༄༅།། ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་ཤགས་ཀྱི་རིག་གནས་ལ་དཔྱད་པ།

པདྨ་ཚེ་བརྟན། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 09-11


པདྨ་ཚེ་བརྟན།
[ནང་དོན་གནད་བསྡུས།]དཔྱད་རྩོམ་འདིར་ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་ཤགས་ཀྱི་ཁྱད་ཆོས་ལྡན་པའི་ཡིག་ཆའི་ནང་དོན་ལ་དབྱེ་ཞིབ་བྱས་པ་བརྒྱུད་ནས། བོད་བཙན་པོའི་རྒྱལ་རབས་སྐབས་སུ་ཤགས་ཀྱི་རིག་གནས་དར་རྒྱས་ཆེ་བ་མ་ཟད། སྐབས་དེའི་ཤགས་ཀྱི་རྣམ་པ་དང་སྤྱོད་རྒྱ་ག་འདྲ་ཞིག་ཡིན་པ་སོགས་ལ་དཔྱད་པ་བཏང་ཡོད། 
[བརྡ་ཆད་གཙོ་བོ།] ཏུན་ཧོང་། ཤགས། རིག་གནས། སྤྱོད་རྒྱ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] G265
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-02-0016-13
        དང་པོ། ཤགས་ཞེས་པའི་མིང་བརྡ།
        ཤགས་ཞེས་པའི་མིང་བརྡ་འདིའི་གོ་དོན་ཐད་ལ། དེང་སྐབས་ལྟར་ན། 《དག་ཡིག་གསར་བསྒྲིགས་》ཏུ། “ཀུ་རེའི་ཚུལ་གྱིས་ཟུར་ཟ་བྱེད་པའི་ཚིག་གི་མིང་སྟེ། ཁ་ཤགས་འཐབ།གླུ་ཤགས་བླངས། ཤགས་འགྱེད་ཅེས་པ་ལྟ་བུ་” ① ཞེས་ཡོད་པ་དང་། 《དུང་དཀར་ཚིག་མཛོད་》དུ་ཤགས་དང་འབྲེལ་བའི་མིང་བརྡ་གསུམ་གྱི་འགྲེལ་བ་མཆིས་ཏེ། “༡ ཤགས་ཀྱིས་ཕ་རོལ་གནོན་པ། གཞན་ཕ་རོལ་པོ་དང་ཁ་ཤགས་རྩོད་གླེང་བྱེད་པའམ། གླུ་ཤགས་འགྱེད་པ་སོགས་ལ་བརྟེན་ནས་གཞན་དག་སྨྲ་བ་མེད་པར་བྱེད་ཐུབ་པ། ༢ ཤགས་འགྱེད། རྒྱགས་པ།༣ ཤགས་འདབ། སྐྱོན་བརྗོད་བྱེད་པའམ་ཁྲིམས་ཁང་ལ་བཏུགས་བཤེར་བྱེད་པ་ལྟ་བུའོ། །” ②ཞེས་པ་སོགས་ལ་གཞིགས་ཚེ། ཤགས་ཞེས་པ་ནི་ཕ་རོལ་པོ་ཕམ་པར་རྒྱག་པའམ་མགོ་གནོན་པར་བྱེད་པའི་གཏམ་དང་གླུ་ཡི་རྣམ་པ་གང་རུང་གི་ཚིག་ལ་གོ་བར་འདུག གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་སྒྲིག་རྩོམ་བྱས་པའི་《བོད་ཀྱི་ཡི་གེའི་རྣམ་བཤད་》དུ། “བློ་ཡུས་ཀྱི་ཤགས་དང་སྦྱར་ནས་དྲང་པོར་གཅོད་པ་ལ་ཟང་ཡག་ཟེར། ཞེས་སོ།། དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》གྱི་ལྕགས་པར་གྱི་ཤོག་ངོས་378ན་གསལ།” ③ ཞེས་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ཁྲོད་ཀྱི་ཚིག་ཟུར་ལ་བརྟག་ན། ཡུས་ཞེས་པ་བརྡ་རྙིང་དུ་བདེན་པའི་དོན་ལ་འཇུག་སྟེ། དཔེར་ན། ཡུས་བཤད་པ་ཞེས་པ་ནི་རང་ཉིད་ལ་གནས་ལུགས་ཡོད་པའི་བདེན་ཚུལ་བརྗོད་པའི་དོན་ཡིན། དེས་ན། བློ་ཡུས་ཀྱི་ཤགས་དང་སྦྱར་ནས་དྲང་པོར་གཅོད་པ་ཞེས་པའི་སྐབས་ཀྱི་ཤགས་ནི་བདེན་པའི་གཏམ་དང་ཡང་ན་དོན་དེ་ལ་སྦྱར་བའི་དཔེ་ལ་གོ་དགོས་པར་འདུག དེ་ལ་ཏུན་ཧོང་ཡིག་རྙིང་ཁྲོད་དུ། “༄།། སུམ་པ་མ་ཤགས་ཆེད་པོ་ཞེས་བྱ་བ། ཕྱི་རབས་ཀྱི་དཔེར་གཞག་པའི་མདོ།” ④ཞེས་པའི་ཡིག་ཆ་དུམ་བུ་ཞིག་མཆིས་ལ། དེ་ནི་འཇིག་རྟེན་མི་ཆོས་ཀྱི་གནས་ལུགས་བསྟན་པའི་གཏམ་དཔེ་ཤ་སྟག་ཡིན་ཏེ། དཔེར་ན་“སྐྱེས་བུ་འཛངས་པའི་སེམས་ནི་ནམ་ཀ་ཡང་ཡི་གེར་སྣང་ལ། །རྟ་མགྱོགས་པའི་བང་རླབས་ནི་ངམ་འགྲོག་ཀྱང་ཐང་བུར་འདུག་གོ། །ཉ་མ་ཤར་བས་ནི་མྱི་སྣང་པའི་བག་མྱེད་དོ། །ཕོ་འཛངས་པའི་སེམས་ལ་མྱི་དྲན་པའི་བག་མྱེད། །” ⑤ཅེས་པ་སོགས་བརྗོད་འདོད་པའི་དོན་གྱི་གནས་ལུགས་དཔེ་དང་སྦྱར་ནས་བསྟན་པར་གཞིགས་ན། སྐབས་དེར་ཤགས་ཅེས་པ་ནི་ད་ལྟའི་གཏམ་དཔེ་དང་གོ་དོན་གཅིག་གམ་སྙམ། གཞན་ཡང་། ས་པཎ་གྱིས་《མཁས་འཇུག་》ཏུ། “དེ་དག་ངེས་པར་མ་བྱས་པར་བབ་ཅོལ་དུ་རྩོད་པ་ནི་མ་རབས་ཀྱིས་ཤགས་འགྱེད་པ་ལྟར་མཁས་པས་སྨད་པའི་གནས་སུ་འགྱུར་” ⑥ ཞེས་པ་ལྟར་ན། ཤགས་འགྱེད་པ་ནི་མཁས་པའི་སྤང་བྱར་བགྲང་བ་དང་། ཡང་། རྗེ་བཙུན་ཏཱ་ར་ནཱ་ཐ་ཡིས་《དོགས་གཅོད་མུན་སེལ་》དུ། “འདི་ནི་ཕྱིས་འབྱུང་གི་འཇིག་རྟེན་པའི་ཤགས་ཐོ་དང་ཁྲ་མ་སོགས་ལ་ཡིག་སྤོར་ཚོ་ལ་ཚིག་འདི་འདྲ་བྱེད་པའི་མིག་ལྟོས་སྦྱར་བར་འདུག་པས་ཆོས་ཀྱི་གཏམ་བྱེད་ན་འདི་ཡང་ཚིག་སྐྱོན་ནོ།” ⑦ ཞེས་པས་ཀྱང་ཤགས་ནི་ཆོས་ཀྱི་གཏམ་དུ་མི་རུང་བར་བསྟན་པར་གཞིགས་ན། སྤྱིར་བཏང་དུ། ཤགས་འགྱེད་པའི་གཏམ་ནི་དཔྱད་གསུམ་དག་པའི་ལུང་གི་རྒྱབ་རྟེན་བཙན་པོ་མ་ཡིན་ཞིང་། ཚད་མས་གྲུབ་པའི་རིགས་པའི་ཚགས་དམ་པོ་མ་ཡིན་པ། འཇིག་རྟེན་པའི་བབ་ཅོལ་གྱི་གཏམ་ཕ་རོལ་པོ་གནོན་པར་བྱེད་པ་ཞིག་ཏུ་གོ་བར་རིགས། མདོར་བསྡུས་ན། ཤགས་ཞེས་པའི་མིང་བརྡ་འདིའི་གོ་དོན་དངོས་ནི། དོན་གྱི་གནས་ལུགས་དཔེ་དང་སྦྱར་བའི་སྒོ་ནས་གླུ་དང་གཏམ་གང་རུང་གི་རྣམ་པས་ཕ་རོལ་པོའི་མགོ་གནོན་པའམ་གནས་ལུགས་ཀྱིས་ཕམ་པར་རྒྱག་པའི་ངག་གི་སྒྱུ་རྩལ་གྱི་རྣམ་པ་ཞིག་ལ་གོ་དགོས་སྙམ་མོ།།
        གཉིས་པ། ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་ཤགས་ཀྱི་ཡིག་ཆ།
        ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་རྙིང་ཁྲོད་དུ།ཤགས་ཀྱི་ཁྱད་ཆོས་ལྡན་པའི་ཡིག་ཆ་མང་དུ་མཆིས་ཏེ། སུམ་པའི་མ་ཤགས་ཆེན་པོ་དང་། མགར་ཁྲི་འབྲིང་བཙན་བྲོད་དང་རྒྱའི་བློན་པོ་འྭོང་ཀེར་ཞང་ཤེ་གཉིས་ཀྱི་ཤགས་འགྱེད་ཀྱི་ཡིག་ལན། དེ་ལས་གཞན་པའི་ཤགས་ཀྱི་ཁྱད་ཆོས་ལྡན་པའི་མགུར་གླུའང་མཆིས་ཏེ། སྤྱིར་བཙན་པོ་རིམ་བྱུང་གི་གཏམ་རྒྱུད་ཁྲོད་ཀྱི་མི་སྣའི་གཏམ་གླེང་མང་ཤས་གླུ་ཡི་རྣམ་པར་ཡོད་པ་དང་། དེ་ལ་དོན་གྲུབ་རྒྱལ་གྱིས་མགུར་གླུ་ཞེས་འཐད་ལྡན་དུ་བཏགས་པས་ཕྱི་རབས་ཀུན་ལ་གྲགས། ཡིན་ནའང་ཞིབ་ཏུ་བསམ་ཚེ། གཏམ་གླེང་གི་གླུ་དེ་དག་ལེན་མཁན་གྱི་ངོས་ནས་བཙན་པོ་དང་བློན་ཆེན་ཡིན་པའི་ཆ་ནས་མགུར་གླུ་ཞེས་སྒྲུབ་པ་ཙམ་ལས། རྗེ་བློན་བར་གྱི་གླུ་དང་གཏམ་གླེང་འདི་དག་ལ་ཚིག་དོན་གཉིས་ཀྱི་ཆ་ནས་ཤགས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པ་མཐོང་ཐུབ། དེ་ལྟ་ནའང་། འདིར་མིང་དོན་མི་འཁྲུལ་ཆེད། གཏམ་གླེང་གི་ཡིག་ཆའི་ནང་དོན་འདི་དག་ལ་སྔར་བཞིན་ཡོངས་གྲགས་ལྟར་མགུར་གླུ་ཞེས་སྤྱོད་པར་བྱའོ།།
        གཅིག སུམ་པའི་མ་ཤགས་ཆེན་པོ།  ཧྥ་རན་སིར་ཉར་བའི་ཏུན་ཧོང་ཡིག་རྙིང་གི་ཤོག་དྲིལ་p.t.0992པ་རུ། སུམ་པའི་མ་ཤགས་ཆེན་པོ་ཞེས་པ་འཇིག་རྟེན་པའི་གནས་ལུགས་བསྟན་པའི་གཏམ་དཔེ་ཡི་ནང་དོན་ཞིག་འདུག འདི་ལ་དབྱིན་ཇིའི་མཁས་པ་ཐའོ་མཱ་སི་ཡིས་འགྲེལ་བར། “ཤོག་དྲིལ་འདི་ནི་ལེགས་བཤད་དམ་གཏམ་དཔེ་ཕྱོགས་བསྡུས་ཤིག་རེད། སུམ་པའི་མ་ཤགས་ཆེན་མོ་ཞེས་པའི་མིང་བཏགས་པ་འོས་ཤིང་འཚམས་པར་ཡོད། རྒྱུ་མཚན་ནི་ཕྱོགས་གཅིག་ནས་གསུང་མཆིད་འདི་དག་ལ་སྐྱེས་མའམ་ཁྱིམ་གྱི་བསླབ་བྱའི་ཚིག་ཉམས་དོད་པ་ཀློག་མཁན་ཚོས་མངོན་གསལ་གྱིས་མཐོང་ཐུབ། ཕྱོགས་གཞན་ཞིག་ནས།སུམ་པའི་མི་དེ་རྩོམ་རིག་བརྩམས་ཆོས་ཁྲོད་དུ་སྐྱེས་མ་ཡིས་ཚབ་མཚོན་བྱེད་བཞིན་ཡོད་དེ། རྒྱུ་མཚན་ནི་སུམ་པའི་ཡུལ་དེ་ཀྲུང་གོ་བས་ཤར་ཕྱོགས་སྐྱེས་མའི་རྒྱལ་ཁབ་དུ་འབོད་བཞིན་ཡོད་” ⑧ཅེས་པ་ནང་བཞིན། ཤོག་དྲིལ་འདིའི་མཚན་བྱང་ལས། སུམ་པ་ཞེས་པ་ནི་བསྟན་བཅོས་བརྩམས་པའི་ཡུལ་བསྟན་པ་དང་། མ་ཞེས་པ་བསྟན་བཅོས་མཛད་མཁན་ཏེ་ཨ་མར་གོ། ཤགས་ཞེས་པ་བསྟན་བཅོས་ཀྱི་བརྗོད་བྱའི་ནང་དོན་བསྟན་པ་སྟེ་དོན་གྱི་གནས་ལུགས་རྣམས་གཏམ་དཔེར་སྦྱར་ནས་ཕ་རོལ་པོར་བསྟན་པའི་དོན་ལ་འཇུག འདི་ནི་ཕལ་ཆེར་ད་སྔ་མཐོང་བའི་ཏུན་ཧོང་ཡིག་རྙིང་ཁྲོད་དུ་ཤགས་ཞེས་པའི་ཐ་སྙད་བཀོལ་ནས་མཚན་བྱང་མཛད་པའི་བསྟན་བཅོས་གཅིག་པུ་དེ་ཡིན། གཏམ་དཔེ་ཡི་བསྟན་བཅོས་འདིའི་མཚན་བྱང་ལ་ཤགས་ཞེས་སྦྱར་བ་ཡིས་སྐབས་དེར་ཤགས་ཞེས་པ་ག་འདྲ་ཞིག་ལ་གོ་དགོས་པའང་ང་ཚོས་ཤུགས་ནས་རྟོགས་ཐུབ་སྙམ།
        ཤོག་དྲིལ་འདིའི་དབུར། “སུམ་པ་མ་ཤགས་ཆེན་པོ་ཞེས་བྱ་བ། ཕྱི་རབས་ཀྱི་དཔེར་གཞག་པའི་མདོ།” ཞེས་པ་ཡིས། འདི་ནི་འཇིག་རྟེན་པའི་འགྲོ་ལུགས་སྤྱོད་སྟངས་ཀྱི་གནས་ལུགས་དཔེ་ཡིས་བསྟན་པ་དང་། ཅི་ལྟར་ལེགས་ཉེས་སྤང་བླང་གི་ལས་ལ་འཇུག་པའི་ལམ་བསྟན་པ་ཕྱི་རབས་པའི་མིག་དཔེར་འཛིན་འོས་པའི་གཏམ་རྣམས་མདོར་དྲིལ་ནས་སྦྱར་བ་ཞིག་ཡིན་པར་བསྟན་ཡོད། ཤགས་ཀྱི་བསྟན་བཅོས་འདིའི་ཁྲོད་དུ། དོན་གྱི་གནས་ལུགས་དཔེ་ལ་སྦྱར་ནས་བསྟན་པ་དང་། དོན་འདྲ་བ་བསྡུར་ནས་བསྟན་པ། སྐྱེས་པ་དང་བུད་མེད་བསྡུར་ནས་བསྟན་པ། མཛངས་པ་དང་བླུན་པོ་བསྡུར་ནས་བསྟན་པ་སོགས་ཀྱི་ནང་དོན་འདུས་པ་སྟེ།
        ཀ དོན་གྱི་གནས་ལུགས་དཔེ་ལ་སྦྱར་ནས་བསྟན་པ། འདི་ལ་དཔེར་ན། “ཕོ་འཛངས་པ་ནི་རིང་དུ་འགྲོགས་ཤིང་མཛའ་ལ། །གསེར་གྱི་སྦྲམ་འབུ་ནི་སྲང་ལ་བཏབ་ཅིང་ལྕི་ལོ། །བུ་ཚ་བསྐྱེད་སྟེ་སློབས་སྦྱོངས་མ་བྱས་ན་ནི་གཏི་མུག་གི་གཞི་སྟེ། །བསྐྱེད་པའི་དོན་མྱེད་ལ། །ལྟོ་རྒྱབ་ཀྱི་གྲོན་ཆེ་འོ། །ཁང་པ་རྩིགས་སྟེ་སྒོ་མ་བཏགས་ན་ནི་རྐུན་མའི་སྲང་སྟེ། །མཁར་ལན་གྱི་ཚེགས་ཆེ། །བྱས་པའི་དོན་མྱེད་དོ། །” ⑨  ཞེས་པ་ལྟ་བུ་དང་། ཡང་། “མྱི་ངན་པའི་ཁ་ནས་ཚིག་ངན་པ་འབྱུང་བ་ནི། ། སླར་བདག་ལ་གནོད། །མྱེ་ཐོག་མ་ཤིང་གི་ཁོང་དུ་བྱུང་ནས་སླར་ཤིང་ཚིག་གོ །དྲིན་མྱི་རླག་དུ་གཞག་པ་ནི་མྱི་རླག་ལ། །རྡོ་ས་འོག་དུ་སྦས་པ་ནི་མྱི་རུལ། །ཕོ་འདུས་སྐྱེས་ཚོགས་ནི་གཅམ་འབུ་སྔོན་དུ་སྨྲ་ལ། །རི་རྙིལ་བྲག་རྡིབ་ན་ནི་གཡའ་མ་སྔོན་དུ་འཁྲོལ། །སྟག་རིས་བཀྲའི་བུ་ནི་ཆེ་བ་ཚང་ནས་རྣོ་ལ། །མྱི་ཡ་རབས་ཀྱི་བུ་ནི་ཆུང་ནས་འཛངས་སོ། །འབངས་མོ་གསེར་གཡུས་བརྒྱན་ནའ། །བཙན་མོ་འགྲོས་སུ་འགྲོས་ལ། །ཟྭ་ལྕམ་ཆར་པས་བཏབ་ན། །ཐང་ཤིང་ལྡེམ་སུ་ལྡེམ། །མཆིལ་པ་སྒུམ་འབུས་འདྲངས་དང་། །བྱ་རྒོད་སྦུངས་སུ་སྦུངས། །ཆར་བབས་རྫིས་བཏབ་ན་ནི། །བྲག་ཕུག་སྐམ་པོ་ཡང་རླན་ལ། ནང་བྱམ་ཀྱིས་བློ་བྱས་ན་ནི། ཁང་པ་དགུ་རིམ་ཡང་མྱི་བཙན་ནོ། །འཛངས་པ་ཡུལ་ནས་ཕྱུངས་ན་ནི་ཁྱམས་ལ། རྣོན་པོ་ཤུབས་ནས་ཕྱུང་ན་རྟུལ་ལོ།” ⑩ ཞེས་པ་སོགས་གང་བསྟན་པར་བྱ་བའི་དོན་རྣམས་ཕྱི་རོལ་ཡུལ་གྱི་བྱ་དངོས་གང་རུང་ཞིག་གི་དཔེར་སྦྱར་ནས་བསྟན་པ་འདི་ནི་སྔ་རབས་ཤགས་ཀྱི་ཁྱད་ཆོས་ཤིག་ཡིན།
        ཁ དོན་འདྲ་བ་བསྡུར་ནས་བསྟན་པ། དཔེར་ན། “ཆང་དད་ཅན་གྱིས་ཆང་ཐུངས་ནི་ངོམས་པའི་དུས་མེད་ལ། །ནོར་དད་ཅན་ཀྱིས་ནོར་མཐོང་ན་ནི། །ལུས་བཙོངས་ཀྱང་ཆོག་མྱི་ཤེས་སོ། །དབུལ་བོ་རྒོད་པོ་ནི་རྒན་སྲ། རྨང་པོ་ཕྱུག་པོ་ནི་རྒན་སྙི། །དབུལ་པོའི་བུ་ནི་རྒན་མྱེད་ན་གཞོན་བསྙོམས། །རྨང་པོའི་བུ་ནི་ནོར་མྱེད་ལ་སྟོབས་སྙོམས་སོ། །ཟས་ཞིམ་པོ་ནི་འགྲོན་ལ་གཅེས་ལ། །ངག་བཟང་པོ་ནི་སྲིད་ཆེད་པོ་དམྱིགས་སོ། །འཛངས་པས་མངོན་དུ་སྨྲས་པ་ནི།ངན་པས་མྱི་གོ་ལ། བཟོ་བོས་མངོན་དུ་དྲས་པ་ནི། མྱི་བླུན་པོས་མྱི་མཐོང་ངོ་། །ངན་གཏུམ་ཁྲོ་ལ་ནི་ལེགས་ཉེས་མཚུངས། །དབུལ་པོ་བཀྲེས་པ་ལ་ནི་ཞིབ་དངར་འདྲའོ། །ཕ་མ་གཉིས་ནི་བཙལ་གྱིས་མྱི་རྙེད་ལ། །མྱེ་དང་ཆུ་ནི་མྱེད་དུ་མྱི་རུང་། །” ⑾ ཞེས་པ་ལྟ་བུ་ནི། ལེགས་ཉེས་སྤང་བླང་གི་ནང་དོན་གང་རུང་ཆ་འདྲ་བ་གཉིས་གཤིབ་ནས་བསྟན་པ་ཉན་མཁན་གྱིས་གོ་བདེར་སྦྱར་བའི་ཤགས་ཀྱི་ནང་གསེས་ཡིན། 
        ག སྐྱེས་པ་དང་བུད་མེད་བསྡུར་ནས་བསྟན་པ། དཔེར་ན། “ཕོ་ལ་སྙིང་མྱེད་ན་ནི་སྟོན་རྟ་བརྒྱུག་ལ། །མོ་ལ་སྙིང་མེད་ན་ནི་དབྱར་མར་ཟའ། ། བུད་མེད་ཀྱིས་བློ་བྱས་དང་། སྐྱེས་པའི་སྲིད་རླག སྐྱེས་པ་གཅམ་འབུ་ནི། །ཉིར་རེ་ལ་ཤ་རག་རེ་རེ་སྟེ། མ་རྟོགས་པའི་བསེན་མངས་དང་དགྲ་འི་སྣོན་འབའ། །མྱི་ན་བར་རྩི་ཐུགས་དང་ནད་གི་གཞི། །བུད་མེད་སྤྱར་མ་ནི་ནུབ་རེ་ལ་སྐྱེས་བུ་རེ་རེ་སྟེ། ནལ་གྱི་རྐྱལ་བུ། ཕོ་འཛངས་པ་དང་རྟ་མགྱོགས་པ་ནི་ཕྱིར་བྱུང་དང་གྲགས། །བུད་མྱེད་དང་གཡུ་རྙིང་ནི་ཕུགས་སུ་སྦས་དང་བཙུན་ནོ། །སྐྱེས་པ་འཛངས་པ་ནི་ཚུལ་ལས་མངོན་ལ། །བུད་མེད་འཛངས་སྨ་ནི་ཟས་ལས་སྣང་ངོ་། །བུད་མྱེད་འཛངས་སྣ་ནི་སྲིས་སྨྲེ་ལ། །སྐྱེས་པ་འཛངས་པ་ནི་སྲིད་ཆེ་འོ། ། བུ་ཚ་འཛངས་པ་སྐྱེས་ན། དཔལ་དམྱིག་ཀྱིས་མཐོང་ངོ་། །ཆུང་མ་འཛངས་མ་བླངས་ན་ཁར་རྗེ་ལག་དུ་ཐོབ་ཞེས་བྱའོ། །མྱི་ངན་པའི་ལས་ནི་དེང་བྱ་སང་བྱ་ལ་ལུས་ལ། །མོ་ངན་པའི་སྲིས་ནི་ཁེམ་ཏོག་རྔུ་བཏོག་ལ་ཟད་དོ། །མ་འཛངས་བུ་འཛངས་ན་ནི་གསེར་ལ་གཡུ་སྤྲས་ལ། མ་ངན་བུ་ངན་ན་ནི་ཁང་རུལ་དུ་ལུད་སྤུངས་པ་དང་འདྲའོ། །” ⑿ཞེས་པ་སོགས་འཇིག་རྟེན་པའི་འགྲོ་ལུགས་སྤྱོད་སྟངས་ཁྲོད་དུ་སྐྱེས་པ་དང་བུད་མེད་ཕན་ཚུན་བསྡུར་བའི་སྒོ་ནས་སྤང་བླང་གི་ཚུལ་བསྟན་ཡོད།
