༄༅།། བོད་ཀྱི་དུས་རབས་གསར་པའི་སྙན་ངག་གི་རིན་ཐང་སྣང་ཚུལ་ཐད་ཀྱི་མཐའ་དཔྱོད།

འབའ་སྨད་རྒྱལ་ལོ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 09-11


འབའ་སྨད་རྒྱལ་ལོ་ཚེ་རིང་།
[ནང་དོན་གནད་བསྡུས།] དཔྱད་བརྗོད་འདིར་ད་ལྟའི་སྙན་ངག་གི་གནས་བབ་དང་སྦྲགས་《གངས་རྒྱན་མེ་ཏོག་》གི་རྩོམ་རིག་བྱ་དགའ་ཐོབ་པའི་སྙན་ངག་སྐོར་ཞིག་གི་རིན་ཐང་དང་དེས་ཀློག་པ་པོ་རྣམས་ལ་ཐེབས་པའི་ཤུགས་རྐྱེན་ཟབ་མིན་གྱི་སྐོར་དང་། སྙན་ངག་ཅིག་གསར་རྩོམ་བྱེད་པའི་སྐབས་སྙན་ངག་པས་ཕྱོགས་གང་དག་ལ་བསམ་བློ་གཏོང་འོས་ཤིང་གསར་རྩོམ་ཐབས་ལམ་གྱི་སྐོར་སོགས་ལ་ལུང་རིགས་གཉིས་ཀྱིས་དཔྱད་པ་བཏང་ཡོད།
[བརྡ་ཆད་གཙོ་བོ།] ད་ལྟའི་སྙན་ངག གནས་བབ། རིན་ཐང་། ཐབས་ལམ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] I207.9“14”
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-02-0157-08
        དང་པོ། ད་ལྟའི་སྙན་ངག་གི་གནས་བབ་བསྟན་པ།
        བོད་དུ་ལོ་འདི་གར་སྙན་ངག་གི་རྩོམ་གྲངས་འཕར་བ་ལས་རིན་ཐང་གི་ཆ་ནས་དེ་ཙམ་གླེང་རིན་མེད་པར་གྱུར་འདུག རྒྱུ་མཚན་ནི། རྩོམ་མཁན་མང་ཤོས་ཀྱིས་ནུབ་ཕྱོགས་ལྟར་རྩོམ་རིག་ལ་ཆོས་ལུགས་དད་མོས་འདྲ་བའི་འདུ་ཤེས་འཛིན་མི་སྲིད་ཅིང་། རྩོམ་རིག་ལ་བཟུང་བའི་ལྟ་ཚུལ་དང་གོ་བ་ལེན་ཚུལ། ལག་ལེན་གྱི་ཆུ་ཚད། དཔེ་ཀློག་གི་སྦྱོང་བ་བཅས་ཞན་པའི་རྐྱེན་ཡིན། ངོ་མ་བཤད་ན་ད་ལྟའི་སྙན་ངག་མང་ཆེ་བ་བལྟས་མ་ཐག་ཀློག་མི་བདེ་བ་དང་། བརྗོད་པ་སྔ་ཕྱིར་འབྲེལ་མི་ཆགས་པ། ཚིག་སྦྱོར་མཁྲེགས་པོ། མཛེས་དཔྱོད་བཅས་མཚོན་ཐབས་ཁྱད་པར་ཅན་ཞེས་གཞན་རྩལ་ཧབ་ཐོབ་ཀྱིས་བཀོལ་ཏེ་གོ་རྒྱུ་མེད་པ་ཞིག་ཏུ་བཏང་འདུག་པས་དངོས་གནས་སུན་སྣང་སྟེར་སྤྱད་ཅིག་གོ། མི་མང་པོས་སྙན་ངག་ནི་ནམ་ཡིན་ཡང་གབ་ཚིག་ཅིག་ཡིན་པར་བཞེད་པར་མ་ཟད། ཀློག་མཁན་གྱིས་བརྩམས་ཆོས་ཀྱི་བསྟན་དོན་གང་ཡིན་མི་ཤེས་པ་ནི་ཀློག་མཁན་གྱི་ཆུ་ཚད་དམའ་བའི་རྐྱེན་ཡིན་ཞེས་ལབ་ངེས། ཁོ་ཚོས་རེ་སྙེག་བྱེད་སྟངས་ཐལ་དྲགས་པས་ཁོ་ཚོའི་སྙན་ངག་ནི་ཁེད་ལན་མེད་པའི་གབ་ཚིག་ཅིག་ཏུ་གྲུབ་པ་དང་། ཀློག་མཁན་རྣམས་ནམ་ཡང་ཤེས་མ་ཤེས་སམ་བཟི་འཐོམས་ཀྱི་གནས་སུ་ལུས་ཡོད། “སྤྱིར་སྙན་ངག་ཡིན་ན་སྐད་ཆ་ཡིན་པས་ཁྱབ་པ་དང་། སྐད་ཆ་ཡིན་ན་འགྲེལ་རྒྱག་རྒྱུ་ཡོད་པས་ཁྱབ་དགོས་ཟེར་” ② པ་དང་། དེ་བཞིན་1990ལོའི་རྩོམ་རིག་བྱ་དགའ་ཐོབ་མཁན་སྙན་ངག་པ་ཨོ་ཁུ་ཐ་ཝེ་ཕ་སིས་“སྙན་ངག་ནི་འགྲེལ་མི་རུང་པ་ཞིག་ཡིན་མོད། དེ་ལྟ་ནའང་གོ་རྟོགས་བྱ་མི་བཏུབ་པ་ཞིག་གཏན་ནས་མིན་” ③ ཞེས་པའི་ཟེར་སྲོལ་ལ་དཔག་ན་སྙན་ངག་ནི་རང་གཞན་གཉིས་ཀྱིས་མི་གོ་བ་ཞིག་མིན་པ་ཐག་གིས་བཅད་ཡོད། དེ་ལྟར། རང་རེའི་གནས་བབ་ལ་ཅི་ཡང་མི་ཕན་པའི་སྙན་ངག་ཅིག་ད་ལྟའི་དུས་འདིར་ཇེ་མང་དང་དེ་ལྟ་བུའི་བརྩམས་ཆོས་ཀྱིས་ང་ཚོའི་རྩོམ་རིག་འདི་རྒུད་པའི་གནས་སུ་སྐྱེལ་བཞིན་འདུག ཡང་ན་“ད་ལྟའི་སྙན་ངག་མང་ཆེ་བ་ཞིག་རྙོག་འཛིང་དང་ལྡན་པ་ཞིག་སྟེ། སྙན་ངག་གསར་རྩོམ་སྐབས་བསམ་གཞིགས་གཙོར་འཛིན་བྱས་པ་མང་དྲགས་ནས་རང་བྱུང་གི་ཚོར་བ་དེ་ཉིད་རྩ་བརླག་ཏུ་བོར་པ་དང་ཡང་ན་རྩ་བ་ནས་མི་མཐོང་། ཡང་གཅིག་བཤད་ན་མ་གཞི་ནས་ཚོར་བ་ཅི་ཡང་མེད་པའང་སྲིད། གང་ལྟར་མཇུག་འབྲས་ནི་ཡི་གེའི་རོལ་རྩེད་ཙམ་ཞིག་དང་ཐ་ན་སྤྲོ་བ་སྟེར་བའི་རོལ་རྩེད་རྩེ་གྲ་ཞིག་ཀྱང་མིན།” ④སྣང་ཚུལ་འདི་ངས་ད་ལྟའི་སྙན་ངག་གི་གནས་སྟངས་ཤིག་རེད་འདོད་དོ། །
        སྙན་ངག་གི་ལམ་འདིར་འཇུག་མཁན་མི་ཁ་ཤས་ཤིག་ལ་མཚོན་ན་ཚོར་བ་བན་བུན་ཙམ་གྱིས་བཟི་ཡོད་པ་ལས་རང་གི་ཤེས་བྱའི་སྒྲིག་གཞི་ཆ་མི་ཚང་བར་མ་ཟད། སྙན་ངག་ཅིག་བྲིས་པ་དེ་ཡང་སྣང་བ་ཙམ་དང་། ང་རྒྱལ་ཙམ།རྣམ་པ་ཙམ་ལས་འཚོ་བར་ཟབ་འཇུག་དང་འཚོ་བ་ལས་མངོན་པར་འཕགས་པ། མི་དམངས་མང་ཚོགས་ཀྱི་སེམས་ཁམས་དང་འཕྲོད་པ། རིག་གནས་བརྡ་སྤྲོད་ཀྱི་དོན་དང་མཐུན་པ། ལོ་རྒྱུས་ཀྱི་སྐྱོ་གར་ཚུར་ལེན་པ་དང་མ་འོངས་མདུན་ལམ་ལ་སེམས་ཁྲལ་གྱི་འདུ་ཤེས་ཡོད་དགོས་པ་ཡེ་ནས་བརྗེད་དེ། རང་གི་འདོད་པ་ཙམ་དང་། ཕྲག་དོག་ཙམ།འགྲན་སློང་ཙམ། མིང་དོན་ཙམ་སོགས་ལ་དམིགས་པ་རྒྱུག་ཆེ་བས་ད་ལྟའི་ང་ཚོའི་སྙན་ངག་གི་རིན་ཐང་དེ་ཡང་ལོ་རེར་ཇེ་ཞན་དང་ངོ་བོ་གཞན་ཞིག་ཏུ་འགྱུར་བཞིན་ཡོད་པར་མཐོང་། དེའི་རྐྱེན་གྱིས་བྲིས་ཟིན་པའི་སྙན་ངག་དག་ལ་རིན་ཐང་དམན་པ་ཡིན་ཞིང་། སྙན་ངག་ཟེར་ན་གཞན་གྱི་མཐོང་ཆུང་བྱེད་ཡུལ་ཞིག་ཏུ་ངོས་བཟུང་ཡོད་པ་ཡང་མ་གཞི་སྙན་ངག་དེ་དག་གི་བསྟན་དོན་རྒྱ་ཆུང་བ། རང་གི་དགའ་སྐྱོ་ཆགས་སྡང་ཙམ་ལས་གྱེས་ཐུབ་མེད་པ། མི་ལ་སློབ་གསོའི་ཤེས་བྱ་སྦྱིན་མི་ཐུབ་པ། མིའི་འཚོ་གནས་དང་ཐག་རིང་བ།མིའི་ཀུན་སྤྱོད་དང་བློ་སྒོ་སོགས་འབྱེད་པར་དཀའ་བའི་སྙན་ངག་བརྩམས་ཆོས་དེ་དག་གིས་རྩོམ་སྒྲིག་པའི་འདོད་བློ་ཚིམ་མ་ཐུབ་ཅིང་། རྩོམ་རིག་དཔྱད་བརྗོད་པས་དཔྱོད་རིན་མེད་པ། ཀློག་པ་པོ་དག་གི་ན་ཟུག་མཚོན་མི་ཐུབ་པའི་བེམ་རོ་ལྟ་བུའི་བརྩམས་ཆོས་མང་དྲགས་པས་ད་གཟོད་ང་ཚོའི་སྙན་ངག་གི་ལས་དབང་དེ་ཡང་ཉམ་ཆུང་བ་ཞིག་ཏུ་ལྷུང་། ད་ལྟའི་འུ་ཅག་གི་སྙན་ངག་ཉམས་ཇེ་ཞན་དུ་གྱུར་བའི་རྒྱུ་མཚན་ཡང་གོང་གི་དེ་དག་དང་འབྲེལ་ཡོད། སྤྱིར་རྩོམ་པའི་ལས་སུ་ཞུགས་མཁན་ཞིག་ལ་མཚོན་ན་“ང་རྒྱལ་མེད་པ་དང་། གཞན་གྱི་སྡུག་བསྔལ་བསལ་བར་འདོད་པའི་སྙིང་རྗེ་དང་། གཞན་ལ་ཕན་འདོད་ཀྱི་བྱམས་པ་དང་། རང་གཞན་གྱི་དགེ་རྩ་བསྐྱེད་པར་བྱ་བའི་ཕྱིར་དང་བཞིའོ།།” ⑤ ཞེས་པའི་མཁས་པའི་མན་ངག་དག་རང་རྒྱུད་དུ་གོམས་པར་བྱ་རྒྱུ་དེ་སྙན་ངག་འབྲི་མཁན་རྣམས་ཀྱི་ཀུན་སློང་རྣམ་པར་དག་བྱེད་དང་། ཤེས་བྱའི་གྲ་ཇེ་ཚང་ཇེ་རྒྱས་ཇེ་དག་ཏུ་འགྲོ་བའི་ཤེས་བྱ་འགངས་ཆེན་ཞིག་ཏུ་མཐོང་།
        གཉིས་པ། ད་ལྟའི་སྙན་ངག་གི་རིན་ཐང་ཐད་ཀྱི་སྣང་ཚུལ་གསེད་བཀྲོལ།
