ཏུན་ཧོང་ཡིག་རྙིང་དུ་མང་པོ་བྱུང་ཡོད་པར་བལྟས་ན་ཡིག་རྙིང་གི་འབྲི་ལུགས་ཤིག་ཡིན་པ་གསལ་བོར་ཤེས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བཏབ་པའི་《ལམ་རིམ་ཆེན་མོ་》ལ་ཨ་ལགས་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་ཚང་གིས་ཞུ་དག་མཛད་སྐབས། 《ལམ་རིམ་ཆེན་མོ་》ནང་དུ་ནག་ཚོ་ལོ་ཙཱ་བས་《ཇོ་བོ་རྗེ་ལ་བསྟོད་པ་ཤོ་ལོ་ཀ་བརྒྱད་ཅུ་》ལས། “གསང་སྔགས་ཐེག་པའི་གཞུང་ལྟར་ན།། བསྐྱེད་པའི་རིམ་པ་བརྟན་པར་ངེས།། ཕ་རོལ་ཕྱིན་པའི་གཞུང་ལྟར་ན།། སྦྱོར་བའི་ལམ་པ་ཡིན་པར་གསལ།། ”ཞེས་ཤོ་ལོ་ཀ་འདིའི་ཚིག་རྐང་དང་པོ་གཉིས་ཀྱིས་མཉམ་མེད་ཇོ་བོ་རྗེ་ཁོང་ནི་སྔགས་ལུགས་ལྟར་ན་བསྐྱེད་རིམ་གྱི་རྟོགས་པ་ལ་གནས་པར་བསྟན་པ་དང་། ཚིག་རྐང་ཕྱི་མ་གཉིས་ཀྱིས་མདོ་ལུགས་ལྟར་ན་སྦྱོར་ལམ་པའི་རྟོགས་པ་ལ་གནས་པར་བསྟན་པ་ཡིན་པས་ཚིག་རྐང་བར་མ་གཉིས་མེད་ན་ཕན་ཚུན་འགྲེལ་མི་ཆགས་པས་ཁོང་གིས་དགའ་ལྡན་པར་རྙིང་ན་ཡོད་མེད་གཟིགས་དགོས་ཞེས་བར་མཚམས་དེར་རྟགས་ཤིག་རྒྱབ་ཡོད་དོ།། ཨ་ལགས་ཤར་གདོང་ཚང་གིས་ཀྱང་སྐབས་དེར་དགའ་ལྡན་པར་རྙིང་ལ་གཟིགས་མེད་པར་སྣང་།དགའ་ལྡན་པར་རྙིང་ལ་ཡིད་ཆེས་དང་གཞི་བཅོལ་དགོས་པའི་རྒྱུ་མཚན་ཡང་། དགའ་ལྡན་པར་རྙིང་གི་《ལམ་རིམ་ཆེན་མོའི་》པར་ཤིང་དེ་རྗེ་རིན་པོ་ཆེ་ཁོང་ཞལ་བཞུགས་དུས་སུ་ཤིང་པར་དུ་རྐོས་པའི་རྒྱུ་མཚན་གྱིས་ཡིན་ནམ་སྙམ། ད་དུང་རྗེའི་གསུང་འབུམ་ཤིང་པར་མ་མཐའ་དག་གི་ནང་ཆེས་ཐོག་མ་ཡིན་པའི་རྒྱུ་མཚན་གྱིས་ཀྱང་ཡིན་པ་འདྲ། ཐེངས་འདིར་ང་ཚོས་དགའ་ལྡན་པར་རྙིང་གི་《ལེགས་བཤད་གསེར་འཕྲེང་》ལག་སོན་མ་བྱུང་ཡང་། 《བྱང་ཆུབ་ལམ་རིམ་ཆེན་མོའི་》གླེགས་བམ་དངོས་སུ་ལག་སོན་བྱུང་བ་དང་། དགའ་ལྡན་པར་རྙིང་གི་《བྱང་ཆུབ་ལམ་རིམ་ཆེན་མོའི་》ནང་དུ་གུ་གི་ཕྱིར་ལོག་མང་པོ་ཡོད་པ་དཔེར་ན། “ཕར་ཕྱྀན་”དང་།“དང་པོ་ནྀ་”སོགས་མང་པོ་ཡོད་པས་སྔོན་གྱི་ཡིག་རྙིང་དང་འདྲའོ།། ཡང་མཆོད་བརྗོད་ལས། “ཤིན་ཏུ་དཔག་པར་དཀའ་བ་རྒྱལ་བའི་གཞུ༵ང་།། ཇི་བཞིན་དགོངས་པ་འགྲེལ་མཛད་འཛམ་གླིང་རྒྱན།། ཀླུ་སྒྲུབ་ཐོགས་མེད་ཅེས་ནི་ས་གསུམ་ན།། ཡོངས་སུ་གྲགས་པའི་ཞབས་ལ་བདག་ཕྱག་འཚལ།། ཞེས་སོགས་དང་། ཕྱིས་ཀྱི་གསུང་འབུམ་རྣམས་སུ་གཅིག་མཚུངས་ཀྱི་སྒོ་ནས་ཤིན་ཏུ་དཔག་པར་དཀའ་བ་རྒྱལ་བའི་ཡུ༵མ།།” ཞེས་བཀོད་ཡོད། ད་དུང་ཡང་མིང་ཚིག་མི་འདྲ་བ་དགའ་ལྡན་པར་རྙིང་དུ་“བཅོ་ལྔ་”དང་“བཅོ་བརྒྱད་”ཀྱི་“བཅོ་”ལ་“བཅྭ་”བྲིས་ཡོད་པ་དང་། “ དབུས་གཙང་”ལ་“དབུས་རྩང་”ཞེས་དང་། “གདམས་ངག་”ལ་“གདམ་ངག་”ཅེས་དང་། “ལོངས་སྤྱོད་”ལ་“ལོང་སྤྱོད་”སོགས་ས་མཐའ་མེད་པ་ཅན་བྲིས་ཡོད་པ་མང་། སྔོན་འཇུག་མེད་པ་ཡང་མང་སྟེ་དཔེར་ན། དེ་སྒྲུབ་པའི་ཐེག་པ་ཆེན་པོ་ཡང་སྐྱོན་མཐའ་དག་འགོག་ཅིང་ཡོན་ཏན་མཐའ་དག་སྐྱེད་པས་ན་ཐེག་པ་གཞན་དུ་སྤང་རྟོགས་ཀྱི་ཡོན་ཏན་རིགས་ཐམས་ཅད་ཐེག་པ་ཆེན་པོའི་ལམ་དུ་འདུ་བ་ཡིན་ནོ།། ཡང་། དེའི་ཕྱིར་སངས་རྒྱས་སྒྲུབ་པའི་ཐེག་པ་ཆེན་པོའི་ལམ་གྱི་ཡན་ལགཡང་། ལུས་ལ་གདུང་བ་སྐྱེད་ཅིང་དེས་སེམས་ལ་མ་བདེ་བ་སྐྱེད་པས་ཉིན་མཚན་འདའ་དགོས་པའོ།། ཞེས་སོགས་སོ།། པར་རྙིང་འདི་ལ་མཚོན་ན་མངོན་གསལ་གྱི་ཡིག་ནོར་དང་སྦྱོར་ཀློག་མི་བདེ་བ་སོགས་ཅུང་ཡོད་པས། འདི་ལས་ཤེས་ཐུབ་པ་ཞིག་ནི། རྗེ་རིན་པོ་ཆེ་ཁོང་རང་ཉིད་ཀྱིས་དངོས་སུ་དགའ་ལྡན་པར་རྙིང་ལ་ཞུ་དག་གནང་མེད་པ་དང་། སྐབས་དེར་བོད་ལ་ཤིང་པར་རྐོ་བའི་སྲོལ་ཐོག་མར་དར་ནས་དུས་ཡུན་ཅུང་ཟད་ལས་འགོར་མེད་སྟབས་ཉམས་མྱོང་མེད་པ་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་མངོན་གསལ་གྱི་ཡིག་ནོར་ཅུང་བྱུང་བར་སྙམ། མདོར་ན་དགའ་ལྡན་པར་རྙིང་དང་། ཕྱིས་ཀྱི་གསུང་འབུམ་དག་གི་མིང་ཚིག་དང་གི་གུ་ཕྱིར་ལོག་སོགས་ལ་ཁྱད་པར་ཤིན་ཏུ་ཆེ་བས་སྔ་ཕྱིའི་ཤིང་པར་དག་གི་བར་ལ་དུས་ཡུན་ངེས་ཅན་ཞིག་འགོར་ཡོད་སྟབས་སྐད་གསར་བཅད་དང་བརྡ་གསར་རྙིང་ལྟ་བུའི་བར་ཁྱད་ཀྱི་རྣམ་པ་ཡོད་པར་མངོན། 
        གཙང་གི་ཤིང་པར་མའི་ནང་དུ་ཡོད་པའི་གི་གུ་ཕྱིར་ལོག་དང་སྐུང་ཡིག་གི་སྐོར། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཤིང་པར་མ་གཙང་པར་མའི་ནང་དུ་གུ་གི་ཕྱིར་ལོག་ཅན་ཅུང་ཟད་ཡོད་མོད། དེ་དག་ནི་ཐིག་ཕྲེང་གོང་མའི་ཡི་གེ་ལ་འདོགས་ཅན་གང་རུང་ཡོད་ཚེ་འོག་མའི་ཡི་གེ་དང་བར་ཐག་ཉེ་དྲག་པའི་རྐྱེན་གྱིས་དགོས་དབང་གིས་བྲིས་པ་གསུང་འབུམ་ལ་མཇལ་བ་ལས་རྟོགས་ཐུབ་པ་དང་། དགའ་ལྡན་པར་རྙིང་ན་གུ་གི་ཕྱིར་ལོག་ཅན་མང་བ་ནི་གཙང་པར་ལྟར་མ་ཡིན་པར་ཡིག་རྙིང་གི་འབྲི་ལུགས་སྤྱད་ཡོད་པ་མངོན་གསལ་རེད། ད་དུང་སྐུང་ཡིག་ཀྱང་མང་པོ་འདུག་པ་དཔེར་ན། “མཁའ་འགྲོ་རྣལ་འབྱོར”—“མཁྲོའ་རྣལྱོར”“ཐམས་ཅད”—“ཐཾསད་” སོགས་མང་པོ་ཡོད། “གཙང་པར་མ་”གཞན་དང་མི་འདྲ་ས་ནི། 《རྗེ་གསུང་འབུམ་》གྱི་སྟོད་དུ་སྐུང་ཡིག་ཅུང་མང་བ་དང་རྗེས་སུ་རིམ་བཞིན་ཇེ་ཉུང་དུ་གྱུར་ཡོད་པ་དང་། རྒྱལ་ཚབ་རིན་པོ་ཆེའི་གསུང་འབུམ་དང་། མཁས་གྲུབ་རིན་པོ་ཆེའི་གསུང་འབུམ་ནང་དུ་རེ་གཉིས་ཙམ་མ་གཏོགས་མེད་དོ།། སྐབས་རེར་ཤོག་ངོས་གཅིག་གི་སྟེང་དུ་མིང་ཚིག་གཅིག་འབྲི་ཚུལ་མི་འདྲ་བ་གཉིས་རེ་བྱུང་ཡོད་པ་ཡང་སྣང་། གཙང་པར་མའི་རྫོགས་ཚིག་གི་མཐར་ཤད་ཡོད་པ་དང་མེད་པ་རིགས་གཉིས་ཡོད་དེ། དཔེར་ན། “འབྲས་བུ་ཡིན་པར་རིག་པར་བྱའོ། ཞེས་གསུངས་སོ།།” ཞེས་པའི་བྱའོ་མཐར་ཆིག་ཤད་བཞག་པ་དང་།གསུངས་སོ་ཞེས་པའི་མཐར་ཉིས་ཤད་བཞག་ཡོད་པ་འདི་ལ་རྒྱུ་མཚན་ཆེན་པོ་འདུག་སྟེ། “བྱའོ་” ཞེས་པའི་སྐབས་ཀྱི་མ་འོངས་པའི་ལས་ཚིག་འདིས་ལས་ཡོངས་སུ་རྫོགས་པར་བསྟན་མ་ཟིན་པས་ཆིག་ཤད་དང་། “ཞེས་གསུངས་སོ་”ཞེས་པ་ལྟ་བུའི་སྐབས་ཀྱི་འདས་ཚིག་འདིས་ལས་ཡོངས་སུ་རྫོགས་པར་བསྟན་ཟིན་པས་ན་ཉིས་ཤད་བཞག་པ་ཡིན་པ་འདྲའོ།། འདི་ལས་ཤེས་ཐུབ་པ་ཞིག་ནི་གསུང་འབུམ་པར་དུ་རྐོ་བའི་སྐབས་སུ་གཅིག་གྱུར་གྱི་སྒྲིག་གཞི་གཏན་ཁེལ་མེད་པ་དང་། སྐུང་ཡིག་དེ་དག་གི་འབྲི་སྟངས་ལ་བལྟོས་ན་རྗེ་ཉིད་ཀྱིས་གསུང་འབུམ་མ་ཕྱི་དབུ་མེད་ཀྱིས་བྲིས་ཡོད་པར་མཚོན་པ་དང་། ཕྱོགས་གཞན་ཞིག་ནས་དཔྱད་ན་ལྷ་ས་པས་དབུ་མེད་འབྲི་སྲོལ་ཡོད་པ་ད་ལྟའང་མ་ཉམས་པར་ཡོད་པ་ལས་ཀྱང་ཤེས་ཐུབ་བོ།། གཙང་པར་མའི་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ལས་རྗེའི་གསུང་འབུམ་དང་རྒྱལ་ཚབ་རྗེའི་གསུང་འབུམ་གཉིས་ཡི་གེ་ཅུང་རག་པ་དང་ཐིག་ཕྲེང་དྲུག་རེ་ཡོད་པ་ཕན་ཚུན་འདྲ་མཚུངས་ཡིན་ལ། མཁས་གྲུབ་རྗེའི་གསུང་འབུམ་ཡི་གེ་ཅུང་ཆུང་བ་དང་ཐིག་ཕྲེང་བདུན་རེ་ཡོད་པ་ཡིན། རྫོགས་ཚིག་གི་མཐར་ཤད་འཇོག་སྟངས་དང་། པོད་རྟགས་བཀོད་སྟངས། པར་བྱང་སྨོན་ཚིག་སོགས་གསུང་འབུམ་ཚང་མ་གཅིག་གྱུར་རེད།
        གསུམ་པ། ཡུལ་གྱི་སྒོ་ནས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཤིང་པར་མ་མི་འདྲ་བའི་ཁྱད་པར།
        ཨ་མདོ་དང་དབུས་གཙང་ཤིང་པར་མ་གཉིས་ཀྱི་མིང་དང་ཕྲད་ཀྱི་ཁྱད་པར་ཅུང་མི་འདྲ་སྟེ། དཔེར་ན། གཙང་པར་དང་ཞོལ་པར་གཉིས་སུ་“བཙོང་ཁ་པ་”དང་། “སྙིང་ཁ”“སོ་སོར་བྱེ་”ཞེས་སོགས་བྲིས་ཡོད་ལ། སྐུ་འབུམ་པར་མ་དང་བླ་བྲང་པར་མ་གཉིས་སུ་“ཙོང་ཁ་པ་”དང་། “སྙིང་ག”“སོ་སོར་ཕྱེ་”ཞེས་སོགས་བྲིས་ཡོད། ད་དུང་ཕྲད་སྦྱོར་སྟངས་མི་འདྲ་བ། དཔེར་ན། གཙང་པར་དང་ཞོལ་པར་མ་གཉིས་སུ། “བསྟན་ཞིང་” “དོན་ཏོ” “དེ་ལ་ཡང་”ཞེས་སོགས་བྲིས་ཡོད་པ་དང་། སྐུ་འབུམ་པར་མ་དང་བླ་བྲང་པར་མ་གཉིས་སུ་“བསྟན་ཅིང” “དོན་ན” “དེ་ལའང་”ཞེས་སོགས་མང་ངོ་།།
        ཤིང་པར་མ་སོ་སོའི་བར་གྱི་དགག་སྒྲ་མི་འདྲ་བ།དཔེར་ན། གཙང་པར་དང་སྐུ་འབུམ་པར་མ་དང་བླ་བྲང་པར་མ་རྣམས་སུ། “བཏགས་འཛིན་རྟོག་པ་ཡིན་ལ་”ཞེས་དང་། ཞོལ་པར་དུ། “བཏགས་འཛིན་རྟོག་པ་མིན་ལ་”ཞེས་བྲིས་ཡོད། 《ལམ་རིམ་ཆེན་མོའི་》བཤེས་གཉེན་བསྟེན་ཚུལ་སྐབས་སུ། གཙང་པར་དང་ཞོལ་པརདང་བླ་བྲང་པར་མ་རྣམས་སུ། “པོ་ཏོ་བའི་ཞལ་ནས། ཀུན་དགའ་བོ་སྟོན་པའི་ཞམ་རིང་དུ་བསྐོས་པའི་ཚེ་སྟོན་པས་མི་གསོལ་བའི་ན་བཟའ་འཆང་དུ་མི་འཇུག་པ་དང་སྟོན་པའི་བཤོས་ལྷག་མི་འཚལ་བ་དང་དུས་མེད་པར་སྟོན་པའི་སྤྱན་སྔར་འགྲོར་གནང་ན་སྟོན་པ་ལ་བསྙེན་བཀུར་བྱེད་དོ།།” ཞེས་དང་། སྐུ་འབུམ་པར་མ་ནང་“པོ་ཏོ་བའི་ཞལ་ནས། ཀུན་དགའ་བོ་སྟོན་པའི་ཞམ་རིང་དུ་བསྐོས་པའི་ཚེ་སྟོན་པས་གསོལ་བའི་ན་བཟའ་འཆང་དུ་མི་འཇུག་པ་དང་སྟོན་པའི་བཤོས་ལྷག་མི་འཚལ་བ་དང་དུས་མེད་པར་སྟོན་པའི་སྤྱན་སྔར་འགྲོར་གནང་ན་སྟོན་པ་ལ་བསྙེན་བཀུར་བྱེད་དོ།།” ཞེས་བཀོད་ཡོད། 《གཙང་》དང་《ཞོལ་》དང་《བླ་བྲང་》པར་མ་རྣམས་སུ་ཡང་“འཕགས་པ་ལྷའི་ཆོས་འདི་སངས་རྒྱས་རྣམས་ཀྱིས་ནི་རྩོད་པ་མཛད་ཕྱིར་གསུངས་པ་ཡིན།” ཞེས་བཀོད་ཡོད། སྐུ་འབུམ་པར་མ་རུ་“འཕགས་པ་ལྷའི་ཆོས་འདི་སངས་རྒྱས་རྣམས་ཀྱིས་ནི་རྩོད་པ་མཛད་ཕྱིར་གསུངས་པ་མིན་”ཞེས་བཀོད་ཡོད་དོ།།
        ཤིང་པར་བརྐོ་མཁན་གྱི་བརྐོ་ནོར་ཐེབས་པའི་སྐོར་ལ།དཔེར་ན། “ཆོས་བསྟན་པ་ཡོངས་སུ་བཏང་བ་སྟེ་”ཞེས་པ་ལ་གཙང་པར་དུ་“ཆོས་བསྟན་པ་ལོངས་སུ་བཏང་བ་སྟེ་”ཞེས་བརྐོ་ནོར་ཐེབས་པ་དང་། “ལོངས་སྤྱོད་”ཅེས་པ་ལ་སྐུ་འབུམ་པར་མ་རུ་“ཡོངས་སྤྱོད་”ཅེས་བརྐོ་ནོར་ཐེབས་པ་དང་།ད་དུང་ཡིན་དང་མིན་ཞེས་པ་གཉིས་ལ་ཕན་ཚུན་བརྐོ་ནོར་ཐེབས་པ་ཅུང་ཡོད་པ་དང་། མདོར་ན་ཡ་དང་ལ་མ་སོགས་བརྐོ་ནོར་ཐེབས་པ་འགའ་རེའང་ཡོད། དེ་ཡང་དཔར་བརྐོ་བའི་སྐབས་སུ་ཐོག་མར་མ་ཕྱི་བྲིས་ཏེ་པར་ཤིང་ངོས་སུ་ཁ་ཕྱི་ལོག་ཏུ་འཁོར་ནས་སྦྱར་ཚེ་ཡི་གེ་ཅུང་མི་གསལ་བའི་དབང་གིས། ལ་དང་མ་དང་ཡ་སོགས་བོད་ཡིག་གི་དོན་མ་གོ་ན་ཤིན་ཏུ་ནོར་ཉེན་ཆེན་པོ་ཡོད་པས་བརྐོ་མཁན་ཀྱི་ཡི་གེ་མ་ཤེས་པའི་རྐྱེན་ཡང་རེད་སྙམ།
        ཤིང་པར་ལས་ཞུས་པའི་ཡི་གེ་དང་གློག་ཆས་བསྐྱར་པར་བར་གྱི་མི་འདྲ་བ། དཔེར་ན། སྐུ་འབུམ་ཤིང་པར་ལས།“ཞེ་སྡང་སྦྱངས་”ཞེས་ཡོད་ནའང་། གློག་ཆས་བསྐྱར་པར་བཏབ་པ་ལས། “ཞེ་སྡང་སྡངས་”ཞེས་ཡིག་ནོར་བྱུང་ཡོད་པ་དང་། ཡང་ཤིང་པར་ལས། “ཞེས་བརྒྱ་རྩ་བརྒྱད་བཟླས་”ཞེས་པ་ལ། གློག་ཆས་བསྐྱར་པར་བཏབ་པ་ལས། “ཞེས་བརྒྱ་རྫ་བརྒྱད་བཟླས་”ཞེས་ཡིག་ནོར་བྱུང་ཡོད་པ་དང་། ཡང་ཤིང་པར་ལས། “དཀྱིལ་འཁོར་གྱི་ས་ལ་”ཞེས་པ་ལ། གློག་ཆས་བསྐྱར་པར་ལས། “དཀྱིལ་འཁོར་གྱི་འགྱིས་ལ་”ཞེས་ཡིག་ནོར་བྱུང་ཡོད་པ་དང་། ཡང་ཤིང་པར་ལས།“བྱས་པའི་དབྱངས་ཅན་གྱི་ཕྱག་རྒྱ་དང་”ཞེས་པ་ལ། གློག་ཆས་བསྐྱར་པར་ལས། “བྱས་པའི་དཔྱད་མ་གྱི་ཕྱག་རྒྱ་དང་”ཞེས་སོགས་མང་ངོ་།། སྤྱིར་ན་ཤིང་པར་ལ་བརྐོས་ཟིན་པའི་ཡིག་ཆ་ཞིག་གསར་དུ་པར་སྐྲུན་བྱེད་ཚེ། གསར་དུ་བརྐོས་པའི་ཤིང་དཔར་ལས་ཞུས་པའི་ཡི་གེ་ཞིག་ཡིན་ན་ཡིག་འབྲུ་ཆག་སྐྱོན་མེད་པ་ཡིན། ཤིང་པར་རྙིང་པ་ལས་ཞུས་པའི་ཡི་གེ་ཞིག་ཡིན་ན་ཡིག་འབྲུ་ཆག་སྐྱོན་ཅུང་ཡོད་པས་ཞུ་དག་སྐབས་ཡིག་འབྲུ་ཆག་སྐྱོན་ངེས་པར་དུ་ཕུད་དགོས། ཡིག་འབྲུ་ཆག་སྐྱོན་ལ་དཀའ་སླ་རིགས་གཉིས་ཡོད། དཔེར་ན།“རྗེ་ཙོང་ཁ་པ”ལྟ་བུ་ལ་“རྗེ་ཅང་ཁ་པ”ལྟ་བུའི་ཙ་རྟགས་དང་ན་རོ་གཉིས་ཡིག་འབྲུ་ཆག་པ་ཡིན་ན་བོད་ཡིག་ལ་ཞུ་དག་བྱེད་མཁན་ཞིག་གིས་མི་ཤེས་པ་མེད་ལ་སླ་མོའི་རིགས་ཡིན། ཡང་“རྣལ་འབྱོར་གྱི་ས་དེ་ནས”དང་། “རྣལ་འབྱོར་གྱིས་དེ་ནས”ཅེས་པའི་གྱི་དང་ས་གཉིས་བར་གྱི་ཚེག་པར་འབྲུ་ཆག་པ་ཡིན་ན་གོང་མའི་རྣལ་འབྱོར་གྱི་ས་སྟོན་པ་དང་ཕྱི་མའི་བྱེད་སྒྲ་སྟོན་པ་ཡིན་པས་དོན་གྱི་ཆ་ནས་ཁྱད་པར་ཆེན་པོ་ཡོད་ལ་ཞུ་དག་བྱེད་སྐབས་གཞུང་ལ་ངེས་ཆ་དང་ཉམས་མྱོང་མེད་ན་སྔ་ཕྱི་གཉིས་ལ་དོན་གོ་རྒྱུ་ཡོད་པས་འདིའི་རིགས་ཡིག་ནོར་དུ་ཤོར་བ་ཤིན་ཏུ་ཉེན་ཁ་ཆེ་བས་དཀའ་བའི་རིགས་ཡིན། གློག་ཆས་བསྐྱར་པར་བྱས་པའི་ཡིག་ཆ་ཡིན་ན་ཡིག་འབྲུ་མི་གསལ་བ་རྣམས་དོན་ལ་མ་ལྟོས་པར་གང་འདོད་ཀྱིས་བཅོས་ཡོད་པས་དཔེ་སྐྲུན་གྱི་མ་ཡིག་ཏུ་མི་རུང་བ་གོང་གི་དཔེ་མཚོན་དེ་དག་ལས་ཤེས་པར་བྱའོ།།
        བཞི་པ། 《རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་》དཔེ་བསྡུར་མའི་སྤྱིའི་བསྡུར་སྟངས། 
        དཔེ་བསྡུར་མའི་གསལ་བཤད་ལ་《རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་》སྤྱིའི་གསལ་བཤད་དང་། དཔེ་ཁག་སོ་སོའི་གསལ་བཤད། ཆོས་ཚན་སོ་སོའི་གསལ་བཤད་བཅས་རིགས་གསུམ་དུ་དབྱེ་ཡོད།
        གཅིག སྤྱིའི་གསལ་བཤད།  
        སྤྱིར་དཔེ་སྡུར་དཔེ་སྐྲུན་གྱི་ཁྱད་ཆོས་ནི་པར་ཤིང་རྙིང་པའི་པར་གཞི་མི་འདྲ་བ་རྣམས་ཀྱི་ལྷག་པ་དང་། ཆད་པ། བསྐྱར་བཟློས། གོ་རིམ་འཁྲུགས་པ། བྱ་ཚིག་དང་མིང་ཚིག ཕྲད་དང་རྣམ་དབྱེ་མི་འདྲ་བ་སོགས་དཔེ་གཞི་མང་པོ་ཀློག་མི་དགོས་པར་དཔེ་བསྡུར་མའི་པར་གཞི་གཅིག་གི་སྟེང་ནས་གསལ་བོར་ཤེས་སུ་འཇུག་རྒྱུ་ནི་ང་ཚོའི་དམིགས་ཡུལ་གཙོ་བོ་ཡིན་ལ་ཁྱད་ཆོས་གཙོ་བོའང་ཡིན། ང་ཚོས་དཔེ་བསྡུར་བྱེད་སྐབས་པར་གཞི་མི་འདྲ་བའི་དཔེ་ཁག་སོ་སོའི་ཡིག་འབྲུ་རེ་རེ་བསྡུར་ནས་མི་འདྲ་བ་དང་ཆད་ལྷག་སོགས་གཤམ་དུ་མཆན་ལ་བཀོད་ཡོད་པས་གཟིགས་པ་པོ་རྣམས་ལ་སྟབས་བདེའི་དགེ་མཚན་མང་པོ་ཡོད་དོ།།
        སྤྱིར་ཤིང་པར་དུ་བརྐོས་ཟིན་པའི་དཔེ་ལྡེབ་རིང་བསྐྱར་དུ་པར་སྐྲུན་བྱེད་དགོས་ན་ངེས་པར་དུ་པར་གཞི་པར་ཤིང་གསར་པ་ལས་ཞུས་པ་ཞིག་ཡིན་ན་ཡིག་འབྲུ་ཆག་སྐྱོན་དང་མི་གསལ་བའི་གནད་དོན་ཤིན་ཏུ་ཉུང་མོད། འོན་ཀྱང་ང་ཚོའི་དཔེ་བསྡུར་མའི་པར་གཞི་སྟེ། གཙང་པར་ཤིན་ཏུ་རྙིང་ཆེ་བས་ཡིག་འབྲུ་ཆག་སྐྱོན་དང་། ཡིག་འབྲུ་བརྐོས་ནོར། མངོན་གསལ་གྱི་ཡིག་ནོར། སྦྱོར་ཀློག་མི་བདེ་བ་དང་། ཡིག་འབྲུ་མི་གསལ་བ་རྣམས་ཤིན་ཏུ་མང་བས་ཞོལ་པར་མ་དང་སྐུ་འབུམ་པར་མ་དང་བླ་བྲང་པར་མ་གསུམ་ག་གཅིག་མཚུངས་ཡིན་པའི་དམིགས་གསལ་གྱི་དོན་གོ་བ་གཞན་མེད་ན་གཙང་པར་བཅོས་ཡོད་པ་གཤམ་གསལ་ལྟར།
        ཡིག་འབྲུ་ཆག་སྐྱོན་དབང་གིས་བྱུང་བ་དཔེར་ན།“མཛད་པ་”ལ་“མཇད་པ” “རྒྱུ་མཚན་”ལ་“རྒྱུ་མཆན” “ཅིའི་ཕྱིར་”ལ་“ཅིའི་པྱིར” “སྐྱབས་འགྲོ་” ལ་“སྐྱབས་འགོ་”སོགས་ལྟ་བུའོ།། ཡིག་འབྲུ་བརྐོས་ནོར་བྱུང་བ་དཔེར་ན། “སྡོམ་པ་”ལ་“སྔོམ་པ” “རྒྱུད་སྡེ་” ལ་“རྒྱུད་སྔེ” “སྔོན་པོ་” ལ་“སྡོན་པོ”“འཇུག་ངོགས་” ལ་“འཇུག་དོགས”། “ཆོས་སྤུང་” ལ་“ཆོས་སྤོབ་”སོགས་ལྟ་བུའོ།། ཡིག་ནོར་དངོས་ནི་དཔེར་ན།“ཡིག་འབྲུ་”ལ་“ཡིག་འདྲུ” “དོགས་པ་བཅད་པ་”ལ་“དོགས་པ་བར་དེ་པ” “ངན་པ་བྱས་”ལ་“ངོན་པ་བྱས” “ལྷག་མ་སྤངས་”ལ་“ལྷག་མ་སྐོངས་”ཞེས་པ་ལྟ་བུའོ།།