        ང་། མཛངས་པ་དང་བླུན་པོ་བསྡུར་ནས་བསྟན་པ། “འཛངས་གྲགས་པ་ལ་ནི། ངན་གླེན་པས་མྱི་བཅོས་ལ། མགྱོགས་འཕྱོགས་པ་ལ་ནི། བུལ་རྡིག་པོས་མྱི་བསྐྲུན། ། འཛངས་ཀྱིས་འཛངས་བསྟོད་ན་ནི། །གནམ་ཀྱི་ཕྲུ་ཀ་ལ། ངན་ཀྱིས་ངན་སྨད་ན་ནི་ས་དགུ་རིམ་གི་འོག་གོ། འཛངས་པས་གྲོས་བཏབ་ན་ནི། །ན་བའི་སྲང་དུ་ཐལ་ལ། །ངན་པས་ཟུར་བཅགས་པ་ནི། །ཐང་དབེ་ཆེ་ལ་ལྒོ་ཐོང་ཡང་གཡང་ཟའོ། །ཕ་བས་བུ་འཛངས་ན་ནི། སྤང་ལ་མྱེ་ཐབ་པ་བཞིན་ལ། ཕ་བས་བུ་ངན་ན་ནི། མཚུལ་ཆུས་དེད་པ་དང་འདྲའོ། །མ་འཛངས་བུ་འཛངས་ནི་གསེར་ལ་གཡུ་སྤྲས་ལ། མ་ངན་བུ་ངན་ནི་ཁང་རུལ་དུ་ལུད་སྤུངས་པ་དང་འདྲའོ། །འཛངས་འཇམས་དེས་ཀྱིས་བཀོལ་ན་ནི། མྱི་རྒོད་ཀྱང་ཕ་གོལ་དང་མཚུངས་ལ། ངན་གཏུམ་པོས་སྐྲོགས་ན་ནི། བྱམས་དྲིན་ཅེན་ཀྱང་དགྲར་འགྱུར་རོ། །ཕ་མྱེས་འཛངས་པ་ལ་བུ་ཚ་ངན་པ་སྐྱེས་པ་ནི། གྲལ་གྱི་མཐའ་ནས་སྨྲ་ལ། འོག་རྟ་རྗེས་བོར་ན་ནི། བྲེས་ཀྱི་མཐའ་འཁོར་རོ།།” ⒀  ཞེས་པ་སོགས་མཁས་མཛངས་དང་བླུན་པོའི་བྱེད་ལས་བསྡུར་བ་བརྒྱུད་ནས་ལེགས་ཉེས་སྤང་བླང་གི་འཇུག་ལྡོག་བསྟན་ཡོད།
        ཏུན་ཧོང་ཡིག་རྙིང་གི་ཤོག་དྲིལ་P.T.0992སུ་འཁོད་པའི་སུམ་པའི་མ་ཤགས་ཆེན་མོ་ཞེས་པ་འདི་ནི། འཇིག་རྟེན་པའི་སྲིད་ལུགས་ཁྱིམ་ཐབ་སྐྱོང་ཚུལ་དང་། མ་བུ་དགྲ་གྲོགས་སོགས་མི་དང་འགྲོགས་ལུགས། ལེགས་ཉེས་སྤང་བླང་གི་བྱ་བའི་ལས་ཀྱི་འཇུག་ལྡོག་སོགས་བསྟན་པའི་གཏམ་དཔེ་ཤ་སྟག་ཡིན་ལ། འདི་ཡིས་སྔར་བཙན་པོའི་དུས་སྐབས་ནས་བཟུང་གཏམ་དཔེ་ཡི་རིག་གནས་འདི་བོད་ལ་ཤིན་ཏུ་དར་བ་དང་། སྐབས་དེར་ཤགས་དང་གཏམ་དཔེ་ཞེས་པའི་གོ་བ་གཅིག་ལ་སྦྱོར་བཞིན་པའང་རྟོགས་ཐུབ་བོ།། 
        གཉིས། ཁྱུང་པོ་སྤུང་སད་ཟུ་ཙེ་དང་མྱང་མང་པོ་རྗེ་ཞང་སྣང་གི་མགུར་གླུ། མགུར་གླུ་འདི་གཉིས་ནི། བོད་ཀྱི་བཙན་པོ་གནམ་རི་སྲོང་བཙན་གྱི་སྐབས་སུ། བཀའ་ལ་གཏོགས་པའི་བློན་ཆེན་ཁྱུང་པོ་སྤུང་སད་ཟུ་ཙེ་དང་མྱང་མང་པོ་རྗེ་ཞང་སྣང་གཉིས་ཀྱིས་ཤགས་ཀྱི་རྣམ་པས་ཕན་ཚུན་ལ་བླངས་པའི་མགུར་གླུ་ཞིག་ཡིན། བོད་ཀྱི་གླུ་ཤགས་ནི་ག་འདྲ་ཞིག་ཡིན་ཞེ་ན། “གླུ་ཤགས་ཀྱི་གཞན་དང་མི་མཚུངས་པའི་ཁྱད་ཆོས་གཙོ་བོ་ནི། ཐབས་བརྒྱ་ཇུས་སྟོང་གིས་ཕ་རོལ་པོ་གནོན་པ་དང་རང་ཉིད་ལ་བསྟོད་པ། ད་དུང་ཁ་ཤོམ་འཐེན་པ། གཅིག་ལན་གཅིག་དང་གཉིས་ལན་གཉིས་བྱེད་པ། གལ་སྲིད་ཤགས་ཡོད་ཀྱང་ལན་མ་ཕོགས་ན་ཕན་ཚུན་གྱིས་ཁས་མི་ལེན་པ། གླུ་ཚིག་ཀྱང་ཁ་མཚར་དང་མི་འདྲ་བར་ཤིན་ཏུ་རྣོ་ཞིང་མཚང་ལ་ཕོག་པ་ཞིག་ཡིན་པ་དེ་རེད།” ⒁ ཁྱུང་པོ་སྤུང་སད་ཟུ་ཙེ་དང་མྱང་མང་པོ་རྗེ་ཞང་སྣང་གཉིས་ཀྱིས་བླངས་པའི་མགུར་ནི་དེ་ལྟ་བུའི་ཁྱད་ཆོས་དང་ལྡན་པ་སྟེ། སེང་གོ་མྱི་ཆེན་གྱིས་དྭགས་པོས་ཟིང་འཁྲུགས་བསླངས་པ་ཞོད་འཇགས་སུ་བཏང་ནས་རྒྱལ་ཁའི་ངང་རང་ཡུལ་ལྷ་ལུང་དཀར་པོར་ལོག་ཕེབས་བྱུང་དུས། བོད་ཀྱི་བཙན་པོ་གནམ་རི་སྲོང་བཙན་གྱིས་སེང་གོ་མྱི་ཆེན་གྱི་ངོ་མཚར་བའི་མཛད་རྗེས་ལ་གཟིགས་གཞིགས་གནང་ནས་རྒྱལ་བློན་ལྷན་རྒྱས་སུ་སེང་གོ་མྱི་ཆེན་ལ་དམིགས་བསལ་གྱི་བཀྲ་ཤིས་ཉམས་སུ་དགའ་བའི་དགྱེས་སྐྱེམས་སྟོན་མོ་གསོལ་བའི་ཚེ། ཁྱུང་པོ་སྤུང་སད་ཟུ་ཙེས་ཁེངས་དྲེགས་ཆེན་པོས་ང་རྒྱལ་གྱི་གླུ་བླངས་སྟེ། “མོན་ཀ་འྀ་ནི་སྟག་ཆིག་པ། །སྟག་བཀུམ་ནྀ་ཟུ་ཙེས་བཀུམ། །” ⒂ཞེས་མོན་ཡུལ་དབང་དུ་བསྡུས་པའི་བྱས་རྗེས་ལ་རང་བསྟོད་བྱེད་པ་དང་། དེའི་རྗེས་ནས། “ལྷོ་རྔེགས་ནྀ་འཕན་གྱི་སྣོན། །སེ་ཁྱུང་ནྀ་འཕན་གྱིས་བཏབ། །” ⒃ ཅེས་ཡུལ་འཕན་པོ་ཐོག་མར་དབང་དུ་བསྡུ་མཁན་ནི་རུས་སེ་དང་ཁྱུང་ཕྱོགས་ཀྱི་ཚོ་པ་ཡིན་པ་དང་། ལྷོ་དང་རྔེགས་ཀྱི་རུས་རྒྱུད་གཉིས་ནི་འཕན་ཡུལ་གྱི་ཁ་སྣོན་དང་རྒྱན་ཆ་ཡིན་ཞེས་སེང་གོ་མྱི་ཆེན་ཕྱོགས་ཀྱི་རུས་རྒྱུད་ལ་ཟུར་ཟུའི་ཚུལ་དུ་གླུ་བླངས་པ་ལ། བཙན་པོ་གནམ་རི་སྲོང་བཙན་གྱི་ཐུགས་ལ་ཕོག་ནས་ལྷོ་རྔེགས་ཕྱོགས་ཀྱི་བློན་པོ་ཆེ་གེ་མོ་ཞིག་གིས་མགུར་ལན་གནད་དུ་འཁེལ་བ་ཞིག་སྤྲད་ན་ཅི་མ་རུང་དགོངས་ཀྱང་། དེ་དག་གི་ཁྲོད་དུ་མགུར་ལན་ཟློག་མཁན་མ་བྱུང་ནས་མྱང་མང་པོ་རྗེ་ཞང་སྣང་ལ་བཙན་པོ་གནམ་རི་སྲོང་བཙན་གྱིས་སྐུལ་མ་དང་རེ་བ་བཅོལ་བས་ད་གཟོད་མགུར་ལན་ཚ་དྲག་པོ་ཞིག་སྤྲད་པ་ལ། “དགུ་གྲྀ་ནི་ཟིང་ཕོ་རྗེ། །ཉ་ལས་ནྀ་ཁམ་དུ་བཀོང་། །ཁམ་ལས་ནྀ་རྨེག་དུ་བཏའ། །སྐྱི་ནས་ནྀ་ཉ་འདོན་པ། །དབྱི་ཚབ་ནྀ་པངས་ཏོ་རེ། །ཀླུམ་ན་ནྀ་ཆབ་གཆོད་པ། །ཙེང་སྐུ་ནྀ་སྨོན་ཏོ་རེ། །ཁུར་ར་ནྀ་རགས་ཐོགས་ཤིང་། །དོག་གྀ་ནི་ས་སྐྱེད་པ། །པང་སུམ་ནྀ་འདྲོན་པོ་ཞིག །” ⒄ ཅེས་ཟིང་པོ་རྗེ་སྟག་སྐྱ་བོ་ཕམ་པར་བཏང་ནས་མངའ་རིས་ཡོད་ཚད་བཙན་པོའི་ཕྱག་ཏུ་ཕུལ་བའི་མཛད་རྗེས་ཡོད་ཚུལ་བསྟན་པ་དང་། དེའི་རྗེས་ནས། “ལྷོ་རྔེགས་ནི་འཕན་གྱི་སྣོན། །ལྡོང་ཏོང་ནྀ་འཕན་གྱིས་བཏབ། །” ⒅ ཅེས་ལྷོ་དང་རྔེགས་གཉིས་ནི་འཕན་ཡུལ་གྱི་ཁ་སྣོན་དང་རྒྱན་ཆ་ཡིན་པ་དང་། ཡུལ་འཕན་པོ་དབང་དུ་བསྡུ་མཁན་ནི་རུས་ལྡོང་དང་ཏོང་གཉིས་ཡིན་པ་ལས་སེ་དང་ཁྱུང་གཉིས་མ་ཡིན་ཞེས་དགག་བཞག་ཚ་ལན་མཛད་པ་དང་། མཇུག་ཏུ། “ཕོ་མའྀ་ནི་འབྲོང་བཀཾ་བ། །ལྷོ་ཤིང་ནི་སྨྱུག་མོ་རྒྱལ། །ལྕགས་ཀྱྀས་ནྀ་མ་དྲལ་ན། །སྨྱུག་གྀས་ནི་རེ་མྱི་པུགས། །རྒོད་ཀྱིས་ནི་མ་བསྒྲོན་ན། །འབྲོང་ལ་ནྀ་རེ་མྱི་འི་འཇེན། །ངས་པོ་ནི་ར་ཡུལ་གྱི། །ཀོམ་རྩེ་ནི་གཟིགས་མོ་རྒྱལ། །ཁབ་ཀྱིས་ནྀ་མ་པུག་ན། །རྒྱུས་ཀྱིས་ནྀ་རེ་མི་སུགས། །རྒྱུས་ཀྱིས་ནི་མ་དྲངས་ན། །ཀོམ་ཙེ་ནྀ་ཉིད་མྱི་འཇོ། །” ⒆ ཞེས་ས་ཕོ་མའི་ཡུལ་གྱི་འབྲོང་གསོད་པ་ལ། སྨྱུག་མའི་མདའ་ཤིང་དང་ལྕགས་ཀྱི་མདེའུ་རྩེ། རྒོད་ཀྱི་མདའ་སྒྲོ་བཅས་མཉམ་དུ་མ་འཛོམ་ཚེ། འཕངས་པའི་མདའ་ཡིས་འབྲོང་ལ་ཕོགས་དཀའ་བ་དང་། ཀོམ་ཙེ་ ⒇ཡིད་དུ་འོངས་པ་ཞིག་བཟོ་དགོས་ཚེ། གཟིག་ལྤགས་རྩེ་གྲ་ལ་ཁབ་ཀྱིས་མ་ཕུགས་ན། རྒྱུས་ཁོ་ན་སུགས་མི་ཐུབ་པ་དང་། ཁབ་ཁོ་ནས་ཕུགས་ཏེ་རྒྱུས་མ་དྲངས་ན་ནི་ཀོམ་ཙེ་ཡིད་དུ་འོངས་པ་ཞིག་ལེགས་གྲུབ་འབྱུང་མི་ཐུབ་པ་སོགས་བསྟན་དེ། སྟོབས་ཤུགས་མང་པོ་མཉམ་དུ་འཛོམས་ནས་མཐུན་སྒྲིལ་བྱས་ཚེ་གཞི་ནས་དོན་རྣམས་འགྲུབ་ཐུབ་པར་གདམས།