        ད་ལྟའི་སྙན་ངག་གི་རིན་ཐང་དེ་ལོ་རེ་ནས་ཇེ་ཞན་ཡིན་པ་རྩོམ་རིག་བྱ་དགའ་ཞིག་དང་སྦྲགས་ཏེ་འཆད་ན་འོས་ཤིང་འཚམ། སྐབས་གཉིས་པའི་《གངས་རྒྱན་མེ་ཏོག་》གི་རྩོམ་རིག་བྱ་དགའ་ཐོབ་པའི་སྙན་ངག་དག་ལ་མཚོན་ན་ཀློག་མཁན་རྣམས་ཀྱིས་གདེང་འཇོག་མི་མཐོ་བ་དང་ཡང་ན་དོ་སྣང་མི་བྱེད་པར་མ་ཟད། ཀློག་མཁན་རྣམས་ལ་བག་ཆགས་ཟབ་མོ་ཐེབས་མེད། ཐ་ན་སྙན་ངག་དེ་དག་ལ་རྩོམ་རིག་དཔྱད་བརྗོད་པ་རྣམས་ཀྱིས་དཔྱད་པ་ཙམ་ཡང་བཏང་མེད།སྙན་ངག་དེ་དག་གིས་བོད་ཀྱི་རྩོམ་སྟེགས་སུ་ཤུགས་རྐྱེན་ཆེར་འཇོག་ཐུབ་མེད། སྐབས་གཉིས་པའི་《གངས་རྒྱན་མེ་ཏོག་》གི་རྩོམ་རིག་བྱ་དགའ་ཐོབ་པའི་སྙན་ངག་དང་བསྡུར་ཚེ་སྐབས་དང་པོའི་《གངས་རྒྱན་མེ་ཏོག་》གི་རྩོམ་རིག་བྱ་དགའ་ཐོབ་པའི་སྙན་ངག་བརྩམས་ཆོས་དག་ལ་མཚོན་ན་བྱ་དགའ་མ་རག་པའི་ཡར་སྔོན་དུ་ཀློག་མཁན་དག་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་ཅིང་། རྩོམ་རིག་གི་སྡེ་རུ་གླེང་གཞི་ཆེ་ཞིང་དཔྱད་བརྗོད་སྤེལ་མཁན་ཡང་ཡོད། དཔེར་ན་འབྲོང་གི་སྙན་ངག་སྟེ་《ལྷ་ས། ལྷ་ས། ལྷ་ས་》དང་། ཁྲི་སེམས་དཔའི་སྙན་ངག་《ཉི་འོད་ལམ་ལམ་ཁྲོད་ཀྱི་ལྷ་ས། ཟླ་བ་བསིལ་བསིལ་ཁྲོད་ཀྱི་ལྷ་ས་》ལྟར་སྙན་ངག་སོགས་ལ་ཀློག་པ་པོ་ཀུན་གྱིས་གདེང་འཇོག་ཆེན་པོ་བྱེད་ཀྱིན་ཡོད་པ་མ་གཞི་སྙན་ངག་དེ་དག་གིས་གནས་བབ་ཅིག་གི་ལས་དབང་དེ་བརྗོད་པ་གསལ་ཞིང་དོན་ལ་འཕྲོད་པ། ཀློག་པ་པོ་དག་གི་སེམས་ཀྱི་ན་ཟུག་གང་ཞིག་མཚོན་ཡོད་པས། ད་ལྟ་ད་དུང་སྙན་ངག་དེ་དག་གླེང་ན་གཞན་གྱིས་ཁས་ལེན་ཐོབ་པར་མ་ཟད། བསྐྱར་དུ་བཀླག་ན་སུན་སྣང་མེད་པ། མི་མང་པོས་གྱེར་འདོན་བྱེད་ཀྱིན་པ་དེས་སྙན་ངག་དེ་དག་ལ་རིན་ཐང་ཆེར་ལྡན་པ་མཚོན། ཕུལ་དུ་བྱུང་བའི་བརྩམས་ཆོས་ཤིག་ཡིན་ན་དུས་ནམ་ཡིན་ཡང་ཀློག་པ་པོས་དྲན་སྐུལ་བྱེད་སྲིད་ལ། ཆེས་ཕུལ་དུ་བྱུང་བའི་རྩོམ་རིག་ནི་ཡུལ་དུས་ངེས་ཅན་ཞིག་གི་བདེན་པ་སྨྲ་བའི་ཡིག་ཆ་ཡིན་ཞེས་པའང་གོང་དུ་བཤད་པའི་སྙན་ངག་གཉིས་ཀྱིས་བག་ཙམ་མཚོན། སྙན་ངག་དེ་གཉིས་ནི་དུས་སྐབས་ཤིག་གི་ཕུལ་དུ་བྱུང་བའི་ཚབ་མཚོན་བརྩམས་ཆོས་སུ་བཤད་ཀྱང་འགལ་ཆ་ཅི། སྐབས་གཉིས་པའི་《གངས་རྒྱན་མེ་ཏོག་》གི་རྩོམ་རིག་བྱ་དགའ་ཐོབ་པའི་སྙན་ངག་སྟེ། 