ལྷག་པའི་སྐོར་ལ། 《ཞོལ་》དང་《སྐུ་》དང་《བླ་》ནང་དུ་ཕྲད་དང་རྣམ་དབྱེ། མིང་ཚིག། ཤོ་ལོ་ཀ་བསྐྱར་བཟློས་སོགས་བྱུང་ཚེ་གཙང་པར་སྟེང་མཆན་ཨང་རྟགས( ① )འགོད་པ་དང་། གཤམ་མཆན་དུ་བསྡུར་མཆན་ཨང་རྟགས་① 《ཞོལ་》དང་《སྐུ་》དང་《བླ་》ཡོད་རྟགས(+)དང་ཡོད་པའི་ཡིག་འབྲུ་རྣམས་བཀོད་ཡོད། དཔེར་ན། 〔མ་ཡིག་ཏུ〕སྙིང་པོ་ ① དོན་ནི་ཤིན་ཏུ་མི་རིག་ཏེ། 〔གཤམ་མཆན་དུ〕 ①《སྐུ》 《བླ》+ཞིག ལྟ་བུ་ཡིག་འབྲུ་གཅིག་ལྷག་པ་དང་།〔མ་ཡིག་ཏུ〕བཀྲ་ཤིས་གང་ཞིག་མ་ལུས་པདྨའི་རིགས་དང་ལྡན་ ① ། 〔གཤམ་མཆན་དུ〕《ཞོལ》+ཕོངས་པའི་སྡུག་བསྔལ་གྲོལ་བར་ཡོངས་སུ་རབ་བསྣོན་ཞིང་ཞེས་པ་རྣམས་ཚིག་རྐང་གཅིག་ལྷག་པ་ལྟ་བུའོ།།
        ཆད་པའི་སྐོར་ལ། 《ཞོལ་》དང་《སྐུ་》དང་《བླ་》ནང་དུ། ཚེག་ཁྱིམ་གཅིག་ཆད་ཚེ་གཙང་པར་དུ་བསྡུར་མཆན་ཨང་རྟགས་ ① བཀོད་ཡོད། གཤམ་མཆན་དུ་བསྡུར་མཆན་ཨང་རྟགས་ ① 《ཞོལ》 《སྐུ》 《བླ》ཆད་རྟགས(–)དང་ཆད་པའི་ཡིག་འབྲུ་རྣམས་བཀོད་ཡོད། གལ་ཏེ་ཚེག་ཁྱིམ་གཉིས་ཡན་ཆད་ཚེ། གཙང་པར་དུ་མཚམས་རྟགས( : )དང་།ཆད་པའི་ཡི་གེ བསྡུར་མཆན་ཨང་རྟགས་ ① བཀོད་ཡོད།གཤམ་མཆན་དུ་བསྡུར་རྟགས་ ① 《ཞོལ་》དང་《སྐུ་》དང་《བླ་》ཆད་རྟགས(–)ཆད་པའི་ཡི་གེ་རྣམས་ཇི་བཞིན་བཀོད་ཡོད་པ་དཔེར་ན། 〔མ་ཡིག་ཏུ〕སྦྱིན་སྲེག་དངོས་གྲུབ་ཀྱི་ ①རྒྱ་མཚོ། 〔གཤམ་མཆན་དུ〕 ① 《ཞོལ》–ཀྱི། ལྟ་བུ་ཚེག་ཁྱིམ་གཅིག་ཆད་པ་དང་། 〔མ་ཡིག་ཏུ〕སེམས་མཉམ་པར་འཇོག་ནུས་སམ:གདམས་ངག་གིས་ ① བྱ་བ་བྱས་ཟིན། 〔གཤམ་མཆན་དུ〕 ① 《སྐུ》 《བླ》གདམས་ངག་གིས། ཅེས་པ་ལྟ་བུའོ།།〔མ་ཡིག་ཏུ〕སེམས:མཉམ་པར་འཇོག་ནུས་སམ་གདམས་ངག་གིས་བྱ་བ་བྱས་ཟིན་པ་སྟེ ① ། 〔གཤམ་མཆན་དུ〕 ① 《ཞོལ་》མཉམ་པར་............པ་སྟེ། ཞེས་པ་ལྟ་བུ་བསྡུར་གཞིའམ་མ་ཡིག་ཏུ་ཡོད་པས་བསྡུར་བྱེད་དཔེ་ཁག་གཞན་ལ་ཚིག་རྐང་མང་པོ་ཆད་པ་ཡིན་ན་བསྐུངས་ནས་བྲིས་ཡོད།།
        བསྡུར་མཆན་ཨང་རྟགས་ ① གིས་པར་གཞི་མི་འདྲ་བ་མཚོན་པ། 〔མ་ཡིག་ཏུ〕སྙིང་ཁའི་ ① མི་ཤིགས་པ། 〔གཤམ་མཆན་དུ〕 ① 《ཞོལ》ག 《སྐུ》 《བླ》གའི་ཞེས་པ་ལྟ་བུ་དཔེ་ཁག་མི་འདྲ་བའི་ནང་གི་ཆད་པ་དང་། ལྷག་པ། མི་འདྲ་བ་རྣམས་བསྡུར་མཆན་ཨང་རྟགས་ ① གིས་མཚོན་ཐུབ་པར་བྱས་ཡོད། བརྩེགས་ཡིག ལེགས་སྦྱར་སྐད“པད་མ”དང་“པདྨ” “སེང་གེ”དང་“སེངྒེ” “གང་གཱ”དང་“གངྒ ”ལྟ་བུ་“གཙང་”པར་མ་ཡིག་སོར་བཞག་བྱས་ཡོད། ཤད་ཀྱི་སྐོར།བོད་ཡིག་གི་ཚིག་མཚམས་གཅོད་པའི་རྟགས་གཙོ་བོ་ནི་ཤད་ཡིན་ལ། འདིར་དཔེ་བསྡུར་སྐབས་དཔེ་ཁག་སོ་སོའི་ནང་ཆིག་ཤད་ཀྱིས་ཚིག་གི་གཅོད་མཚམས་བཅད་པ་མི་འདྲ་བ་མང་ཆེ་བས་བསྡུར་ཐབས་མེད་སྟབས། གཙང་པར་ལྟར་སོར་བཞག་བྱས་ཡོད། ཉིས་ཤད་བརྡ་སྤྲོད་ཀྱི་ལུགས་ལྟར་བཞག་ཡོད། བཞི་ཤད་གཙང་པར་སོར་བཞག་བྱས་ཡོད། སྦྲུལ་ཤད་ལ་དེང་གི་དཔེ་སྐྲུན་སྐབས་ཕྲེང་མར་ཕབ་ཡོད་པ་དེས་མཚོན་ཡོད་པས་གཅིག་གྱུར་དུ་བཞག་མེད།
སྐུང་ཡིག་གི་སྐོར། གཙང་པར་དུ་སྐུང་ཡིག་སྣ་ཚོགས་འབྲི་ལུགས་ཡོད་པ་དཔེར་ན། “མཁའ་འགྲོ་རྣལ་འབྱོར”ལ་“མཁྲོའ་རྣལྱོར” “ཐམས་ཅད”ལ“ཐཾསད” “ནམ་མཁའ”ལ་“ནམཁའ” “ཞེས་གསུངས་སོ”ལ་“ཞེས་གསུངསོ”“རྣམས”ལ་“རྣཾས” “བསགས”ལ་“བསཊ” “དོན་ནི”ལ་“དོནི”ལྟ་བུ་མཆིས་ཀྱང་དབུ་ཅན་ལ་སྐུང་ཡིག་འབྲི་སྲོལ་མེད་སྟབས་བཅོས་ཡོད། གི་གུ་ཀླད་གོར་དུ་བྲིས་པ། གཙང་པར་དུ་གི་གུ་ཀླད་གོར་དུ་བྲིས་ཡོད་པ་དཔེར་ན། “གཉིས་པ”ལ་“གཉཾས་པ” “དྲིས་པ”ལ་“དྲཾས་པ” “པའི”ལ་“པའཾ”སོགས་ལྟ་བུ། སྔགས་ཡིག་མ་ཡིན་པའི་གུ་གི་ཕྱིར་ལོག སྔགས་ཡིག་མ་ཡིན་པའི་གི་གུ་ཕྱིར་ལོག་དཔེར་ན། ག་ལ་རྀ་ཞུགས་པ། དབྱངས་ཀྱི་རྀ་ཞུགས་པ་ལྟ་བུ་ཀླད་གོར་དང་གི་གུ་ཕྱིར་ལོག་རྣམས་ལའང་དམིགས་གསལ་གྱི་དགོས་མཁོ་མེད་ཕྱིར་བཅོས་ཡོད།
        དཀར་ཆག་སྒྲིག་སྟངས། 1.དཀར་ཆག་ཏུ། ཆོས་ཚན་ཐུང་བ་རྣམས་ཀྱི་མཚན་བྱང་ཁོ་ན་དཀར་ཆག་ཏུ་བཀོད་ཡོད་པ་དང་། ཆོས་ཚན་རིང་བ་རྣམས་ལས་མཚན་བྱང་དང་བྱེ་བྲག་གི་ས་བཅད་ཅུང་བསྡུས་ཏེ་དཀར་ཆག་ནང་ཁ་སྣོན་ཏུ་བཀོད་ཡོད། 2.གཞུང་དངོས་ལ་རྩོམ་པ་པོའི་གསུངས་ཁོ་ན་ལས་འབྲུ་གཅིག་ཀྱང་ཁ་སྣོན་བྱས་མེད། 3.གཞུང་དངོས་ལ་མཚན་བྱང་བཀོད་ཡོད་པ་དང་། བྱེ་བྲག་གི་དཀར་ཆག་རྣམས་གཞུང་དངོས་ནང་བཀོད་མེད་ལ་ཕྲེང་གཉིས་མར་བབས་ཡོད་པས་མཚོན་ཡོད། དོན་ཚན་ཆེན་པོ་རྫོགས་མཚམས་སུ་གཙང་པར་ལྟར་བཞི་ཤད་བཞག་ཡོད་པ་དང་ཕྲེང་གཅིག་མར་བབས་ཡོད།
        གཉིས། དུམ་པ་རེ་རེའི་གསལ་བཤད།
        དམིགས་གསལ་གྱི་གསལ་བཤད་རྗེའི་གསུངས་འབུམ་ལས་དུམ་པ། ༼ ང ༽སྒྲོན་གསལ་གྱི་མཆན་རྣམས་ཀྱི་འགྲེལ་སྟངས་《གཙང》 《ཞོལ》 《སྐུ》 《བླ》གོང་འོག་མི་འདྲ་བ་མང་ཆེ་བའི་བསྡུར་ཐབས་མེད་པས《གཙང》པར་ལྟར་སོར་བཞག་བྱས་ཡོད། སྤྱི་མཆན་དང་ཟུར་མཆན་སོགས་ལ་དམིགས་གསལ་གྱི་མཚོན་རྟགས་གཤམ་གསལ་ལྟར། དཔེར་ན། སྤྱི་མཆན་ལ་ཡི་གེ་ཆུང་དུ་བཏང་བ་དང་། ཟུར་མཆན་ལ༼ ༽འདིས་མཚོན་པ་ཡིན་ནོ།།
        གསུམ། ཆོས་ཚན་རེ་རེའི་གསལ་བཤད།