        གླུ་ཤགས་ནི་མདོ་སྨད་ཡུལ་དུ་དར་ཆེ་བ་དང་། དབུས་གཙང་ཡུལ་དུ་དར་ཆེ་བའི་ཚིག་རྒྱག་ཅེས་པ་དེའང་ཚིག་དོན་གཉིས་ཀྱི་ཆ་ནས་མདོ་སྨད་ཀྱི་གླུ་ཤགས་དང་ཤིན་ཏུ་མཚུངས། དཔེར་ན། མདོ་སྨད་ཀྱི་གླུ་ཤགས་ནི། ང་ལུག་རྫི་ཐང་ན་ཡོད་ཡོད་ལ། །སྤྱང་དར་མ་གན་ཚོའི་ངར་ལ་ལྟོས། །ང་ལུག་རྫི་ཐང་ན་མེད་རྒྱུ་ན། །དེས་མ་རྒན་འགའ་རེ་གསོད་རྩིས་རེད། །ཅེས་པ་ལྟ་བུ་དང་། དབུས་གཙང་གི་ཚིག་རྒྱག་ནི། དཀར་གསལ་བཅོ་ལྔའི་ཟླ་བ། །མི་ཤར་རྒྱུ་མཚན་ཅི་ཡིན། །ནུབ་ཕྱོགས་སྲིན་པོའི་གླིང་ན། །ཟླ་འཛིན་ཡོད་པ་མིན་ནམ། །ཞེས་པ་གཉིས་ནི་ནང་དོན་དང་རྣམ་པ་གཉིས་ཀྱི་ཆ་ནས་ཤིན་ཏུ་མཚུངས་པ་བཞིན། འདིར་ཁྱུང་པོ་སྤུང་སད་ཟུ་ཙེ་དང་མྱང་མང་པོ་རྗེ་ཞང་སྣང་གཉིས་ཀྱིས་བླངས་པའི་མགུར་ལའང་དེ་མཚུངས་ཀྱི་ཁྱད་ཆོས་ལྡན་པ་སྟེ། “ན་ནྀང་ནི་གཞེ་ནྀང་སྔ། །ཏྀ་སེ་ནི་གངས་དྲུང་ནས། །ཤ་དང་ནྀ་རྐྱང་བྱེར་བའ། །ཤམ་པོ་ནྀ་སྩ་ལ་བྱེར། །དྀ་རིང་ནྀ་སང་ལྟ་ན། །ཤམ་པོ་ནྀ་གཉན་གྱྀ་རྩ། །ཤ་རྐྱང་ནྀ་ཚས་མ་ངན། །ཤ་རྐྱང་ནྀ་ཚས་ངན་ན། །ཏི་སེ་ནྀ་གངས་ཀྱིས་བྲུན། །ན་ནིང་ནྀ་གཞེ་ནིང་སྔོན། །མ་པང་ནྀ་མཚོ་འགྲམ་ནས། །ངང་དང་ནྀ་ངུར་བྱེར་བ། །དང་ཀོ་ནི་མཚོ་ལ་བྱེར། །དྀ་རིང་ནྀ་སང་ལྟ་ན། །དང་ཀོ་ནི་ལྷ་འྀ་མཚོའ། །ང་ངུར་ནྀ་ཚས་མ་ངན། །ང་ངུར་ནྀ་ཚས་ངན་ན། །མ་པང་ནྀ་མཚོ་འིས་བྲུན། །” (21)ཞེས་ཕ་རོལ་པོའི་མགོ་གནོན་ཆེད་དུ་གླུ་ཚིག་རྣོ་ཞིང་མཚང་ལ་ཕོག་པ་མ་ཟད། ཚིག་གི་སྒྲིག་སྟངས་ཀྱང་གླུ་ཤགས་དང་འདྲ་བར།ཐོག་མར་དྲང་ཕྱོགས་ནས་དྲི་བའི་ཚུལ་དུ་བརྗོད་པ་དང་། དེ་ནས་ཚིག་ཉམས་འགྱུར་ཏེ་ཟུར་ཟུའི་ཚུལ་གྱིས་ལྡོག་ཕྱོགས་ནས་བརྗོད་པ་ཞིག་ཡིན། དེ་ལྟ་བུའི་གླུ་ཤགས་ལ་ཤགས་ལན་ཀྱང་གཅིག་ལན་གཅིག་དང་གཉིས་ལན་གཉིས་བྱེད་པ་སྟེ། “ན་ནྀང་ནི་གཞེ་ནིང་སྔ། །ཕོ་མའྀ་ནི་འབྲོང་བཀཾ་བ། །ལྷོ་ཤིང་ནི་སྨྱུག་མོ་རྒྱལ། །ལྕགས་ཀྱྀས་ནྀ་མ་དྲལ་ན། །སྨྱུག་གྀས་ནི་རེ་མྱི་པུགས། །རྒོད་ཀྱིས་ནི་མ་བསྒྲོན་ན། །འབྲོང་ལ་ནྀ་རེ་མྱི་འི་འཇེན། །ངས་པོ་ནི་ར་ཡུལ་གྱི། །ཀོམ་རྩེ་ནི་གཟིགས་མོ་རྒྱལ། །ཁབ་ཀྱིས་ནྀ་མ་པུག་ན། །རྒྱུས་ཀྱིས་ནྀ་རེ་མི་སུགས། །རྒྱུས་ཀྱིས་ནི་མ་དྲངས་ན། །ཀོམ་ཙེ་ནྀ་ཉིད་མྱི་འཇོ། ། ” (22) ཞེས་བཙན་པོའི་སྲིད་ཀྱི་མངའ་ཐང་རྒྱས་ཞིང་དབུ་རྨོག་བཙན་པ་ནི་རྗེ་བློན་ཚང་མས་མཐུན་སྒྲིལ་གྱི་སྟོབས་ཤུགས་མཉམ་གཅིག་ཏུ་བཏོན་པ་ལས་བྱུང་བའི་ཕྱག་རྗེས་ཡིན་པ་ལས། ཁྱུང་པོ་སྤུང་སད་ཟུ་ཙེ་གཅིག་པུའི་བྱས་རྗེས་མིན་ཞེས་དགག་ལན་སྤྲད་པ་སོགས། མགུར་འདི་ནི་ནང་དོན་གྱི་ཆ་ནས་ཤགས་ཀྱི་བརྗོད་སྟངས་དང་ཡོངས་སུ་མཐུན་པ་མ་ཟད། ཚིག་གི་སྒྲིག་སྟངས་དང་སྐད་ཆ་བརྗོད་ལུགས་སོགས་ཀྱི་རྣམ་པའི་ཐད་ནས་ཀྱང་ད་ལྟའི་གླུ་ཤགས་དང་ཡོངས་སུ་མཐུན་ནོ།།
        གསུམ། ཁྲི་འདུས་སྲོང་གི་མགུར་གླུ།  “དེ་ཡང་ཁྲི་འདུས་སྲོང་གི་མགུར་གླུ་ནི་བློན་པོ་མགར་གྱི་བུ་ཚ་རིགས་རྒྱུད་མགར་བཙན་ཉེན་གུང་རྟོན་དང་མགར་ཁྲི་འབྲིང་བཙན་བྲོད་སོགས་རྒྱལ་པོ་ཁྲི་འདུས་སྲོང་ལ་གློ་བ་རིང་བའི་ཚེ། སྤྱི་ལོ་695དང་698ལོར་བཙན་པོ་ཁྲི་འདུས་སྲོང་གིས་བཀའས་བཅད་དེ་བཀའ་བཀྱོན་འབེབས་ཤིང་ཁྲོམ་ཆེན་ཟིལ་གནོན་གྱི་ཚུལ་དུ་མགུར་གླུ་འདི་བླངས།” (23) མགུར་གླུ་འདིར། ཕྱོགས་གཅིག་ནས་སྤུ་རྒྱལ་རྒྱལ་རབས་ཀྱི་ཆེ་བ་བརྗོད་དེ་བློན་འབངས་རྣམས་ལ་བཙན་པོའི་སྲིད་དབང་ཉམས་མི་སྲིད་པའི་ཡིད་ཆེས་སྦྱིན་པ་དང་། ཕྱོགས་གཞན་ནས་མགར་སྤུན་མཆེད་ཀྱི་ནག་ཉེས་ཐེར་འདོན་བྱས་ནས་བཀའ་བཀྱོན་ཕབ་པའི་ནང་དོན་བརྗོད་ཡོད། དེས་ན། འདིར་མགར་སྤུན་མཆེད་ཀྱིས་བཙན་པོ་ལ་ཤགས་ལན་སྤྲད་པའི་རྒྱུ་ཆ་མི་འདུག་ནའང་། བཙན་པོ་ཁྲི་འདུས་སྲོང་གིས་མགར་ཚང་གི་ནག་ཉེས་ཐེར་འདོན་དང་མགར་སྤུན་མཆེད་ལ་དམའ་འབེབ་བྱེད་པའི་ཚིག་རྣོན་པོ་དག་ལ་ཤགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་མཆིས། 
        མགུར་གླུ་དེ་རུ། “གྱེ་དི་རིང་ནྀ་སང་ལྟ་ན། །དོག་སྲིན་ནྀ་སྦྱར་བུ་འྀས། །བྱ་ལྟར་ནྀ་བཅོས་བཅོས་སྟེ། །གནམ་དུ་ནྀ་འཕུར་འདོད་ཀྱང་། །འཕུར་དུ་ནྀ་འདབ་མ་མཆིས། །འཕུར་དུ་ནྀ་འདབ་མཆིས་ཀྱང་། །དགུང་སྔོ་ནི་ཕང་མཐོས་སྟེ།། སྤྲིན་ཀྱྀ་ནི་གོ་མྱི་འདའས། །ཡ་རུ་ནྀ་དགུང་མ་སླེབས། །མ་རུ་ནྀ་དོག་མ་སླེབས། །མ་ཐོ་ནི་མ་དམའ་སྟེ། །ཁྲ་འྀ་ནི་གཟན་དུ་གྱུརད། །” (24)ཅེས་འབུ་ཆུང་སྦྲང་མ་བྱ་ལྟར་བཅོས་ཏེ་ནམ་འཕངས་གཅོད་འདོད་ཀྱང་འདབ་གཤོག་མེད་པས་ཅི་ལྟར་འཕུར་ཞེས་མགར་སྤུན་མཆེད་ཀྱིས་བཙན་པོ་ལ་གྱེན་ལོག་བྱ་འདོད་པའི་དཔེར་སྦྱར་ནས་ཟུར་ཟ་བྱེད་པ་དང་། དེ་ནས་མུ་མཐུད་དུ། བརྒྱ་ལ་ནམ་མཁར་འཕུར་བའི་འདབ་གཤོག་མཆིས་ཀྱང་། མཐོན་པོ་སྤྲིན་གྱི་བང་རིམ་དུ་སླེབས་མི་ཐུབ་པས། མི་མཐོ་མི་དམའ་བའི་བར་མཚམས་ནས་འདབ་ཆགས་ཁྲ་ཡི་གཟན་དུ་འགྱུར་ཏོ་ཞེས་དགག་བཞག་གི་ཤུགས་ཇེ་བཙན་དུ་བཏང་ནས་མགོ་གནོན་པའི་ཚིག་སྦྱར་བ་དང་། ཡང་། “བྱ་པུ་ནྀ་ལུང་ཅུངས་ནས། །གླང་ཞྀག་ནི་རྫི་ལངས་ཀྱང་། །ཕོ་མ་འྀ་ནི་སྡིང་པོ་ཆེ། །རྫི་ལངས་ནྀ་སྣར་མྱི་མནམ། །རྫི་ལངས་ནི་སྣར་མནམ་ཡང་། །ཁུས་བཏབ་ནྀ་སྡིང་མྱི་གཡོའ། །” (25)ཞེས་བྱ་ཕུ་ལུང་ཆུང་སྟེ་མགར་གྱི་སྐུ་མཁར་ནས། བ་གླང་ཞིག་ཆགས་སྲེད་ལངས་པ་ལ་ཕོ་མའི་ཡུལ་གྱི་ཆགས་གླང་གིས་ནི་སྣ་ཡིས་མི་སྣོམ་པ་དང་། བརྒྱ་ལ་སྣོམ་པའི་དབང་དུ་བཏང་ནའང་། དེས་ནི་ཁུས་འདེབས་པ་དང་ངུར་སྒྲ་རིང་པོ་འབྱིན་མི་སྲིད་ཅེས་པ་ཤགས་ཀྱི་ཚིག་གི་སྦྱོར་ལུགས་དང་ཡོངས་སུ་མཐུན་པ་སྟེ། ཐོག་མར་དྲང་ཕྱོགས་ནས་ཟུར་ཟུའི་ཚིག་བརྗོད་པ་དང་། དེ་ནས་བརྟག་པ་མཐའ་བཟུང་གི་དཔེ་དྲངས་ནས་ལྡོག་ཕྱོགས་ནས་དགག་བཞག་ཚ་ལན་སྤྲད་དེ་ཕ་རོལ་པོ་ཡོངས་སུ་མགོ་གནོན་པ་ནི་ཤགས་ཀྱི་ཁྱད་ཆོས་ཡིན། 
        གཞན་ཡང་། མགུར་གླུ་འདིར། “འབངས་ཀྱིས་ནྀ་རྗེ་བཀོལ་ཏམ། །རྗེ་འིས་ནྀ་འབངས་བཀོལ་བའ། །དགུ་སྔོ་ནི་ཡ་བི་མཁྱེན། །མྱྀ་འིས་ནི་རྟ་བཞོན་ནམ། །རྟ་འྀས་ནི་མྱི་བཞོན་བ། །པཱ་འྀ་ནི་གཙུག་མཁན་མཁྱེན། །རྩྀ་འྀས་ནྀ་ཟོར་གཆད་དམ། །ཟོར་གྱིས་ནྀ་རྩ་གཆད་པ། །དོག་མོན་ནྀ་མ་བི་མཁྱེན། །” (26)ཞེས་སྲིད་མིན་གྱི་དཔེ་མང་པོ་བཀོལ་ནས་ལྡོག་འདྲི་བྱས་པ་དང་། དེ་ནས་མུ་མཐུད་དུ་རང་ལན་རང་གིས་བཏབ་པ། “ད་ཙམ་ནི་དགུང་མཐའ་ཡན། །གཉི་ཟླ་ནྀ་སྤྱན་གྱིས་གཟིགས། །དགུང་སྔོ་ནི་སྙན་གྱྀས་གསན། །པཱ ་འྀ་ནི་གཙུག་མྱི་འགྱུར། །མདའྀ་ནི་སྒྲོ་མྱི་འབོག །བདེན་ནམ་ནྀ་བརྫུན་པ་འདི། །སང་པྱི་ནྀ་གནངས་སླད་ན། །འབངས་ཀྱིས་ནྀ་རྗེ་མྱི་བཀོལ། །རྟ་འྀས་ནི་མྱི་མྱི་ཞོན། །རྩྀ་འྀས་ནི་ཟོར་མྱི་གཆོད། །” (27) ཅེས་སྲིད་མིན་གྱི་དཔེ་ལ་བརྟེན་ནས་ཕ་རོལ་པོ་ལ་ཟུར་ཟུའི་དགག་ལན་སྤྲོད་པ་འདིའང་ཤགས་ཀྱི་ཁྱད་ཆོས་གཞན་ཞིག་ཡིན་ནོ།།