《རོལ་རྩེད་ཀྱི་གཤིས་སུ་གྲུབ་པའི་སྙན་ཚིག་》དང་། 《མི་སྐྱིད་གླིང་གི་སེམས་ངལ》 《སེམས་ཀྱི་འབབ་ཚིགས་》སོགས་ལ་ཀུན་གྱིས་གདེང་འཇོག་དམན་པར་མ་ཟད། རྩོམ་རིག་གར་སྟེགས་སུ་ཉམ་ཆུང་བའི་ཚུལ་དུ་གནས། ཡང་ན་སྙན་ངག་དེ་དག་གནས་སྐབས་སུ་རྒྱུགས་ཆེ་བའི་གླུ་གཞས་ཙམ་དུ་ཟད། དེ་ཡང་མཐར་གཏུགས་ན་སྙན་ངག་བརྩམས་ཆོས་དེ་དག་གིས་ཚིག་གི་འཁྲབ་སྟོན་ཙམ་མངོན་ཡོད་པ་ལས་བསྟན་དོན་གྱི་ཆ་ནས་མཐོ་ཚད་ཅིག་དང་ཟབ་ཚད་ཅིག་མི་སྣང་། སྐབས་གཉིས་པའི་《གངས་རྒྱན་མེ་ཏོག་》གི་རྩོམ་རིག་བྱ་དགའ་ཐོབ་པའི་སྙན་ངག་དེ་དག་གི་རིན་ཐང་དང་དེས་ཀློག་པ་པོར་བྱིན་པའི་བག་ཆགས་ནི་ཆེས་སྤྱིར་བཏང་བ་ཞིག་དང་། ཐ་ན་བརྩམས་ཆོས་དེ་དག་ལ་འགུག་ཤུགས་དང་སྟོབས་ཤུགས་ཤིག་མེད་པས་མི་མང་པོས་ཡང་བསྐྱར་བལྟ་དགོས་པའི་ཚོད་དུ་གནས། སྙན་ངག་དེ་དག་ལ་ཡང་བསྐྱར་བལྟས་ཀྱང་ཡིད་སྒུལ་མི་ཐུབ་ལ་བཀླག་ཚེ་སུན་སྣང་ཞིག་གིས་མནར་འོང་པའི་ཚུལ་འདིས་སྙན་ངག་གི་རིན་ཐང་རིམ་གྱིས་རྒུད་བཞིན་པའི་སྣང་ཚུལ་བསྟན་པ་ཡིན། དེ་བཞིན་སྐབས་གསུམ་པའི་《གངས་རྒྱན་མེ་ཏོག་》གི་རྩོམ་རིག་བྱ་དགའ་ཐོབ་པའི་སྙན་ངག་སྟེ།《རུས་རྐང་གི་མཆོད་མེ་》དང་། 《གུ་གེའི་གནའ་ཤུལ་གྱི་ངོས་གསུམ》 སྐབས་བཞི་པའི་《གངས་རྒྱན་མེ་ཏོག་》གི་རྩོམ་རིག་བྱ་དགའ་ཐོབ་པའི་སྙན་ངག་《ཝུ་བ་སོབ་སོབ་》དང་། 《དྲན་པ་ཉེར་བཞག》 《མང་རྫོང་གི་རབ་བྱེད》《ཆར་བ་ཤག་ཤག་འབབ་དོན་》ཞེས་པའི་སྙན་ངག་འདི་དག་ཡང་གོང་དུ་བཤད་པ་ནང་བཞིན་ཀློག་མཁན་ལ་བག་ཆགས་བཞག་པ་ནི་ཆེས་སྤྱིར་བཏང་ཙམ་མོ།། སྤྱིར་《གངས་རྒྱན་མེ་ཏོག་》གི་རྩོམ་རིག་བྱ་དགའི་བྱ་འགུལ་འདི་ཐེངས་བཞི་ཙམ་ལ་སྤེལ་མོད། སྙན་ངག་གི་རིན་ཐང་དེ་སྐབས་གཉིས་པ་ནས་ཇེ་སྡུག་ཏུ་གྱུར་དང་འགྱུར་བཞིན་པ་མངོན་གསལ་རེད། སྤྱིར་གོང་གི་རྩོམ་རིག་བྱ་དགའ་ཐོབ་པའི་སྙན་ངག་དེ་དག་ལ་ཡོན་ཏན་ཏིལ་ཙམ་ཡང་མེད་པ་མ་ཡིན་པར་གནས་སྐབས་ཙམ་ལ་ཀློག་མཁན་གྱི་དབང་བོའི་སྤྲོ་བ་ལྷུར་ལེན་ཐུབ་པ་ཙམ་རེད་འདོད། ཡང་ན་གནས་སྐབས་ཙམ་ལ་སྤྲོ་བ་སྟེར་བ་མ་གཏོགས་དཔེ་ཆ་ཁ་བསུམ་རྗེས་སྙན་ངག་དེ་དག་གིས་སྙིང་སྟོབས་ཀྱི་ཆ་ལ་ཕན་ནུས་སྟེར་མི་ཐུབ་ཅིང་།བསམ་བློ་དོན་སྙིང་ཅན་ཞིག་བསྟན་མེད། བྱ་དགའ་ཐོབ་མཁན་རྩོམ་པ་པོ་རྣམས་ཀྱིས་ཀྱང་སོ་སོའི་བརྩམས་ཆོས་དེར་བྱ་དགའ་རེག་འོས་མིན་ལ་བསམ་བློ་མི་གཏོང་བ་མ་ཟད།རང་གི་བརྩམས་ཆོས་ལ་ཤ་མི་ཚ་བར་བྱ་དགའ་ལེན་རྐྱང་བྱེད་པ། དཔྱད་བརྗོད་པ་དང་ཀློག་པ་པོར་བག་ཆགས་མེད་པའི་བརྩམས་ཆོས་ལ་བྱ་དགའ་ཐོབ་པ་ནི་མི་སྒེར་ལ་མཚོན་ན་དོན་བཟང་ཞིག་ཡིན་མོད། རྩོམ་རིག་སྤྱི་ལ་མཚོན་ན་ཕངས་སེམས་ཤིག་གོ། སྣང་ཚུལ་འདི་བོད་རྩོམ་རྒུད་པའི་ཉེན་ཁ་དང་རྩོམ་མཁན་ངན་ལང་དུ་གཏོང་ཐབས་ཤིག་ལས་མ་འདས། ད་ལྟའི་བོད་རྩོམ་མང་ཤོས་ཤིག་འོད་ཅིག་ཡིན་པའི་དབང་དུ་བཏང་ན་དྲོད་མེད་པའི་འོད་ཅིག་དང་། མི་ཞིག་ཡིན་པའི་དབང་དུ་བཏང་ན་ཟུངས་ཟད་ནད་པ་ཞིགམེ་ལྕེ་ཞིག་ཡིན་པའི་དབང་དུ་བཏང་ན་འབར་དུས་དྲོ་ཞིང་འབར་ཡུན་ཐུང་བ་ཞིག་ཏུ་ཟད། “སྒྱུ་རྩལ་རྩོམ་རིག་ནི་མི་མང་གི་ཟས་དང་སེམས་ཀྱི་སྨན་ཞེས་འཇིག་རྟེན་ན་རླུང་ལྟར་གྲགས་ཤིང་དོན་ལ་ཡང་དེ་ལྟར་གནས་པས། ཟས་དང་སྨན་ནི་གྲངས་མང་བ་ཙམ་གྱིས་མི་ཆོག་པར་ཟས་བཅུད་དང་རོ་ནུས་བཟང་དགོས།” ⑥ པ་ཡིན།
        ལོ་འདི་གར་རྩོམ་རིག་བྱ་དགའ་ཐོབ་པའི་བརྩམས་ཆོས་དག་གིས་རང་རེའི་སྤྱི་ཚོགས་ཀྱི་གནད་དོན་ལ་གཞོལ་མ་ཐུབ་པ་དང་མང་ཚོགས་ཀྱི་སེམས་ཁམས་སམ་བདེ་སྡུག་དང་ཉེ་བར་བཅར་མ་ཐུབ་པ། མི་ལ་སྤྲོ་བ་བསྐྱེད་པ་དང་སློབ་གསོ་བྱེད་པ། ཤེས་བྱ་སྟེར་པ། མིའི་བློ་སྒོ་འབྱེད་པ་དང་སེམས་རྒྱུད་སྦྱོང་བ་སོགས་ཀྱི་ནུས་པ་དེ་ཙམ་ཐོན་མེད་པ། ཐ་ན་སྙན་ངག་རེ་གཉིས་ནི་གནས་སྐབས་རིང་རྒྱུག་ཆེ་བའི་གླུ་གཞས་རིགས་ནང་བཞིན་ཚོར་བ་རེག་ཙམ་ཡང་སྟེར་མི་ཐུབ། རྩོམ་གང་ཞིག་བྱ་དགའ་རེག་པ་ཐོས་རྗེས་ཀློག་པ་པོས་ཡང་བསྐྱར་རྩོམ་དེར་བལྟ་དགོས་པའི་ཚུལ་དུ་ཡོད། གནད་འདིས་ཁྱེད་ཀྱི་བརྩམས་ཆོས་ཀྱི་སྤུས་ཞན་པས་ཀློག་མཁན་ལ་བག་ཆགས་འཇོག་མ་ཐུབ་པ་མཚོན་ནོ།།
        སྙན་ངག་གི་རིན་ཐང་མར་རྒུད་བཞིན་པ་འདི་ཕྱོགས་གཅིག་ནས་མི་མང་པོས་“ཐ་སྙད་འཁོལ་སྟངས་དང་རྒྱན་སྦྱོར་ཚུལ། ཚིག་གི་སྡེབ་སྟངས་སོགས་ལ་མགོ་འཁོར་ཏེ་ཕྱིའི་རྣམ་པར་གཡེང་ཆེ་བས་དོན་གྱི་སྟེང་མ་བབས་པའམ། གནད་ལ་མ་ཁེལ་པ། བརྗོད་བྱའི་སྲོག་ལ་རེག་ཐུབ་མི་འདུག་སྙམ་པའི་སྣང་བ་ཞིག་སྦྱིན་འོང་” ⑦ ཟེར་བ་དེ་དོན་དངོས་སུ་སྣང་། མུ་མཐུད་དུ་འདི་ལྟར་སོང་ཚེ་རྩོམ་རིག་གི་སྡེ་འདིར་ངན་པ་ལང་ཤོར་གྱི་སྙན་ངག་པ་མང་པོ་ཞིག་འབྱུང་སྲིད་ཅིང་། དེ་དག་གི་བརྩམས་ཆོས་འཚོ་བའི་སྒྲོམ་གཞི་གང་རུང་ཞིག་དང་ཁད་ཇེ་རིང་དུ་འགྲོ་བར་མ་ཟད། ཀློག་པ་པོ་མེད་པའི་བརྩམས་ཆོས་ཤིག་ཏུ་འགྱུར་ཉེན་ཆེ། ཀློག་མཁན་མེད་པའི་བརྩམས་ཆོས་ནི་བསམ་ན་འཇིགས་ཤིང་བློས་དཔོག་དཀའ་བ་ཞིག་ཡིན་པ་མ་བཤད་ཀྱང་ཀུན་གྱིས་མཁྱེན་གསལ་ལྟར་རེད།། “སྒྱུ་རྩལ་བརྩམས་ཆོས་གང་ཡིན་ཀྱང་དུས་རབས་ཀྱི་འགན་འཁྲི་རླབས་པོ་ཆེ་ཕྲག་ཏུ་བཞེས་པ་ཡིན་ན།སྐད་ཅིག་རིང་ལ་རྒྱུག་ཆེ་བའི་གླུ་གཞས་ཙམ་མ་ཡིན་པར་ཡུན་ནས་ཡུན་དུ་གནས་སྲིད་པ་ནི་འཛམ་གླིང་གི་བརྩམས་ཆོས་གྲགས་ཆེན་སྐོར་ཞིག་ལ་མཇལ་བས་བས་ཀྱང་ཤེས་ཐུབ།” ⑧ ཡིན་ཡང་ང་ཚོ་ལ་དེ་ལྟ་བུའི་བརྩམས་ཆོས་ནི་རྩོམ་རིག་བྱ་དགའ་ཐོབ་པའི་གྲས་སུ་ཉུང་ངུ་ཙམ་ལས་མེད། དེ་སྔ་སྐུ་ཞབས་རང་གྲོལ་ལགས་ཀྱིས་རང་རེའི་རྩོམ་ཡིག་ལ་ལ་ཞིག་བརྗོད་བྱའི་སྲོག་མེད་པ་དང་། ཡོད་པའི་དབང་དུ་བཏང་ན་ཡང་སྲོག་ཕྲ་མོ་ཙམ་ལས་མི་འདུག་པས། གཞེན་སྐུལ་གྱི་ནུས་པ་ངང་ངམ་ཤུགས་ཀྱིས་ཉམས་པ་དང་། མི་རྣམས་ཀྱི་བསམ་པའི་བློ་སྒོ་འབྱེད་མི་ཐུབ་པར་མ་ཟད།ལབ་བརྡོལ་ཚིག་གི་ཉོག་སྙིགས་ཙམ་ལས་འཐོབ་བྱ་ཅི་ཡང་མེད། ཟེར་བ་ད་ལྟ་ང་ཚོའི་རྩོམ་སྟེགས་དངོས་དང་འཕྲོད།“ད་ལྟའི་སྙན་ངག་པ་རྣམས་དང་ཡང་ན་ཁོ་ཚོའི་སྙན་ངག་ལ་སྔོན་གྱི་སྙན་ངག་པ་དང་ཁོང་ཚོའི་སྙན་ངག་ཇི་བཞིན་གྱི་གོ་བབ་དང་རིན་ཐང་དེ་ལྟ་བུ་མེད་པར་གྱུར་འདུག