        1.པར་གཞི་ལྷག་མའི་གསལ་བཤད། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མའི་ནང་དུ་ཆོས་ཚན་ནི།དཔེར་ན། བྱང་ཆུབ་ལམ་རིམ་ཆེ་བ་བཞུགས་སོ།། ལྟ་བུ་མཚན་བྱང་ཡིན་ལ་དེ་ནས་མཇུག་གི་སྨོན་ལམ་གྱི་སརྦ་མངྒ་ལཾ་བར་ཆོས་ཚན་གཅིག་ལ་གོ་དགོས། ཆོས་ཚན་ལ་རིང་ཐུང་མང་པོ་ཡོད་པ་ཐུང་བ་ལ་ཤོག་ངོས་ལྔ་ཡས་མས་དང་རིང་བ་ལ་སུམ་བརྒྱ་ལྷག་ཡོད། གཙང་པར་དུ་ཆད་པའི་ཆོས་ཚན《ཞོལ》 《སྐུ》 《བླ》གང་རུང་ལ་ལྷག་ན་མཚན་བྱང་གི་མཇུག་ཏུ་བསྡུར་མཆན་ཨང་རྟགས་ ① དང་། གཤམ་མཆན་དུ་《ཞོལ》 《སྐུ》 གང་ལ་ལྷག་པ་གསལ་བཤད་བྱས་ཡོད།
        2.འདྲ་མཚུངས་བསྐུངས་པའི་གསལ་བཤད། དཔེར་ན།གཞུང་དངོས་སུ། མཐར་ཕྱིན་ཇི་ལྟར་འགྲོ:བ་ཡང་ ① ཞུ་བ་སྟེ། ལྟ་བུ《སྐུ》 《བླ》ལ་མཐའ་གཅིག་ཏུ་〔བའང〕དང་།ཞོལ་ལ་སྐབས་འགར་〔བའང〕ཞེས་ཆོས་ཚན་གཅིག་གི་ནང་དུ་ཧ་ཅང་མང་པོ་བྱུང་ཚེ། གསལ་བཤད་དུ་བཀོད་ཡོད་པ་དཔེར་ན། (ཆོས་ཚན་འདིའི་ནང་དུ་བ་ཡང་དང་ལ་ཡང་ཞེས་པ་རྣམས་《སྐུ》 《བླ》ལ་པའང་ཞེས་འཁོད་ཡོད་པ་དང་། 《ཞོལ》ལ་སྐབས་འགར་པའང་ཞེས་འཁོད་ཀྱང་གཤམ་དུ་བསྡུར་མཆན་དུ་བཀོད་མེད།)
        3.བསྡུར་གཞི་གཙང་པར་མའི་ཆོས་ཚན་གྱི་བར་དུ་དཔེ་ཁག་གཞན་ལ་ལྡེབ་མང་པོ་ལྷག་པ་རྣམས་དམིགས་གསལ་གྱི་གཞུང་ཡིག་ཏུ་བཅུག་ཡོད། ( 〖〗 རྟགས་བར་གྱི་ཡི་གེ་རྣམས་《སྐུ་》ལ་ ༼   ཕ   ༽ དུམ་པའི་ཆོས་ཚན་བདུན་པའི་ ༼   རིམ་གསལ   ༽ ལྡེབ་133-ན་1—167བ་3བར་ལྷག་པ་དང་《བླ་》ལ་ ༼   ཇ   ༽ དུམ་པའི་ཆོས་ཚན་བཞི་པའི་ ༼   རྫོགས་རིམ   ༽ ལྡེབ་1ན་1—38བ་5བར་ལྷག་《གཙང》 《ཞོལ་》ལ་ཆད་འདུག་ཀྱང་ཡི་ཚོགས་མང་ཆེ་བས་དམིགས་བསལ་གྱི་གཞུང་ཡིག་ཏུ་བཅུག་ཡོད། 《སྐུ་》བསྡུར་གཞི་བྱས་ནས་《བླ་》ལ་དཔེ་བསྡུར་བྱས་ཡོད )
བཞི། བསྡུར་འབྲས་རེའུ་མིག་གི་མཚོན་དོན། 
བསྡུར་འབྲས་རེའུ་མིག
༼   རྗེ    ༽
(༡)
 
        1.༼ རྗེ ༽བསྡུར་འབྲས་རེའུ་མིག་ལས་《རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་》ལས་རྗེ་གསུང་འབུམ་ཡིན་པ་མཚོན་ཡོད། 2. ( ༡ )གསུང་འབུམ་དག་ལས་ཆོས་ཚན་ཆེ་བ་རྣམས་དུམ་པ་གཅིག་ཆོས་ཚན་གཅིག་བྱས་ཡོད་པ་དང་། ཆོས་ཚན་ཆུང་བ་རྣམས་དུམ་གཅིག་གི་ནང་དུ་ཆོས་ཚན་ཉེར་དྲུག་ཡོད། ཨང་གི་འདིའི་ཆོས་ཚན་གྱི་ཨང་རིམ་དང་པོ་ཡིན་པ་མཚོན་ཡོད། 3.【དཔེ་གཞི】རེའུ་མིག་གི་དང་པོ་དཔེ་གཞི་《དགའ་》དང་། 《གཙང》 《ཞོལ》 《སྐུ》 《བླ་》སོགས་ལས་《དགའ་ལྡན་པར་རྙིང་》དང་། 《གཙང་པར་མ》 《ཞོལ་པར་མ》 《སྐུ་འབུམ་པར་མ》 《 བླ་བྲང་པར་མ་》སོགས་མཚོན་པ་ཡིན། 4. 【སྡེ་ཚན】 གསུང་འབུམ་ལྡེབ་རིང་གི་ཉིན་ཤོག་འགྲམ་དུ་ཡོད་པའི་ཆོས་ཚན་གྱི་མཚན་བྱང་བསྡུས་པ། དཔེར་ན་《བྱང་ཆུབ་ལམ་རིམ་ཆེན་མོ་》ལྟ་བུའི་ཆོས་ཚན་གྱི་མཚན་བྱང་བསྡུས་པར་《ལམ་རིམ་ཆེན་མོ་》ཞེས་བཀོད་ཡོད། 5.【པོད་རྟགས་ལས】 དཔེར་ན་རྗེ་གསུང་འབུམ་ལ་པོད་རྟགས་ཀ་ནས་ཛ་བར་ཡོད་པས་《བྱང་ཆུབ་ལམ་རིམ་ཆེན་མོ་》པོད་རྟགས་༼ པ ༽ཡིན་པ་མཚོན་ཡོད། 6.【མཚན་གྲངས】 པོད་དེའི་ནང་དུ་ཆོས་ཚན་ཅི་ཙམ་ཡོད་ན་རེའུ་མིག་ཏུ་སྐབས་དེའི་ཆོས་ཚན་ཨང་རིམ་ཀ་ཚོད་ཡིན་པ་དེ་བཀོད་ཡོད། དཔེར་ན་ཆོས་ཚན་དང་པོ་ཡིན་ན་1དང་གཉིས་པ་ཡིན་ན་༢ཞེས་བཀོད་ཡོད། 7.【ལྡེབ】1ན1-336ན6འདི་ལས་ཤོག་ངོས་དང་པོའི་ཉིན་ཕྲེང་དང་པོ་ནས་ཤོག་ངོས་སུམ་བརྒྱ་སུམ་བཅུ་སོ་དྲུག་གི་ཉིན་ཕྲེང་དྲུག་པ་ལས་མཇུག་རྫོགས་པ་མཚོན་ཡོད། ན་ཡིག་གི་ཉིན་མཚོན་པ་དང་། བ་ཡིག་གི་སྲུབ་མཚོན་པ་ཡིན། 8. 【ཕྲེང】 ཕྲེང་གིས་ཆོས་ཚན་དེའི་ཤིང་པར་མའི་ལྡེབ་རིང་གི་ཉིན་ཕྲེང་དང་པོ་ནས་མཇུག་རྫོགས་སའི་ཕྲེང་ཐ་མའི་བར་ཕྲེང་ཀ་ཚོད་ཡོད་པ་རྣམས་རེ་རེ་བཞིན་རྩིས་ནས་བཀོད་ཡོད། 9.【ཚེག་ཁྱིམ】ཆོས་ཚན་དེའི་མགོ་བཟུང་བ་ནས་མཇུག་གི་བར་ཚེག་ཁྱིམ་ཀ་ཚོད་ཡོད་པ་རྣམས་རེ་རེ་བཞིན་རྩིས་བརྒྱབ་ནས་བསྡོམས་པས་ཀ་ཚོད་ཡོད་པ་རྣམས་བཀོད་ཡོད།
        ལྔ། ཆོས་ཚན་གྱི་མཚན་བྱང་མི་འདྲ་བ་དང་ཆད་ལྷག་གི་སྐོར། 
        1.རྗེའི་གསུང་བཞིན་རྒྱལ་ཚབ་ཀྱིས་ཟིན་བྲིས་སུ་བཀོད་པ། མཚན་བྱང་། རྒྱལ་ཚབ་ཆོས་རྗེའི་དྲུང་དུ་གསན་པའི་ཚད་མའི་བརྗེད་བྱང་ཆེན་མོ་བཞུགས་སོ།། ལྟ་བུ་འདི་ནི་《གཙང》 《ཞོལ》 《སྐུ》 《བླ་བྲང་》སོགས་ལ་རྗེའི་གསུང་འབུམ་གྱི་༼ བ ༽དུམ་པའི་ཆོས་ཚན་བརྒྱད་པར་ཡོད་པ་དང་།《གཙང》 《ཞོལ》ལ་ཡང་རྒྱལ་ཚབ་གྱི་ ༼  ང  ༽ དུམ་པའི་ཆོས་ཚན་གསུམ་པར་བསྐྱར་བཟློས་སུ་བཀོད་ཡོད།
        2.གཙང་གི་ཤིང་པར་མ་ལ་མེད་པ་དཔེ་ཁག་གཞན་ལ་ལྷག་མ་ཡོད་པ་དང་ཡོད་སའི་གནས་མི་འདྲ་བ་དཔེར་ན།《དབུ་མ་ལ་འཇུག་པའི་བསྡུས་དོན་བཞུགས་སོ་》ལྟ་བུ་ནི།《བླ་བྲང》ཤིང་པར་མ་རྗེའི་༼ མ ༽དུམ་པའི་ཆོས་ཚན་ལྔ་པ་ཡིན། 《ཞོལ》 《སྐུ་》གཉིས་ལ་རྒྱལ་ཚབ་ ༼  ཅ  ༽ དུམ་པའི་ཆོས་ཚན་བཅུ་གཉིས་པ་ཡིན་ནོ།། 《བླ་བྲང་ཤིང་པར་མའི་》མཇུག་བྱང་དུ། 《དེ་ཡང་རྒྱལ་ཚབ་རྗེས་མཛད་པའི་དབུ་མ་ལ་འཇུག་པའི་སྦྱོར་ཊཱིཀ་》འདི་ནི་དགའ་ལྡན་ཁྲི་རིན་པོ་ཆེ་ངག་དབང་སྙན་གྲགས་པའི་ཞལ་སྔ་ནས་ཀྱིས་ཀྱང་འདིའི་དཔེ་རྒྱུན་བོད་ཕྱོགས་སུ་མི་འདུག ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཕྱག་དཔེར་ཡོད་འགྲོ་བས་རྙེད་བྱུང་ན་པར་དུ་བཀོད་ཚེ་བསྟན་རྒྱུན་ལ་ཕན་ཚུལ་གྱི་གསུང་ནན་མཛད་པ་བཞིན་བཀྲ་ཤིས་འཁྱིལ་གྱི་ཁྲི་ཟུར་དབལ་མང་ཚང་ནས་རྩོལ་བ་གནང་ཏེ་ཁྱ་དགེ་དཔོན་སློབ་བློ་གྲོས་རྒྱ་མཚོའི་④ཕྱག་དཔེ་འཁྲུལ་མེད་ཅིག་རྙེད་འདུག་པ་འདི་ནི་གོ་བདེ་ལ་འདུས་ཆེ་བ་བློ་གསལ་རྣམས་ལ་ཕན་ཆེ་བར་མཐོང་སྟེ། ཆོས་སྡེ་ཆེན་པོ་བཀྲ་ཤིས་འཁྱིལ་དུ་པར་དུ་བསྒྲུབ་པའོ།། ཞེས་དང་། 《སྐུ་འབུམ་》ཤིང་པར་མའི་མཇུག་བྱང་དུ། དེ་ཡང་རྒྱལ་ཚབ་ཐམས་ཅད་མཁྱེན་པས་མཛད་པའི་《སྦྱོར་ཊཱིཀ་》འདི་ཉིད་བཀྲ་ཤིས་འཁྱིལ་དུ་པར་དུ་བཀོད་འདུག་རུང་། ཆད་ལྷག་གིས་སྐྱོན་མང་ཙམ་མཆིས་པར། འདི་ཀར་༧སྐྱབས་མགོན་དམ་པ་མི་ཉག་རིན་པོ་ཆེའི་ ⑤ཕྱག་དཔེ་ཁུངས་ཐུབ་ཞིག་ཡོད་པ་མ་ཕྱིས་བྱས་ཏེ་པར་དུ་བསྒྲུབས་པའོ།། ཞེས་འཁོད་ཡོད།《ཞོལ་》ཤིང་པར་མའི་མཇུག་བྱང་དུ། དེ་ལྟར་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་《དབུ་མ་ལ་འཇུག་པའི་སྦྱོར་ཊཱིཀ་》སྔ་སོར་དབུས་གཙང་དུ་པར་ལ་མ་འཁོད་པ་འདི་ཉིད་བློ་གསལ་བ་རྣམས་ལ་ཤིན་ཏུ་ཕན་ཆེ་བར་མཐོང་སྟེ།ཁྱ་དགེ་དཔོན་སློབ་བློ་གྲོས་རྒྱ་མཚོའི་ཕྱག་དཔེ་ལ་གཞིར་མཛད་པའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་པར་མ་དང་མཁས་གྲུབ་མི་ཉག་པའི་ཕྱག་དཔེར་གཞིར་མཛད་པའི་སྐུ་འབུམ་བྱམས་པ་གླིང་གི་པར་མ་གཉིས་གོ་བསྡུར་གྱིས་པའི་མ་ཕྱི་ལས་ལྕགས་རྟ་ལོར་༧རྒྱལ་ཚབ་ཐམས་ཅད་མཁྱེན་པའི་གསུང་འབུམ་ཡོངས་རྫོགས་ཀྱི་པར་གསར་དུ་བསྐྲུན་སྐབས་འདི་ཉིད་ཀྱང་པར་དུ་བསྒྲུབས་པའོ།། 《གཙང་ཤིང་པར་》ལ་མེད་པ་དཔེ་ཁག་གཞན་ལ་ཡོད་པ་འདི་ལྟ་བུའོ།།
        3.བསྐྱར་བཟློས་དང་པར་ལོག་རྒྱབ་པ་དཔེར་ན། རྒྱལ་ཚབ ༼  ཅ  ༽ དུམ་པའི་ཆོས་ཚན་དང་པོ། མངོན་པར་རྟོགས་པའི་རིམ་པ་ཉམས་སུ་ལེན་ཚུལ་ཐེག་མཆོག་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ།། 《བླ་བྲང་ཤིང་པར་མ་》ལྷག་མ་ཆོས་ཚན་བཅུ་གསུམ་པ། ཕ་རོལ་ཏུ་ཕྱིན་པའི་ལམ་བསྒྲིགས། རྒྱལ་ཚབ་རིན་པོ་ཆེའི་མཛད་པ་ཐེག་པ་ཆེན་པོའི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ།། འདི་དང་གོང་གི་ཆོས་ཚན་དང་པོ་གཉིས་མཚན་བྱང་མི་འདྲ་བ་མ་གཏོགས་གཞུང་དངོས་གཅིག་མཚུངས་ཡིན་པ་དང་སྐབས་འགར་ཡི་གེ་མི་འདྲ་བ་ཅུང་ཡོད། 《བླ་བྲང་ཤིང་པར་མ་》ཆོས་ཚན་འདིའི་ལྡེབ་ཉི་ཤུའི་ཉིན་སྲུབ་གཉིས་དཔེ་ཁག་གཞན་དང་རྩ་བ་ནས་མི་འདྲ་བར་མ་ཟད་གོང་གི་ཆོས་ཚན་དང་པོའི་ལྡེབ་ཉི་ཤུའི་ཉིན་སྲུབ་མི་འདྲ་བའང་འདྲ་མཚུས་ཡིན་ནོ།།
        4.ཆོས་ཚན་གཅིག་མཚན་བྱང་མི་འདྲ་བ་གཉིས་ཡོད་པ་དཔེར་ན། མཁས་གྲུབ་རྗེའི ༼  ག  ༽ དུམ་པའི་ཆོས་ཚན་བཞི་པ། དུས་འཁོར་ཊཱིཀ་ཆེན་ལས་ཡེ་ཤེས་ལེའུའི་ཊཱིཀྐ་ཞང་ཞུང་པ་ཆོས་དབང་གྲགས་པས་མཛད་པ་བཞུགས་སོ།། ཆོས་ཚན་འདི་《སྐུ་འབུམ་》ཤིང་པར་མ་ལ་ཆོས་ཚན་གཉིས་སུ་ཕྱེ་ཡོད་ལ། དང་པོ་ནི། མཁས་གྲུབ་ཀྱི ༼  ཏ  ༽ དུམ་པའི་ཆོས་ཚན་བཞི་པ། མཚན་བྱང་། དུས་འཁོར་ཊཱིཀ་ཆེན་ལས་ཡེ་ཤེས་ལེའུའི་ཊཱིཀྐ་ཞང་ཞུང་པ་ཆོས་དབང་གྲགས་པའི་མཛད་པ་བཞུགས་སོ།། གཉིས་པ་ནི། མཁས་གྲུབ་ཀྱི་ ༼  ཐ  ༽ དུམ་པའི་ཆོས་ཚན་དང་པོ་དུས་འཁོར་ཊཱིཀ་ཆེན་ལས་ཡེ་ཤེས་ལེའུའི་ཊཱིཀྐ་ཞང་ཞུང་པ་ཆོས་དབང་གྲགས་པའི་མཛད་པ་མདོར་བསྡུས་གསུམ་པ་མན་ཆད་བཞུགས་སོ།། ཞེས་ཆོས་ཚན་གཅིག་མཚན་བྱང་གཉིས་སུ་ཕྱེ་བ་སོགས་ཆོས་ཚན་གྱི་མང་ཉུང་དང་། ཆད་ལྷག་མི་འདྲ་བ་མཚན་བྱང་མི་འདྲ་བ་སོགས་གནད་དོན་མང་པོ་ཞིག་ཡོད་ཀྱང་འདིར་དཔེར་མཚོན་ཙམ་བཀོད་པ་ཡིན།
        དྲུག དཔེ་ཁག་སོ་སོའི་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དུམ་གྲངས།
        1.《གཙང་པར་མའི་》རྗེའི་གསུང་འབུམ་ལ ༼  ཀ  ༽ ནས་་་་ ༼  ཚ  ༽ བར་དུམ་པ་བཅོ་བརྒྱད་དང་ ༼  བཀའ་བརྒྱ་མ  ༽ དུམ་པ་གཅིག་བསྡོམས་པས་དུམ་པ་བཅུ་དགུ་ཡོད། ༼  བཀའ་བརྒྱ་མ  ༽ ནི་ ༼   ཀ   ༽ ༼   ཆ   ༽ ༼   ཐ   ༽ ༼   ད   ༽ ༼   ན   ༽ སོགས་ནས་བསྡུས་པ་ཞིག་ཡིན། དབང་གསུང་སྐབས་སུ་དུམ་པ་རང་རང་གི་ནང་དུ་འཇོག་དགོས་པར་གྲགས་སོ།།
        2.ཞོལ་པར་མའི་《རྗེའི་གསུང་འབུམ་》ལ་༼ ཀ ༽ནས་༼ ཚ ༽བར་དུམ་པ་བཅོ་བརྒྱད་ཡོད་པ་དང་། བཀའ་བརྒྱ་མ་ཟུར་དུ་བཀོད་མེད།