        བཞི། མགར་ཁྲི་འབྲིང་བཙན་བྲོད་དང་རྒྱའི་བློན་པོ་འྭོང་ཀེར་ཞང་ཤེ་ (28) གཉིས་ཀྱི་ཡིག་ལན། ཏུན་ཧོང་ནས་ཐོན་པའི་བོད་བཙན་པོའི་དུས་ཀྱི་ཡིག་རྙིང་རྒྱུ་ཆ་དག་ལས། མགུར་གླུ་ལས་གཞན་ད་དུང་ཤགས་འགྱེད་ཀྱི་ཚིག་དོན་སྦྱོར་ཚུལ་ལ་བརྟེན་ནས་ཕ་རོལ་པོ་ཟིལ་གྱིས་གནོན་པའི་དགྲ་ཟླའི་བར་གྱི་ཡིག་ལན་ཕུལ་བའི་རྒྱུ་ཆ་མཆིས་པ་སྟེ། བཙན་པོ་རིམ་བྱུང་གི་རྟོགས་བརྗོད་ལས། བཙན་པོ་ཁྲི་འདུས་སྲོང་གི་སྐབས་སུ། མགར་ཁྲི་འབྲིང་བཙན་བྲོད་དང་རྒྱའི་བློན་པོ་འྭོང་ཀེར་ཞང་ཤེ་གཉིས་ཀྱིས་ཕན་ཚུན་ལ་ཕུལ་བའི་ཡིག་ལན་གྱི་ནང་དོན་དེ་ནི་ཤགས་འགྱེད་ཀྱི་ཁྱད་ཆོས་དང་ལྡན་པ་ཞིག་ཡིན། 
        ཡིག་ལན་དེའི་དབུར། “༄། །བོད་ཀྱི་བློན་པོ། །མགར་ཁྲི་འབྲྀང་བཙན་ཁྲོད་དང་། །རྒྱ་འྀ་བློན་པོ་འྭོང་ཤེར་ཞང་ཤེ་གཉིས། ཁ་དོར་གྱིས་བརྒྱའབ་འི་ཚིག །” (29)ཅེས་འདུག་པ་ལ། ཁ་དོར་ཞེས་པ་ནི་ཁ་ཤགས་རྩོད་པ་ལའོ་ཞེས་གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་གསུངས་འདུག དེ་ལྟ་བུའི་ཁ་ཤགས་བརྩད་པ་ལ། “རྒྱའི་དམག་བྱྀན་ཆེད་པ། །དམག་དཔོན་འྭོང་ཤེར་ཞང་ཤེས་བདའསྟེ། །དཔུང་གིས་པུལ་ནས། ། མཚོ་སྔོན་པོ་པྱོགས་ཀྱྀ་དམག་དཔོན། །མགར་ཁྲྀ་འབྲྀང་བཙན་བྲོད་འཚལ་བ་ལ། །འྭོང་ཀེར་ཞང་ཤེས་སྤྲིང་བཱ། །ཁྲེ་རྐྱལ་གང་དང་། །ཡུངས་ཡུངས་འབྲུ་རྐྱལ་གང་བསྐུར་ཏེ། །བོད་ཀྱི་དམག །སྟག་འཕྲང་གཡག་འཕྲང་དུ་བགྲངས་པ་འྀ་གྲངས་ང་ལ་ཡོད་དོ། །གླད་པ་ལ་ཚད་བླངས་ཏེ། །ཞྭར་དྲུབས། རྐང་པ་ལ་ཚད་བླང་སྟེ་ལྷམ་དུ་དྲུབས། །བོད་ཀྱི་དམག་ཐུབ་པ་ཙམ་དུ་བརླབས་ནས། །ང་འྀ་དམག་འདི་སྙེད་ཆིག་ཡོད་དོ། །མགྲྀམ་པྲ་མོར་ཤོང་ན། །ལྟོ་ཆེད་པོར་ཞུགས་ཀྲང་། །གིས་གནམ་པྱགས་ཆེད་པོས་བཏབ་སྟེ། །གཆིག་མྱྀ་དགྱེ་འོ། །” (30) ཞེས་རྒྱའི་དམག་དཔོན་འྭོང་ཀེར་ཞང་ཤེ་ཡིས་མགར་ཁྲི་འབྲིང་བཙན་བྲོད་ལ་ཁྲེ་བོ་དང་ཡུངས་དཀར་གྱི་འབྲུ་རྡོག་རྐྱལ་བ་གང་རེ་བསྐུར་བའི་སྟེང་ལ་ཡི་གེ་ཕུལ་བ། བོད་ཀྱི་དམག་གི་གྲངས་ཚད་ཙམ་ནི་ང་ལ་ཡོད་པ་མ་ཟད། མགོ་ལ་ཚད་ནས་ཞྭ་བཟོ་བ་དང་། རྐང་པར་ཚད་ནས་ལྷམ་བཙེམ་པ་བཞིན། བོད་ཀྱི་དམག་ཕམ་པར་གཏོང་ཐུབ་ཐག་ཆོད་ཀྱི་དམག་དཔུང་གི་གྲངས་ཀ་ནི་ང་ལ་མཆིས་ཞེས་དཔེ་དང་སྦྱར་ནས་བོད་དམག་གི་དཔའ་ཤུགས་ཉམས་པར་གཏོང་འདོད་ཀྱི་ཡི་གེ་བཏང་བ་ལ།མགར་ཁྲི་འབྲིང་གིས་ཡིག་ལན་དུ། “མང་ཉུང་གྀ་ཁར་མྱི་དོར་རོ། །བྱི་འུ་མང་ཡང་ཁྲ་ཆིག་གྀ་ཉོད་པའ། །ཉེ་འུ་མང་མང་ཡང་སྲམ་ཆྀག་གི་ཉོད་པ། ཤ་བ་རྭ་མང་སྟེ་འགྱེན་ཏམ།གཡག་རུ་ཐུངེ་སྟེ། འགྱེན་པ་བལྟ་འོ། །ཆུ་གཞའ་གསང་དུ་སོང་བ་ཡང་། གྲུ་མདོམ་གང་གིས་སྐ་ཆིག་ཆོད་དོ། །ནས་འབྲས་ཐང་གང་སྐྱེས་པ་ཡང་། རང་ཏག་གཆྀག་གི་ནང་དུ་ཆྀབ་བོ། །སྐར་མ་གནམ་གང་ཡོད་པ་ཡང་ཉི་མ་གཆྀག་གི་འོད་ལ་མྱེད་དོ། །ལུང་པ་གཆྀག་གི་མདའ་ནས་མྱེ་ཕར་ཆྀག་མཆེད་ན། རྀ་ལུང་གཉྀས་ཀྱི་ཤྀང་རྩྀ་ཀུན་ཚིག་པ་ཡང་ཡོད། ། ཆུ་མྱིག་གནྀག་གི་དངོའ་ནས། དབའ་རྒལ་ཞྀག་བྱུང་ནའ། །རི་ཐང་གྀ་ཤིང་རྩྀ་ཀུན་ཁྱེར་བ་ཡང་སྲིད་དོ། །བོང་པ་ཐང་གྀ་ནང་དུ། །རྡོ་བ་གཆིག་འདྲྀལ་དུ་བཅུག་ན། རྡོ་ཆག་གམ།བོང་པ་ཆག་པ་བལྟ་འོ། ཐང་ཆེད་པོ་གཆིག་ལ། རྩྭ་ཁུར་གཆིག་དང་། སྨྲག་ཤད་ཀྱི་ལྕག་གཆིག་བཆྀང་སྟེ་བཞག་ན།རྩྭ་སྔར་འདྲུལ་ལམ། ལྕག་སྔུན་དུ་འདྲུལ་བ་བལྟ་འོ། །ཆུ་ཟངས་གང་གྀ་ནང་ན། ལན་ཙ་ཁྱོར་གང་བཏབ་ན། ཆུ་བྲོ་འམ། ལན་ཙ་བྲོ་བ་བལྟ་འོ། འབྲུག་དང་ཀློག་བརྟེ་བུ་ལྕེ་གྲངས་ཉུང་མོད་ཀྱོང་། །གནམ་མཐའ་བཞིར་གྲགས་ལ་བརྩན་ཞིང་ཆེ་འོ། །ཁྱོད་ཀྱི་དམག་ནིའ། མཚོ་ག་འྀ་སྦྲང་བུ་དང་འདྲའ་སྟེ། མང་ཞྀང་འཁོལ་ལ་མྱི་ཕན་ནོ། །རི་ཀ་འྀ་ན་བུན་དང་མཚུངསྟེ། མྱི་ལ་མྱྀ་ལྕི་འོ། །ང་འྀ་དམག་ནྀ་རྩྭ་མང་པོ་ལ་ཟོར་བ་གཆྀག་གིས་གཆོད་པ་དང་མཚུངསྟེ་ཆོད་ཀྲང་། །གཡག་ཆེད་པོ་ལ་མདའ་ཕྲ་མོས་འཕངསྣ་སོད་ཀྲང་། །” (31) ཞེས་མགར་ཁྲི་འབྲིང་གིས་སྨྲས་པ། དམག་མང་ཉུང་གི་གྲངས་ཀའི་ཐད་ནས་ནི་རྒྱའི་དམག་དཔུང་ལ་མི་དོ་ཡང་། བྱེའུ་མང་ཡང་ཁྲ་གཅིག་གིས་ཟ་ཐུབ་པ་དང་། ཉ་ཕྲུག་མང་ཡང་སྲམ་གཅིག་གིས་ཟ་ཐུབ། དེ་བཞིན་དུ་ཤ་བ་རྭ་ཅོ་མང་ཡང་གཡག་ར་ཐུང་གི་དོ་ཟླ་མིན་པ་དང་། ལོ་མང་སྐྱེས་པའི་ལྗོན་ཤིང་ཡང་སྟ་རེ་གཅིག་གིས་སྐད་ཅིག་ཏུ་ཆོད་པ། ཡར་མར་ག་སར་བཞུར་བའི་ཆུ་ཕྲན་དེའང་གྲུ་འདོམ་གང་གིས་ཆོད་པ། ཐང་རྒྱ་ཆེན་པོ་ནས་སྐྱེས་པའི་འབྲུ་རྡོག་མང་པོའང་རང་འཐག་གཅིག་གིས་ཕྱེ་མར་བཏག་ཐུབ་པ་སོགས་ཀྱི་དཔེ་མང་པོ་དྲངས་ནས། ཕ་རོལ་པོ་ནི་བྱེའུ་དང་ཉ་ཕྲུག ཤ་བ་དང་ལྗོན་ཤིང་། ཆུ་ཕྲན་དང་ནས་འབྲུ་སོགས་ཀྱི་དཔེར་བཞག་པ་དང་། རང་ཉིད་ནི་དེ་དག་གི་མགོ་མགོན་པའམ་ཁྱད་དུ་གསོད་མཁན་གྱི་གཉེན་པོ་ལྟ་བུ་སྟེ། ཁྲ་དང་སྲམ། གཡག་དང་སྟ་རེ། གྲུ་དང་རང་འཐག་སོགས་ཀྱི་དཔེ་མང་པོ་བཞག་ནས་ཤགས་ལན་ཚ་དྲག་ཕུལ་བ་ལ། ཡང་། “འྭོང་ཀེར་ཞང་ཤེས་ལན་བཏབ་པའ།།སྒོ་ང་ཆུ་ངུ། རྀ་ཆེན་པོ་འི་ལྗིད་ཀྱྀས་མནན་ན་ཆོགས་ཀྲང་།མྱེ་འབའར་པ། མཚོ་ཆེད་པོ་འི་རླབས་ཀྱིས་བསད་ན་སོད་ཀྲང་།” (32)ཞེས་སྒོ་ང་ཆུང་ངུ་རི་ཆེན་པོས་མནན་ན་མི་ཆག་གམ། མྱེ་འབར་བ་མཚོ་ཆེན་གྱི་རླབས་ཀྱིས་བསད་ན་མི་སོད་དམ་ཞེས་བོད་དམག་སྒོ་ང་ཙམ་ནི་རྒྱ་དམག་རི་རབ་ལྟ་བུས་མནོན་པ་དང་། བོད་དམག་མེ་འབར་བ་ནི་རྒྱ་དམག་མཚོ་ཆེན་གྱི་རླབས་ལྟ་བུས་གསོད་དོ་ཞེས་འུད་ཆེན་པོས་ཁེངས་དྲེགས་ཀྱི་ཤགས་ལན་སྤྲད། དེར་“མགར་ཁྲྀ་འབྲིང་གིས་ལན་བཏབ་པའ། རྀ་ཆེན་པོ་འི་སྟེང་ན་བྲག། བྲག་གྀ་ཁ་ཁ་ན་ཤྀང་། ཤིང་གྀ་ཁ་ཚང་། ཚང་གྀ་ཁ་ན་སྒོ་ང་སྟེ།རྀ་མ་རྙིལ་བར་བྲག་མྱྀ་འདྲལ། བྲག་མ་རལ་བར་ཤྀང་མྱི་འཆག། ཤྀང་མ་ཆག་དང་ཚང་མྱི་ཞིག ཚང་མྱི་ཞིག་པར་སྒོ་ང་མྱྀ་ཆག་སྟེ། །རྀས་སྒོ་ང་གཆག་དུ་དེ་ལྟར་མྱི་ཆོགས་སོ། །མྱེ་རྀ་ཀ་ན་འབའར་བ། ཆུ་ལུང་པ་ན་འབབ་པས། གསད་དུ་མྱྀ་སླེབསྟེ། །བོད་ཀྱི་སྤུ་རྒྱལ་ནྀ་ཉི་མ་དང་འདྲའ། །རྒྱ་རྗེ་ནྀ་ཟླ་བ་དང་འདྲ་སྟེ། ། རྒྱལ་པོ་ཆེད་པོར་འདྲའ་མོད་ཀྱོང་།གནམ་མཐའ་འོག་དུ་འོད་ཐ་དད་དོ། །ཆེ་ཅུང་གྀ་ཁར་ཡོང་མྱི་དོར་དོ། །མཚོ་ཆེད་པོ་འི་ནང་ན། ཆུ་སྲྀན་རྒྱལ་བ་འདུག་ན། གནས་ལས་ཆེ་ཕབསྟེ། །ཆུ་སྲིན་རྒྱལ་བ་ཆུ་འྀ་ནང་དུ་བསད་དོ། །འབྲུག་དང་ཀློག་གཉྀས་ཀྱིས་ལྕེ་ཕབ་ན་བྲག་ལས་སྲ་བ་མྱེད་པ་ཡང་དྲལ་ལོ། །བོད་ཀྱི་ལྷ་བཙན་པོ་དང་། གནམ་གཉིས་ཀྱྀས་བདུད་བཆད་ན། འབལ་ལྗྀ་རྨང་ལས་ཆེ་བ་མྱེད་པའི་བུ། ། ས་དགུའ་རྀམ་འོག་དུ་སྭས་པ་ཡང་བཟུང་དེ་བསད་དོ། །དེ་ལྟ་སྟེ། ཆེ་ཅུང་དང་མང་ཉུང་གི་ཁར་དེ་ལྟར་མྱྀ་དོར་རོ། །” (33)  ཞེས་མགར་ཁྲི་འབྲིང་གིས་རིགས་པ་དང་དཔེ་གཉིས་ཀྱི་སྒོ་ནས་ཤགས་ལན་སྤྲད་པ་སྟེ། གོང་ནས་བརྗོད་པའི་རི་རབ་ཀྱིས་སྒོ་ང་གནོན་པ་དང་མཚོ་རླབས་ཀྱིས་མེ་ཕུང་གསོད་པའི་དཔེ་དེ་ནི་རིགས་པའི་གཏན་ཚིགས་དང་འགལ་བས་མི་སྲིད་པ་ཞིག་ཡིན་པ་སྒྲུབ་པ་དང་། དེ་ནས་མུ་མཐུད་དུ། སྤུ་རྒྱལ་བཙན་པོ་ནི་ཉི་མ་དང་མཚུངས་ལ། རྒྱ་རྗེ་ཧོང་ཏི་ནི་ཟླ་བ་དང་འདྲ་བ་གཉིས་རྒྱལ་པོ་ཡིན་པ་གཅིག་མཚུངས་ཡིན་ཀྱང་། ཉི་ཟླ་གཉིས་ཀྱི་འོད་གསལ་དྲོད་ཀྱི་ཁྱད་པར་ནང་བཞིན། རྒྱལ་པོ་གཉིས་ཀྱི་གཟི་བྱིན་དང་སྟོབས་ཤུགས་ཆེ་ཆུང་གི་ཐད་ནས་རྒྱ་རྗེ་བོད་ཀྱི་བཙན་པོ་ལ་མི་དོ་བ་ནི། དཔེར་ན། མཚོ་ནང་དུ་ཆུ་སྲིན་གྱི་རྒྱལ་པོ་འདུག་པ་དེ་ལ་གནམ་ལྕག་ཕབ་སྟེ་བསད་པ་དང་། གློག་འཁྱུག་པ་ལས་ཤིན་ཏུ་སྲ་བའི་བྲག་རི་ཡང་དྲལ་ཐུབ་པ་ནང་བཞིན། བོད་ཀྱི་བཙན་པོ་ནི་སྟོབས་ཤུགས་འགྲན་ཟླ་བྲལ་བ་ཞིག་ཡིན་པ་བརྗོད་དེ་ཕ་རོལ་པོའི་ཟིལ་ཤུགས་གནོན་པར་བྱེད་པའི་གཏམ་གྱི་ཡི་གེ་ཕུལ་བ་སོགས། ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་ཡིག་ལན་གྱི་ཚན་པ་འདི་ནི་བོད་དང་ཐང་གི་དམག་དཔོན་ཕན་ཚུན་དབར་གཡུལ་འགྱེད་ལ་ཉེ་བའི་དུས་སུ། ཕན་ཚུན་གྱི་ཉམས་ཚོད་ལེན་པ་དང་ཕ་རོལ་པོའི་ཟིལ་ཤུགས་གནོན་པའི་ཆེད་དུ་བཏང་བའི་ཤགས་འགྱེད་ཀྱི་ནང་དོན་ཤིན་ཏུ་རྩ་ཆེ་བ་ཞིག་འདུག་གོ།
        ལྔ། ཤགས་ཀྱི་ཚིག་ཐར་ཐོར་གཞན་དག གོང་དུ་བརྗོད་པ་ལས་གཞན། ཏུན་ཧོང་ནས་ཐོན་པའི་བོད་བཙན་པོའི་དུས་ཀྱི་ཡིག་རྙིང་རྒྱུ་ཆའི་ཁྲོད་དུ་ད་དུང་ཤགས་ཀྱི་རྣམ་པའི་ཚིག་ཐར་ཐོར་གཞན་མཆིས་པ་སྟེ། བཙན་པོ་སྲོང་བཙན་སྒམ་པོས་མགུར་བླངས་པ། “ད་ནས་ནི་ཕན་ཆད་དུ། །ཁྱོད་ཀྱིས་ནྀ་ང་མ་གཏང་། །ང་འྀས་ནི་ཁྱོད་མྱྀ་གཏང་། །ང་འྀས་ནི་ཁྱོད་བཏང་ན། །དགུང་མཐའྀ་ནི་སྲུང་དུ་རུང་། །ཁྱོད་ཀྱིས་ནྀ་ང་བཏང་ན། །ངས་པོ་ནྀ་རྨད་དུ་རུང་། །” (34)ཞེས་བློན་ཆེན་པོ་དབའས་དབྱི་ཚབ་ལ་གསོལ་བ་དང་། དེ་བཞིན་དུ། “རྗེས་འིས་ནྀ་འབངས་མ་གཏང་། །རྗེ་འིས་ནྀ་འབངས་བཏང་ན། །གནམ་མཐའི་ནི་སྲུང་དུ་རུང་། །འབངས་ཀྱིས་ནྀ་རྗེ་མ་གཏང་། །འབངས་ཀྱྀས་ནི་རྗེ་བཏང་ན། །ངས་པོ་ནི་རྨད་དུ་རུང་། །” (35) ཞེས་བློན་ཆེན་མགར་སྟོང་བཙན་ལ་མགུར་བླངས་པ་མ་ཟད། མགུར་ལན་གྱི་གླུ་རུ་མགར་སྟོང་བཙན་གྱིས་གསོལ་བ། “རྗེ་འྀས་ནི་འབངས་མ་གཏང་། རྗེ་འྀས་ནི་འབངས་བཏང་ན། བྱ་བང་ནྀ་ཐང་ལ་ཐས། འབངས་ཀྱིས་ནྀ་རྗེ་མ་བཏང་། འབངས་ཀྱིས་ནྀ་རྗེ་བཏང་ན། འཇོན་མོ་ནི་ཤིང་ཀ་རེབས།” (36)ཞེས་བཙན་པོའི་མགུར་གླུ་ཡི་ནང་དོན་ལ་གཅིག་ལན་གཅིག་གིས་བཏབ་སྟེ། རྗེ་བློན་དབར་གྱི་འབྲེལ་བ་དམ་ཟབ་ཏུ་གཏོང་བར་ཤུགས་བསྣན་པའི་ཚིག་བརྗོད་པ་ལྟ་བུ་ཡོད། གཞན་ཡང་། བཙན་མོ་སད་མ་གར་གྱི་མགུར་ལས། “བྲན་གྱི་ནྀ་སྐལ་པོག་པ། །གུ་གེ་ནྀ་རྐང་པྲན་ཞིག །འཁོལ་དུ་ནྀ་མ་ཐོའམ། །གུ་གེ་ནྀ་བདྲིས་ཤིང་སྡང་། །ཟས་ཀྱྀ་ནི་སྐལ་པོག་པ། །ཉ་དང་ནྀ་གྲོ་མཆིས་ཏེ། །འཚལ་དུ་ནྀ་མ་ཐོའམ། །ཉ་གྲོ་ནྀ་བཆའ་ཞིང་ཁའ། །པྱུགས་ཀྱི་ནྀ་སྐལ་པོག་པ། །ཤ་དང་ནྀ་རྐྱང་མཆིས་སྟེ། །འཚོ་རུ་ནྀ་མ་ཐོ་འམ། །ཤ་དང་ནྀ་བཙའ་ཞིང་རྒོད། །” (37) ཅེས་པ་ནི། བཙན་མོ་སད་མ་གར་གྱིས་བཙན་པོ་སྲོང་བཙན་སྒམ་པོས་བཏང་བའི་ཕོ་ཉ་སྤུག་གྱིམ་བཙན་རྨང་ཆུང་གིས་བཙན་པོའི་བཀའ་སློབ་བཏང་བའི་ལན་དུ་ཟུར་ཟ་དང་སྡུག་ཡུས་ཀྱི་ཉམས་ཀྱིས་ཞང་ཞུང་ཡུལ་ལ་དམའ་འབེབས་ཀྱི་ཚིག་བརྗོད་པ་བརྒྱུད་ནས་བཙན་པོས་བཏང་བའི་བཀའ་སློབ་དེ་དག་བདེན་པར་མ་གྲུབ་པའི་དགག་བཞག་མཛད་པ་སོགས་ཤགས་ཀྱི་རྣམ་པ་དང་ཚིག་དོན་གཉིས་ཀྱི་ཆ་ནས་མཐུན་པའི་ཡིག་ཆ་ཐར་ཐོར་མཆིས་སོ།།
        གསུམ་པ། ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་ཤགས་ཀྱི་སྤྱོད་རྒྱ།
        ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་ཤགས་ཀྱི་ནང་དོན་དང་རྣམ་པ་ལྡན་པའི་རྒྱུ་ཆ་དེ་དག་ལ་གཞིགས་ཚེ། བོད་བཙན་པོའི་དུས་སྐབས་སུ་ཤགས་ཀྱི་རིག་གནས་ཕུན་སུམ་ཚོགས་པ་དར་བ་དང་། སྐབས་དེ་དུས་སུ། གླུ་ཤགས་དང་ཤགས་འགྱེད་ཀྱི་ནང་དོན་དང་སྤྱོད་རྒྱའང་མི་འདྲ་བ་སྣ་ཚོགས་ཡོད་པ་ཚོད་དཔོག་བྱེད་ཐུབ།
གཅིག བློན་པོའི་དབར་གྱི་སྲིད་དབང་རྩོད་གླེང་།  བོད་ཀྱི་ཤགས་འགྱེད་དང་གླུ་ཤགས་ནི་གཅིག་ལན་གཅིག་གིས་དགག་པ་དང་། ཕ་རོལ་པོའི་ཞི་རྒྱས་དབང་དྲག་གི་མགོ་འཕང་མར་ལ་ཕབ་ཆེད་ཕན་ཚུན་ལ་ཟུར་ཟའི་ཚིག་རྣོན་པོས་ཕར་རྒོལ་བྱེད་པའི་གཏམ་དང་གླུ་ཡི་རིག་གནས་ཤིག་ཡིན། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་རྙིང་དག་ལ་བརྟག་ན། བོད་བཙན་པོའི་དུས་ཀྱི་གླུ་དང་གཏམ་གྱི་ཤགས་འགྱེད་ནི་བཙན་པོ་གཅིག་གི་ཆབ་འོག་ཏུ་གཏོགས་པའི་བློན་པོའི་དབར་ལ་སྲིད་དབང་གི་གོ་འཕང་རྩོད་གླེང་བྱུང་བ་དང་། རྗེ་བློན་ཀུན་གྲོས་ཀྱི་གདན་གཅིག་ལ་འཛོམས་པའི་སྐབས་སུ། ཕན་ཚུན་འགལ་བ་བྱུང་བའི་བློན་པོ་ཕྱོགས་གཉིས་ཀྱིས་ཤགས་འགྱེད་པའི་ཚིག་རྣམས་གླུ་རུ་ལེན་པའི་སྲོལ་ཞིག་འདུག་པ་རྟོགས་ཐུབ། དཔེར་ན། བཙན་པོ་གནམ་རི་སྲོང་བཙན་གྱི་སྐབས་སུ། ཁྱུང་པོ་སྤུང་སད་ཟུ་ཙེ་ནི་བཙན་པོས་སེང་གོ་མྱི་ཆེན་ལ་དགྱེས་སྐྱེམས་སྟོན་མོ་གསོལ་བར་མ་རེངས་པས། ཀུན་གྱི་ཚོགས་གྲལ་དུ་རང་ཉིད་ཀྱི་ཆེ་བ་བརྗོད་པ་དང་། སེང་གོ་མྱི་ཆེན་ཕྱོགས་ཀྱི་བློན་པོར་ཟུར་ཟའི་དམའ་འབེབ་བྱེད་པའི་ཤགས་འགྱེད་བཏང་སྟེ་མགོ་གནོན་པར་འདོད་པ་ལ། མྱང་མང་པོ་རྗེ་ཞང་སྣང་གིས་གཅིག་ལན་གཅིག་དང་གཉིས་ལན་གཉིས་ཀྱི་ཤགས་ལན་བཏང་སྟེ་རང་ཕྱོགས་ཀྱི་བློན་པོ་རྣམས་ཀྱི་ང་རྒྱལ་སྲུང་བ་མ་ཟད། ཁྱུང་པོ་སྤུང་སད་ཟུ་ཙེ་ཡི་ཁེངས་དྲེགས་ཀྱི་ཉམས་མཐོན་པོ་ཁྱད་དུ་བསད་ནས་བཙན་པོའི་ངོ་བསོད་དབང་ཐང་སྲུང་ཡོད།