        3.སྐུ་འབུམ་པར་མའི་《རྗེའི་གསུང་འབུམ་》ལ་ ༼  ཀ  ༽ ནས་ ༼  ཚ  ༽ བར་དུམ་པ་བཅོ་བརྒྱད་ཡོད་པ་དང ༼  ཛ  ༽ དུམ་པ་གཅིག་ཡོད། བསྡོམས་པས་དུམ་པ་བཅུ་དགུ་ཡོད། 4.བླ་བྲང་པར་མའི་རྗེའི་གསུང་འབུམ་ལ་ ༼  ཀ   ༽ནས་ ༼  ཚ  ༽ བར་དུམ་པ་བཅོ་བརྒྱད་ཡོད་པ་དང་ ༼  ཨྀཋི  ༽ དུམ་པ་གཅིག་བཅས་བསྡོམས་པར་དུམ་པ་བཅུ་དགུ་ཡོད་དོ།། གཙང་པར་མའི་ ༼  བཀའ་བརྒྱ་མ  ༽ སྐུ་འབུམ་པར་མའི་ ༼  ཛ  ༽ དང་བླ་བྲང་པར་མའི་ ༼  ཨྀཋི  ༽ རྣམས་དུམ་པ་ ༼  ཀ  ༽ ༼  ཆ  ༽ ༼  ཐ  ༽ ༼  ད  ༽ ༼  ན  ༽སོགས་ལས་བསྡུས་ཏེ ༼  བཀའ་བརྒྱ་མ  ༽ དང་ ༼  ཛ  ༽ ༼  ཨྀཋི  ༽ ཞེས་པོད་རྟགས་གསར་དུ་བཀོད་པ་ཞིག་རེད། གཙང་པར་མའི་རྒྱལ་ཚབ་རྗེའི་གསུང་འབུམ་ལ་ ༼  ཀ  ༽ དུམ་པ་ནས་ ༼  ཉ   ༽ དུམ་པའི་བར་དུམ་པ་བསྡོམས་པས་བརྒྱད་ཡོད། ཞོལ་པར་མ་དང་སྐུ་འབུམ་པར་མ་བླ་བྲང་པར་མ་སོགས་འདྲ་བ་ཡིན་ནོ།། གཙང་པར་མའི་མཁས་གྲུབ་རྗེའི་གསུང་འབུམ་ལ་ ༼  ཀ  ༽ ནས་ ༼  ཐ  ༽ བར་དུམ་པ་བཅུ་ཡོད། ཞོལ་པར་མ་ལ་ ༼  ཀ  ༽ ནས་ ༼  ཏ  ༽ བར་དང་ ༼  ཨ  ༽ གཅིག་དུམ་པ་གཅིག་བཅས་དུམ་པ་བཅུ་ཡོད། སྐུ་འབུམ་པར་མའི་མཁས་གྲུབ་རྗེའི་ལ་ ༼  ཀ  ༽ ནས་ ༼  མ  ༽ བར་དུམ་པ་བཅུ་དྲུག་ཡོད། བླ་བྲང་པར་མ་ ༼  ཀ  ༽ ནས་ ༼  ཐ  ༽ བར་དུམ་པ་བཅུ་ཡོད།
        ལྔ་པ། ཤིང་པར་རྙིང་པ་ལས་ག་མཐར་ཤད་འཇོག་སྟངས་སྐོར་བཤད་པ། 
        སྔོན་གྱི་དཔར་རྙིང་དག་ལས་གའི་རྐང་པའི་ཤད་གོ་ཆོད་མི་ཆོད་སོགས་ཞིབ་ཏུ་ཤེས་དགོས་པ་ཞིག་སྟེ། དེ་མ་ཤེས་ན་དེང་སང་དཔེ་སྐྲུན་ཁང་འགའ་ཞིག་གིས་ག་མཐར་ཤད་མི་འཇོག་པ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དེས་བརྡ་སྤྲོད་ཀྱི་གཞུང་ལས་ཤད་ཀྱི་ཚིག་གི་བར་མཚམས་ཕྱེ་ཟེར་བའི་ནུས་པ་ཡང་ཉམས་བཞིན་ཡོད་པས་གཤམ་དུ་ག་མཐར་ཤད་ཀྱི་སྐོར་བཤད་པར་བྱ།
        དཔར་ཤིང་རྙིང་པ་ལས་ག་མཐར་ཤད་མེད་པའི་སྐོར་ནི། དཔེར་ན། དཀར་ཆག གྲུབ་མཆོག དག་ཡིག ལྟ་བུ་ལ་ཤད་འཇོག་ཏུ་མི་རུང་ཞིང་། དེ་རྣམས་ནི་དཔེ་དེབ་ཀྱི་མཚན་བྱང་ཡིན་པས། དཀར་ཆག་ལྟ་བུའི་རྗེས་སུ་ཡི་གེ་གཞན་མི་འབྱུང་ཞིང་ཡིག་མགོ་ཡང་མར་ཕབ་ཡོད་པས་ཤད་བཞག་མེད་དོ།།
        ཆིག་ཤད་ལ་གའི་རྐང་པའི་ཤད་གོ་ཆོད་མེད་པ་དང་ཉིས་ཤད་དང་བཞི་ཤད་ལ་གའི་རྐང་པའི་ཤད་གོ་ཆོད་ཡོད་པ་ནི་བཅིངས་གྲོལ་ཡར་སྔོན་གྱི་ཤིང་པར་རྙིང་པ་ཚང་མ་ཐུན་མོང་གི་འདྲ་མཚུངས་ཡིན་པ། སྣར་ཐང་པར་མ་དང་། སྡེ་དགེ་པར་མ། ཞོལ་པར་མ། ཅོ་ནེ་པར་མ། སྐུ་འབུམ་པར་མ། བླ་བྲང་པར་མ་སོགས་སུ་《བཀའ་བསྟན་》གཙོ་བྱས་བོད་ཀྱི་མཁས་པའི་གསུང་འབུམ་ཕལ་ཆེ་བར་གཅིག་གྱུར་གྱི་ཆིག་ཤད་བཞག་ཡོད།
        ཆིག་ཤད་ལ་ཀ་ག་ཤའི་རྐང་པས་ཤད་ཀྱི་གོ་ཆོད་མེད་ལ་དཔེར་ན། པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ཀྱིས་གཙང་བཀྲ་ཤིས་ལྷུན་པོར་དུས་རབས་བཅུ་བདུན་པའི་ནང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་ཤིང་པར་དུ་བཏབ་པའི་གཙང་པར་མ་ལས་རྗེའི་རྣམ་ཐར ༼  ཀ  ༽དུམ་པའི་ལྡེབ་14ན་4ལས། “གཙང་ཕྱོགས་སུ་ཕྱག་བཏེག།ཡར་ལ་ཆོས་རྗེ་རྫོང་དུ་་་་་”དང་། ཡང་ཀུན་མཁྱེན་འཇིགས་མེད་དབང་པོས་སྤྱི་ལོ་1761-1773ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་པར་ཁང་དང་པར་བརྐོ་ཐོག་མར་བཙུགས་ནས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་ཤིང་པར་དུ་བཏབ་པའི་མཁས་གྲུབ་རྗེའི་གསུང་འབུམ ༼  ཅ  ༽ དུམ་པའི་གསང་འདུས་བསྐྱེད་རིམ་ལས་ལྡེབ་7བ3ལས། “མན་ངག་གི་ཆོག་ཏུ་བཟུང་ཤིག། སྔགས་བླ་མེད་ཀྱི་ལམ་ཟབ་མོ་་་་”ཞེས་དང་། ཨ་མདོ་རྗེ་སྐུ་འབུམ་དགོན་དུ་1762-1772བར་ཁྲི་ཆེན་ཞེ་དགུ་པ་ངག་དབང་ཆོས་ཀྱི་ཉི་མ་སོགས་ཀྱིས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཤིང་པར་དུ་བཏབ་པའི་རྗེའི་གསུང་འབུམ་ལས་གསེར་འཕྲེང  ༼  ཚ  ༽ དུམ་པའི་ལྡེབ་100ན2ལས། “ཐ་མི་དད་པའི་འདོད་པ་དགག། ཐ་དད་པ་ལ་རྩོད་པ་སྤང་བའོ།།” ཞེས་དང་། རྒྱལ་དབང་བཅུ་གསུམ་པའི་(1876-1933)སྐབས་བཞེངས་པའི་ཞོལ་པར་ཁང་ལས་བཀའ་འགྱུར་ཆ་ཚང་དང་མདོ་དབུས་ཁམས་གསུམ་གྱི་མཁས་པ་མང་པོའི་གསུང་འབུམ་གྱི་ཁྲོད་དུ་རྒྱལ་ཚབ་དར་མའི་གསུང་འབུམ་རྣམ་བཤད་རྒྱལ་སྲས་འཇུག་ངོགས་ལས་ ༼  ང   ༽ དུམ་པའི་༢བ༤ལས། “འགྱུར་གྱི་ཕྱག། གཞུང་གི་དོན་” ཞེས་བཀོད་པ་ལྟ་བུ་གའི་རྗེས་སུ་ཤད་བཞག་མེད་པ་དང་ཚིག་ཕྱི་མའི་མགོ་ལ་བཞག་ཡོད་པས་གའི་རྐང་པའི་ཤད་གོ་ཆོད་མེད། རྒྱུ་མཚན་ནི་ཚིག་མཐར་ཤད་གཅིག་ཀྱང་མ་བཞག་ན་བརྡ་སྤྲོད་ཀྱི་གཞུང་ལས་ཤད་ཀྱི་ཚིག་མཚམས་གཅོད་ཅེས་དང་འགལ་འགྲོ་བས་ཆིག་ཤད་བཞག་ཡོད་པ་འདྲ། རྒྱུ་མཚན་ནི་ཚིག་མཐར་ཆིག་ཤད་ཡོད་པས་རྐྱེན་གྱིས་ཉིས་ཤད་ཡན་ལ་གའི་རྐང་པས་ཤད་གོ་ཆོད་པ་དབྱངས་ཅན་གྲུབ་པའི་རྡོ་རྗེའི་བརྩམས་པའི་《ལེགས་བཤད་ལྗོན་དབང་》ལས། “ལྷུག་པའི་དོན་མང་མིང་མཚམས་དང་།། དོན་འབྲིང་འབྱེད་དང་དོན་ཉུང་རྫོགས།། ཚིགས་བཅད་ག་མཐར་ཆིག་ཤད་བྱ།།” ཞེས་གསུངས་སོ།། ཚིག་ལྷུག་དོན་མང་ཉུང་དང་གང་རུང་སོགས་ཀྱི་མཐར་ཆིག་ཤད་དང་། ཚིགས་བཅད་སྐབས་སུ་གའི་རྐང་པ་ཤད་ལ་བརྩི་ཆོག་པ་མཚོན་པ་ཡིན་ནོ།།
        ཉིས་ཤད་ལ་གའི་རྐང་པའི་ཤད་ཀྱི་གོ་ཆོད་ཡོད་པ་དཔེར་ན། ཉིས་ཤད་ལ་གྱུར་ཅིག། ཅེས་ཉིས་ཤད་ཀྱི་སྐབས་སུ་གའི་མཐར་སྟོང་ཆ་གཅིག་གི་རྗེས་སུ་ཚིག་ཕྱི་མའི་མགོར་ཤད་གཅིག་བཞག་ཡོད་པས་གའི་རྐང་པའི་ཤད་གོ་ཆོད་ཡོད་པ་ཡིན། 
        བཞི་ཤད་ལ་ཡང་གའི་རྐང་པའི་ཤད་གོ་ཆོད་པ་དཔེར་ན། གྱུར་ཅིག།། ལྟ་བུའི་ག་མཐར་ཤད་གཅིག་དང་དེ་ནས་སྟོང་ཆ་གཅིག་གི་རྗེས་སུ་ཤད་གཉིས་མཉམ་དུ་བཞག་ཡོད་པས་གའི་རྐང་པའི་ཤད་ཀྱི་གོ་ཆོད་ཡོད། དཔེ་རྙིང་དག་ཏུ་ཚིག་བཅད་ལ་ཡང་དཔེར་ན། ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང་། ། དོན་གྱི་གོ་བས་ཚིག་གི་དག་ཐོན་པ། ། ལྟ་བུའི་ཚིག་མཐར་ཤད་གཅིག་དང་དེ་ནས་སྟོང་ཆ་གཅིག་གི་རྗེས་སུ་ཚིག་ཕྱི་མའི་མགོ་ལ་ཤད་ཕྱི་མ་གཉིས་མཉམ་དུ་བཞག་ཡོད་དོ།།
        དེང་སྐབས་དཔེ་སྐྲུན་ཁང་འགའ་ཞིག་གིས་ཚིག་བཅད་མཐར་ཡང་ཤད་གཉིས་མཉམ་གཅིག་ཏུ་བཞག་ཡོད་པ་དང་དེ་ནས་སྟོང་ཆ་གཅིག་བཞག་ཡོད་པ་དཔེར་ན། ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང་།། དོན་གྱི་གོ་བས་ཚིག་གི་དག་ཐོན་པ།། ལྟ་བུ་དང་། ཡང་ཚིག་ལྷུག་ལ་ག་མཐར་ཤད་མི་འཇོག་པ་ནི། དེ་ཡང་གའི་རྐང་པས་ཤད་ཀྱི་གོ་ཆོད་པར་སེམས་པ་ཙམ་ཞིག་ལས་གཞུང་ལུགས་ཤིག་གིས་ཐག་བཅད་པ་མ་ཡིན་ལ། ཤད་མི་འཇོག་པའི་ལུགས་དེ་ཡང་བཅིངས་འགྲོལ་ཚུན་ཆད་ནས་མགོ་བརྩམས་ཤིང་རིག་གསར་གྱི་ནད་རོ་དང་འགྲོགས་ནས་ད་ལྟའི་བར་དུ་ལུས་ཡོད་པ་ཞིག་རེད། ལྷག་པར་དུ་དེང་གི་གློག་རྡུལ་རྩིས་འཁོར་དག་ལ་འགྱུར་བ་ཧ་ཅང་སྐྱེན་པས། ལན་རེར་ཤད་བཞག་མེད་པའི་ཡི་གེའི་བར་སྟོང་ཆུང་ནས་ཆུང་དུ་སོང་སྟེ་ཡི་གེ་ཕན་ཚུན་འདྲེས་པས་ཚགས་ཆད་པའམ་བར་དུ་ཡི་གེ་འགའ་ཆད་ཨེ་ཡོད་སྙམ་པའི་ཐེ་ཚོམ་ཡང་འབྱུང་སྲིད། གོང་གི་ཤད་ཀྱི་འཇོག་སྟངས་དེ་དག་བོད་ཀྱི་བཀའ་བསྟན་དང་མཁས་པ་སྔ་མའི་གསུང་འབུམ་ཤིང་པར་མ་ལ་གཞི་བཅོལ་བ་མ་གཏོགས་རང་སྣང་གང་ཤར་གྱིས་གསར་བཟོ་བྱས་པ་ཞིག་གཏན་ནས་མིན། དེའི་ཕྱིར་ང་ཚོ་ཕྱི་རབས་པ་དག་གིས་ཀྱང་གང་འདོད་དུ་མི་འབྲི་བར་མཁས་པ་སྔ་མའི་རྗེས་སུ་འབྲང་ན་གཅིག་གྱུར་ཡོང་བ་དང་། བརྡ་སྤྲོད་ཀྱི་གཞུང་དང་མཐུན་པ། ཚིག་མཚམས་ཕན་ཚུན་གསལ་བོར་ཕྱེ་བ། བལྟས་ན་མིག་ལ་མཛེས་པ་སོགས་ཀྱི་དགེ་མཚན་མང་པོ་ལྡན་ནོ།།
        མཆན་འགྲེལ།
①②《མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ》 མི་རིགས་དཔེ་སྐྲུན་ཁང་། 2004ལོའི་ཟླ་3པ། 《བོད་ཀྱི་དཀར་ཆག་རིག་པ》 ཞེས་པའི་ཤོག་ངོས་88-89 པར་གསལ།
③《སྐུ་འབུམ་བྱམས་པ་གླིང་གི་གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན》 གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1982ལོའི་ཟླ་2པ། ཤོག་ངོས་78-79བར་གསལ།
④ཁྱ་དགེ་བློ་གྲོས་རྒྱ་མཚོ་ནི་ཨ་མདོ་ཅོ་ནེ་ས་ཆར་ཡབ་ཀླུ་འབུམ་ཡག་དང་ཡུམ་ལྷ་མོ་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཤིང་ཕོ་འབྲུག་(1664)ལོར་སྐུ་འཁྲུངས། བླ་མ་རི་ཁྲོད་པའི་དྲུང་དུ་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་བླངས། ཅོ་ནེ་ཆོས་རྗེ་དང་ལྷན་དུ་དབུས་སུ་ཕེབས་ནས་ཕ་བོང་ཁ་པ་ངག་དབང་བསྟན་འཛིན་མདུན་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། འཇམ་དབྱངས་བཞད་པ་སོགས་བླ་མ་མང་པོའི་མདུན་ནས་ཆོས་མང་དུ་ཞུས། རྗེས་སུ་ཨ་མདོར་ཕེབས་ནས་དགོན་པ་གསར་འདེབས་རྟེན་གསར་བཞེང་སོགས་ཆོས་ཀྱི་བྱ་བ་རྒྱ་ཆེར་སྤེལ། ལྕགས་སྤྲེལ་(1740)ལོར་དགོངས་པ་ཆོས་རྫོགས། ཁོང་གི་གསུང་ལ་རྣམ་ཐར་དང་། གསོལ་འདེབས། བསང་ཡིག ཆོ་ག  ཕྱག་ལེན་སོགས་ཆོས་ཚན་བཅུ་དྲུག་པོ་ཏི་གཅིག་ཏུ་བསྡུས་པ་ཞིག་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་དུ་བཞུགས་སོ།། ཡོངས་ཁུངས《མི་ཉག་མགོན་པོའི་གསུང་རྩོམ་ཕྱོགས་བསྒྲིགས》ནང་དུ་གསལ། མི་ཉག་མགོན་པོའི་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013ལོ།
⑤སྐུ་འབུམ་མི་ཉག་ཚུལ་ཁྲིམས་བསྟན་པའི་ཉི་མ་ནི་ཕྱི་ལོ་(1755)ལོར་ཏ་ལེའི་ཧུང་ཐེ་ཇི་དང་དར་མོ་སྨན་རམས་པའི་གདུང་རྒྱུད་དུ་སྐུ་འཁྲུངས། དགུང་ལོ་དྲུག་པའི་སྟེང་སྐུ་འབུམ་རང་སྒར་དུ་གདན་དྲངས་ཏེ་ཁྲིར་སྟོན་མཛད། དགུང་ལོ་དགུ་པ་ནས་སྐུ་འབུམ་གྱི་ཆོས་གྲྭར་ཞུགས་ཏེ་རྣམ་འགྲེལ་དང་དབུ་ཕར། མཛོད་སོགས་ལ་ཐོས་བསམ་རྒྱ་ཆེར་མཛད་དེ་རྩོད་པ་གནད་སྨིན་མཛད་དེ་སྨོན་ལམ་རབ་འབྱམས་པའི་དམ་བཅའ་བཞག མཐར་དགུང་ལོར་རེ་གཉིས་ལོར་(1817)གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས། གསུང་རྩོམ་ལ་པོད་གཉིས་ཙམ་དང་གསུང་ལས་སྐྱེས་པའི་བུ་སློབ་མང་དུ་ཡོད། སྐུ་འབུམ་བྱམས་པ་གླིང་གི་གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1982ལོའི་ཟླ་2པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1