        དེར་མ་ཟད། ཁྲི་འདུས་སྲོང་གི་སྐབས་སུ། བཙན་པོས་སྤུ་རྒྱལ་གྱི་དམག་སྲིད་དབང་ཆ་གཅིག་ཏུ་བཟུང་བའི་མགར་སྤུན་མཆེད་ཀྱིས་བཙན་པོའི་དབང་ཐང་ལ་གནོད་པར་དགོངས་ནས། མགར་སྤུན་མཆེད་ལ་བཀྱོན་ཕབ་པའི་སྐབས་སུ། རྗེ་བློན་ཚོགས་པའི་དབུས་ནས་མགར་སྤུན་མཆེད་ཀྱི་ནག་ཉེས་ཐེར་འདོན་མཛད་པ་དང་། རྗེ་དང་བློན་གྱི་གོ་གནས་དབང་གིས་མགར་སྤུན་མཆེད་ཀྱིས་ཤགས་ལན་སྤྲད་པ་མ་བྱུང་ནའང་། བཙན་པོས་ཤགས་འགྱེད་ཀྱི་རྣམ་པས་ཕ་རོལ་པོར་ཟུར་ཟ་དང་དམའ་འབེབས་ཀྱི་ཚིག་ཟུར་རྣོན་པོས་རྒོལ་རྡུང་བཏང་བ་སོགས། སྐབས་དེར་བློན་པོ་དང་བློན་པོའི་དབར་དང་། བཙན་པོ་དང་བློན་པོའི་དབར་གྱི་སྲིད་ཀྱི་དབང་ཆ་འཕྲོག་རྩོད་ཀྱི་སྐབས་སུ་ཕན་ཚུན་ལ་ཚིག་གི་མདའ་མོ་འཕེན་རེས་བྱེད་སྐབས་ཤགས་འགྱེད་གཏོང་བའི་སྲོལ་ཞིག་དར་ཡོད་པ་གསལ་པོར་རྟོགས་ཐུབ།
        གཉིས། དགྲ་ཟླའི་དབར་གྱི་ཤགས་འགྱེད། བཙན་པོ་གཅིག་གི་སྲིད་ཀྱི་བཀའ་ལ་གཏོགས་པའི་བློན་པོ་མ་ཡིན་པར། ཕན་ཚུན་གཡུལ་བཀྱེད་པའི་དགྲ་ཟླའི་དབར་དུའང་ཤགས་འགྱེད་པའི་སྲོལ་ཡོད་པ་སྟེ། བཙན་པོ་ཁྲི་འདུས་སྲོང་གི་དུས་སུ། བོད་ཀྱི་དམག་དཔོན་ཆེན་པོ་མགར་ཁྲི་འབྲིང་བཙན་བྲོད་དང་། ཐང་གི་དམག་དཔོན་ཆེན་པོ་འྭོང་ཀེར་ཞང་ཤེ་གཉིས་ཀྱིས་གཡུལ་ངོ་ནས་ཕན་ཚུན་ལ་ཡིག་ལན་ཕུལ་རེས་བྱེད་ནས། ཕ་རོལ་པོའི་ཟིལ་ཤུགས་ཀྱི་དཔུང་དམའ་རུ་ཕབ་པའི་ཚིག་གིས་ཤགས་འགྱེད་པ་མཐོང་ཐུབ། འདི་ལས་བོད་བཙན་པོའི་རྒྱལ་རབས་ཀྱི་དུས་སུ།མཐའ་བཞིར་མངའ་ཐང་རྒྱ་བསྐྱེད་པའི་སྐབས་སུ་དམག་དཔུང་གི་སྟོབས་ཀྱིས་ཕ་རོལ་པོ་དབང་དུ་བསྡུ་བར་མཛད་པ་མ་ཟད། གཡུལ་ངོར་འཕྲད་པའི་དགྲ་ཟླའི་དབར་དུ་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་པའི་ཚུལ་དུ་ཤགས་འགྱེད་བྱེད་པ་བརྒྱུད་ནས། ཕ་རོལ་བའི་ཟིལ་ཤུགས་དང་དཔའ་སྤོབས་ཞུམ་པར་བཏང་ནས་གཡུལ་ངོར་གྲི་མཚོན་གྱིས་འཁྲུག་པ་ཡོང་མི་དགོས་པར་དམག་འཁྲུག་མཚམས་འཇོག་པར་ཕྱོགས་གཉིས་ཀྱིས་འདོད་བཞིན་པ་རྟོགས་ཐུབ། འདིའི་སྐབས་སུ་ནི་ཤགས་འགྱེད་ཀྱི་རྩལ་ག་འདྲ་ཞིག་ཡོད་པ་དེ་ནི་ཤིན་ཏུ་གལ་ཆེ་བའི་གནད་འགག་ཏུ་གྱུར་ཡོད་པ་ཤེས་ཐུབ།
        གཞན་ཡང་། བློན་རབས་ཐོར་བུ་ལས། “དེའི་འོག་ཏུ་མྱང་མང་པོ་རྗེ་ཞང་སྣང་གིས་བྱས་སོ། བཙན་པོ་ཡབ་ཁྲི་སློན་བཙན་དགུང་དུ་གཤེགས། སྲས་ཁྲི་སྲོང་བརྩན་གྱི་རིང་ལ། མྱང་མང་རྗེ་ཞང་སྣང་གིས་སུམ་ཁམས་ཐམས་ཤད་འབངས་སུ་དགུག་པར་བཀའ་སྩལ་ཏོ། མྱང་མང་པོ་རྗེ་ཞང་སྣང་གྀས། འཛངས་ཀྱི་བློ་སྒྱུ་གཉྀས་ཀྱིས། མྱི་རྟ་གཉིས་ཚེགས་མ་བྱུང་བར། དཔྱའ་ཕབ་ལུག་རྟུག་གི་སྒྱུ། ལྕེ་ཐོར་ཏོ་ལ་བརྗོད་དེ། འབངས་གཉུག་མ་བཞིན་དུ་བཀུག་སྟེ་འུང་ཙམ་མོ།” (38) ཞེས་མྱང་མང་པོ་རྗེ་ཞང་སྣང་གིས་སུམ་པའི་ཡུལ་ཐམས་ཅད་བཙན་པོའི་སྲིད་འོག་ཏུ་བཅུག་པ་ལ་མི་རྟ་གཉིས་ཀྱི་ཚེགས་མ་བྱུང་བ་སྟེ། གཡུལ་འགྱེད་མ་དགོས་པར་ལུག་གིས་རིལ་མ་བཏང་བ་ནང་བཞིན་ངག་ནས་ཚིག་ཐ་ར་ར་ལུད་པ་སྟེ། ཁ་ལྕེ་བདེ་པོ་ལ་བརྟེན་ནས་ཕ་རོལ་པོ་ཟིལ་གྱིས་མནན་དེ་སུམ་ཁམས་ཐམས་ཅད་སྤུ་རྒྱལ་བཙན་པོའི་འབངས་རྣལ་མར་བཀུག་པའི་ལོ་རྒྱུས་ལ་བརྟག་ན། སྐབས་དེར་མྱང་མང་པོ་རྗེ་ཞང་སྣང་གིས་ཤགས་འགྱེད་ཀྱི་རྣམ་པས་ཕ་རོལ་པོར་ཚིག་འཇམ་རྩུབ་གང་རུང་ལ་བསྟེན་མཁས་པོ་བྱེད་ནས་ཕན་ཚུན་གྲོས་མོལ་གྱི་སྐབས་སུ་ཕ་རོལ་པོ་ཟིལ་གྱིས་མནན་པར་ཚོད་དཔག་བྱ་ཐུབ་སྟེ། མྱང་མང་པོ་རྗེ་འདི་ཉིད་སྔར་བཙན་པོ་གནམ་རི་སྲོང་བཙན་གྱི་སྐབས་ཙམ་ནས་བཟུང་ཁྱུང་པོ་སྤུང་སད་ཟུ་ཙེའི་ཁ་གཏད་དུ་ལངས་ནས་ཤགས་འགྱེད་གཏོང་བར་སྤོབས་པས། ཁོང་ནི་སྤོབས་པ་ལྡན་པ་ཙམ་མ་ཟད་ཤགས་འགྱེད་གཏོང་བའི་རྩལ་ལ་ཡང་ཤིན་ཏུ་མཁས་པ་ཞིག་ཡིན་པར་འདོད། དེའི་ཕྱིར། བཙན་པོའི་རྒྱལ་རབས་ཀྱི་དུས་སུ་ཤགས་འགྱེད་གཏོང་མཁས་པ་ནི་སྲིད་ཀྱི་གྲུ་ཆེན་འདེགས་པ་དང་དམག་གི་གཡུལ་ངོ་བཟློག་པའི་དམག་དཔུང་ཁྲི་མ་འབུམ་གྱི་དོ་རུ་འོང་བ་ཡིན་ཞེས་བརྗོད་ནའང་ཆོག་པར་སྙམ་སྟེ། སུམ་པའི་མ་ཤགས་ཆེན་མོ་རུའང་། “ཤ་ཟ་གྲི་རྣོ་ན་ནི་བཅད་རེ་ཡང་ཞིམ་རེ་ལ།། གཏམ་གྱི་གྲོགས་བཟང་ན་ནི། །གཏམ་རེ་ཡང་འཛུམ་རེ་འོ།།མྱི་བཏུལ་ན་ནི་ཚིགས་དང་རླབས་ཀྱིས་བཏུལ་ལ། །མཉེད་བཏུལ་ན་ནི། །ཡབ་དང་དྲུད་ཀྱིས་བཏུལ་ལོ། ཚིག་བཏང་ལེགས་ན་ནི་སྲིད་ཀྱི་ཡུ་བ་ལ། ཁ་སྨྲས་ཉེས་ན་ནི་བདུད་ཀྱི་སྒོ་མོ། འཁམ་སར་གྲི་རྣོན་བསྐུར་བ་ནི་རྒྱུའི་གྲོན་ཆེ་ལ། །དེ་བས་ན་འཛངས་བྱམས་པས་བསྟན་པ་ནི། སྲིད་ཀྱི་དོན་དང་མདུད་པར་ཟུང་ཤིག” (39)ཅེས་ཤགས་སམ་གཏམ་གྱི་གལ་ཆེན་རང་བཞིན་གསལ་པོར་བསྟན་པ་ནང་བཞིན་ནོ།།
        གསུམ། རྗེ་བློན་དབར་གྱི་མནའ་ཚིག བོད་བཙན་པོའི་དུས་སུ། རྗེ་བློན་དབར་དུ་གཙིགས་བཅའ་བ་སྟེ།ཕན་ཚུན་གློ་བ་མི་རིངས་བར་གཅིག་སེམས་གཅིག་ལ་གཏགས་ནས་མནའ་བསྒག་པའི་སྲོལ་མཆིས་ལ། དེ་ལྟ་བུའི་མནའ་ཚིག་བརྗོད་པ་ལ་ཤགས་ཀྱི་རྣམ་པ་དང་ལྡན་པ་སྟེ། དཔེར་ན། བཙན་པོ་སྲོང་བཙན་སྒམ་པོ་དང་བློན་པོ་མགར་སྟོང་བཙན་ཡུལ་བཟུང་གིས་མནའ་བཅད་པའི་མགུར་གླུ། རྗེས་འིས་ནྀ་འབངས་མ་གཏང་། །རྗེ་འིས་ནྀ་འབངས་བཏང་ན། །གནམ་མཐའི་ནི་སྲུང་དུ་རུང་། །འབངས་ཀྱིས་ནྀ་རྗེས་མ་གཏང་། །འབངས་ཀྱྀས་ནི་རྗེ་བཏང་ན། །ངས་པོ་ནི་རྨད་དུ་རུང་། །ཞེས་དང་། མགུར་ལན་དུ། རྗེ་འྀས་ནི་འབངས་མ་གཏང་། རྗེ་འྀས་ནི་འབངས་བཏང་ན། བྱ་བང་ནྀ་ཐང་ལ་ཐས། འབངས་ཀྱིས་ནྀ་རྗེ་མ་བཏང་། འབངས་ཀྱིས་ནྀ་རྗེ་བཏང་ན། འཇོན་མོ་ནི་ཤིང་ཀ་རེབས། །ཞེས་པ་སྟེ། ཐོག་མར་བཙན་པོའི་ཞལ་ནས་རྗེ་ཡིས་འབངས་མི་དོར་བ་དང་།གལ་ཏེ་དོར་ན་གནམ་གྱིས་བདེན་དཔང་བྱ་ཐུབ་པ་དང་། འབངས་ཀྱིས་རྗེ་མི་དོར་བ་དང་། གལ་ཏེ་དོར་ན་ཡུལ་ངས་པོ་ནས་དམད་དུ་རུང་ཞེས་མནའ་བོར་བ་ལ། མགར་སྟོང་བཙན་གྱིས་གདབས་པ། རྗེ་བོ་ཡིས་འབངས་རྣམས་མི་འདོར་བ་དང་། གལ་ཏེ་དོར་ན་བྱ་བྲུན་ཐང་ལ་ལྷུང་བ་བཞིན་སྲིད་དབང་ཉམས་རྒུད་དུ་འགྲོ་སྲིད་པ་དང་། དེ་བཞིན། འབངས་ཀྱིས་རྗེ་མི་འདོར་བ་དང་། གལ་ཏེ་དོར་ན་ཆར་ཆུ་དཀོན་པའི་ལྗོན་ཤིང་ནང་བཞིན་སྐམ་ཞིང་རྙིད་པར་འགྱུར་རོ། །ཞེས་ཐོག་མར་དྲང་ཕྱོགས་ནས་ལས་གང་ཞིག་བྱ་མི་རུང་བ་བརྗོད་པ་དང་། དེ་ནས་བརྟག་པ་མཐར་བཟུང་གི་ཚིག་གིས་དམོད་བོར་ཏེ་མནའ་ཚིག་དང་དམ་བཅའ་མི་འགྱུར་བར་ཁག་ཐེག་བྱེད་པ་འདིའང་ཤགས་ཀྱི་རིག་གནས་ཀྱི་ནང་གསེས་གཅིག་གོ།
        མཇུག་སྡོམ།
        ཏུན་ཧོང་ནས་ཐོན་པའི་བོད་བཙན་པོའི་དུས་ཀྱི་ཡིག་རྙིང་ཁྲོད་དུ། སུམ་པའི་མ་ཤགས་ཆེན་པོ་དང་། མགར་ཁྲི་འབྲིང་བཙན་བྲོད་དང་རྒྱའི་བློན་པོ་འྭོང་ཀེར་ཞང་ཤེ་གཉིས་ཀྱི་ཤགས་འགྱེད་ཀྱི་ཡིག་ལན། དེ་ལས་གཞན་པའི་བཙན་པོའི་དུས་ཀྱི་གླུ་དང་གཏམ་སོགས་ཚིག་དོན་གཉིས་ཀྱི་ཆ་ནས་ཤགས་ཀྱི་ཁྱད་ཆོས་ཡོངས་སུ་ལྡན་པའི་རྒྱུ་ཆ་ཕུན་སུམ་ཚོགས་པོ་འདི་དག་བརྒྱུད་ནས། ང་ཚོས་བོད་བཙན་པོའི་རྒྱལ་རབས་ཀྱི་དུས་སྐབས་སུ་ཤགས་ཀྱི་རིག་གནས་ཧ་ཅང་དར་རྒྱས་ཕྱིན་ཡོད་པ་དང་། སྐབས་དེར་འཇིག་རྟེན་མི་ཆོས་ཀྱི་གནས་ལུགས་བསྟན་པའི་གཏམ་དཔེ་དང་། རྗེ་བློན་ཕན་ཚུན་དབར་གྱི་རྩོད་གླེང་གི་གཏམ། བློན་པོའི་དབར་གྱི་ཡིག་ལན་སོགས་ཀྱི་ཁྲོད་དུ་ཤགས་ཀྱི་རྣམ་པས་ཕ་རོལ་པོ་མགོ་གནོན་པའི་གཏམ་དང་ལུང་བརྗོད་པའི་སྲོལ་ཞིག་དར་ཡོད་པ་གསལ་པོར་རྟོགས་ཐུབ་བོ།།
        ཟུར་ལྟའི་ཡིག་ཆ།
[1] ཧྥ་རན་སིར་ཉར་བའི་ཏུན་ཧོང་ཡིག་རྙིང་ཤོག་དྲིལ་P.T.0992
[2] གོ་ཤུལ་གྲགས་པ་འབྱུང་གནས། 《གནའ་རྩོམ་གཅེས་བཏུས་སློབ་དེབ་གསར་མ་གཞོན་ནུའི་ལང་ཚོ》 སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། 2012ལོ།
[3] གཉའ་གོང་དཀོན་མཆོག་ཚེ་བརྟན། 《བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས》 ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། 1995ལོ།
[4] གོ་ཤུལ་གྲགས་པ་འབྱུང་གནས། 《བོད་ཀྱི་ཡི་གེའི་རྣམ་བཤད།》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015ལོ།
[5][英]托马斯著,李有义、王青山译:《东北藏古代民间文学》,四川民族出版社,1986年。
མཆན་འགྲེལ།
①བསམ་གཏན་སོགས། 《དག་ཡིག་གསར་བསྒྲིགས》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1979ལོ། ཤོག་ངོས་786ན་གསལ།
②དུང་དཀར་བློ་བཟང་འཕྲིན་ལས། 《དུང་དཀར་ཚིག་མཛོད་ཆེན་མོ》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ། ཤོག་ངོས་2013ན་གསལ།
③གོ་ཤུལ་གྲགས་པ་འབྱུང་གནས། 《བོད་ཀྱི་ཡི་གེའི་རྣམ་བཤད》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་162ན་གསལ།
④⑤ཧྥ་རན་སིར་ཉར་བའི་ཏུན་ཧོང་ཡིག་རྙིང་ཤོག་དྲིལ་P.T.0992
⑥ས་པཎ་ཀུན་དགའ་རྒྱལ་མཚན། 《མཁས་པ་རྣམས་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས》 མི་རིགས་དཔེ་སྐྲུན་ཁང་། 1981ལོ། ཤོག་ངོས་109ནས་110བར་གསལ།
⑦ཏཱ་ར་ན་ཐ། 《ཇོ་ནང་ཏཱ་ར་ན་ཐའི་གསུང་འབུམ》 དེབ་ཞེ་ལྔ་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008ལོ། ཤོག་ངོས་45ན་གསལ།
⑧[英]托马斯著,李有义、王青山译:《东北藏古代民间文学》,四川民族出版社,1986年,第101页。
⑨ཧྥ་རན་སིར་ཉར་བའི་ཏུན་ཧོང་ཡིག་རྙིང་ཤོག་དྲིལ་P.T.0992
⑩⑾⑿ཧྥ་རན་སིར་ཉར་བའི་ཏུན་ཧོང་ཡིག་རྙིང་ཤོག་དྲིལ་P.T.0992
⒀ཧྥ་རན་སིར་ཉར་བའི་ཏུན་ཧོང་ཡིག་རྙིང་ཤོག་དྲིལ་P.T.0992
⒁གཅོད་པ་དོན་གྲུབ། 《གཅོད་པ་དོན་གྲུབ་ཀྱི་ཆེད་རྩོམ་ཕྱོགས་སྒྲིག》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོ། ཤོག་ངོས་87ན་གསལ།
⒂⒃⒄གཉའ་གོང་དཀོན་མཆོག་ཚེ་བརྟན། 《བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས》 ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། 1995ལོ། ཤོག་ངོས་361དང་། ཤོག་ངོས་363、364བཅས་སུ་གསལ།
⒅⒆⒇(21)གཉའ་གོང་དཀོན་མཆོག་ཚེ་བརྟན། 《བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས》 ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། 1995ལོ། ཤོག་ངོས་365དང་། ཤོག་ངོས་365-366、362、365-366བར་བཅས་སུ་གསལ།
(22)ཀོམ་ཙེ་ནི་ཀོ་བས་བཟོས་པའི་ཁུག་མ་མགོ་གཉིས་ཅན་ཏེ་རྟ་སྒྲོའམ་རྟ་འགེལ་ཟེར་ཞིང་། ཨ་མདོའི་ཡུལ་ནས་ཏ་ལེན་ཞེས་ཀྱང་འབོད་སྲོལ་ཡོད།
(23)གོ་ཤུལ་གྲགས་པ་འབྱུང་གནས། 《གནའ་རྩོམ་གཅེས་བཏུས་སློབ་དེབ་གསར་མ་གཞོན་ནུའི་ལང་ཚོ》 སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། 2012ལོ། ཤོག་ངོས་139ན་གསལ།
(24)(25)(26)གཉའ་གོང་དཀོན་མཆོག་ཚེ་བརྟན། 《བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས》 ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། 1995ལོ། ཤོག་ངོས་383དང་། ཤོག་ངོས་385、387བཅས་སུ་གསལ།
(27)གཉའ་གོང་དཀོན་མཆོག་ཚེ་བརྟན། 《བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས》 ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། 1995ལོ། ཤོག་ངོས་388ན་གསལ།
(28)འྭོང་ཀེར་ཞང་ཤེ་ཞེས་པ་རྒྱ་སྐད་དུ་王孝杰ཟེར་ཞིང་ཐང་གི་དམག་དཔོན་སྐད་གྲགས་ཅན་ཞིག་ཡིན།
(29)(30)གོ་ཤུལ་གྲགས་པ་འབྱུང་གནས། 《གནའ་རྩོམ་གཅེས་བཏུས་སློབ་དེབ་གསར་མ་གཞོན་ནུའི་ལང་ཚོ》 སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། 2012ལོ། ཤོག་ངོས་154-155、155བཅས་སུ་གསལ།
(31)(32)(33)གོ་ཤུལ་གྲགས་པ་འབྱུང་གནས། 《གནའ་རྩོམ་གཅེས་བཏུས་སློབ་དེབ་གསར་མ་གཞོན་ནུའི་ལང་ཚོ》 སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། 2012ལོ། ཤོག་ངོས་155-157དང་། ཤོག་ངོས་157、157-158བཅས་སུ་གསལ།
(34)(35)(36)(37)གཉའ་གོང་དཀོན་མཆོག་ཚེ་བརྟན། 《བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས》 ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། 1995ལོ། ཤོག་ངོས་369-370བར་དང་། ཤོག་ངོས་373、373-374、376བཅས་སུ་གསལ།
(38)གཉའ་གོང་དཀོན་མཆོག་ཚེ་བརྟན། 《བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས》 ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། 1995ལོ། ཤོག་ངོས་34ན་གསལ།
(39)ཧྥ་རན་སིར་ཉར་བའི་ཏུན་ཧོང་ཡིག་རྙིང་ཤོག་དྲིལ་P.T.0992


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1