དེའི་རྒྱུ་རྐྱེན་ནི། ཉེ་བའི་ལོ་འགའི་རིང་ལ་རང་རེའི་སྙན་ངག་པའི་སྡེ་རུ་སྙན་ངག་པ་ཡིན་མིན་གཉིས་ཀ་འཚང་ཁ་ཤིག་ཤིག་དང་།སྙན་ངག་ཡིན་མིན་གཉིས་ཀ་རླུང་རྟ་སྤུར་སྤུར། ལྷག་དོན་སྙན་ངག་ནི་རྩེད་སྤྱད་ཅིག་ཏུ་སྒོམ་ནས་ཡི་གེའི་རོལ་རྩེད་གཉེར་མཁན་ཡང་མང་པོ་བྱུང་བས་རེད། ཁ་ནས་གང་བྱུང་དང་ལག་ནས་ཅི་ཡོང་ ‘སྙན་ངག་’ཏུ་རློམ་པ་དེ་ནི་དོན་གྱིས་སྲོག་དབང་བཙན་པོའི་སྙན་ངག་ལ་རྡོག་རོལ་བཏང་བ་ཁོ་ན་ལས་མ་འདས། རང་རེའི་ད་ལྟའི་སྙན་ངག་དག་ལ་འཁྱུག་ཙམ་བལྟས་ན། ཁོ་བོར་ཚོར་བ་རྨ་མེད་ཅིག་སྐྱེས་པ་ནི་སྙན་ངག་ཏུ་བསྙད་པ་ཕལ་ཆེ་བ་ནི་རབ་བཏགས་དང་རྟོག་བཟོ་དང་བློ་བཅོས་དང་འཆར་ཡན་དང་འུད་བརྗོད་དང་ཁ་ཤོམ་གྱིས་ཕྱུར་བུར་གཏམས་པ་ཏག་ཏག་རེད། སྣང་ཚུལ་དེའི་འབྱུང་རྐྱེན་ནི་སྙན་ངག་པ་དག་གི་བསམ་གཞིག་གཏོང་སྟངས་དང་སྙན་ངག་པ་དག་གི་ཤེས་བྱའི་སྒྲིག་གཞི། སྙན་ངག་པ་དག་གི་བློ་སྦྱོང་བཅས་ལ་རག་ལས་འདུག་པ་དང་།ཡང་ན་བསམ་གཞིག་གཏོང་སྟངས་འདི་དང་ཤེས་བྱའི་སྒྲིག་གཞི་འདི། བསམ་བློའི་བློ་སྦྱོང་འདི་ཀོ་ཡིས་རང་རེའི་རྩོམ་རིག་གི་སྡེ་རུ་ཡི་གེའི་གད་སྙིགས་སྤུངས་མཁན་གྱི་རྩོམ་པ་པོ་དང་། སྙན་ངག་པའི་སྡེ་རུ་འགན་འཁྲི་ཐེད་ལ་བོར་པའི་སྙན་ངག་པ་མང་པོ་སྐྱེད་སྲིང་བྱས་དང་བྱེད་བཞིན་ཡོད་པ་རེད། གཞན་དུ་དངོས་ཡོད་ཀྱི་གནད་དོན་ལ་གཞོལ་བའི་དཔྱོད་ཤེས་ཀྱི་བློ་མིག་རིང་དུ་དོར་ཏེ་སྣང་བ་བན་བུན་ཙམ་སྙེག་པའི་ཚོར་ཤེས་ཀྱི་བློ་མིག་རྐྱང་རྐྱང་རླུང་ལ་སྤུར་པས་ན་སྙན་ངག་པ་རྣམས་བར་སྣང་ནས་སྡོད་པ་ལས་ས་ལ་མི་འབབ་པ་དང་། གནམ་ནས་སྒྱུ་རྩལ་གྱི་ཕོ་བྲང་བཞེངས་པ་ལས་ས་རུ་ཕ་གཞིས་ཀྱི་མཁར་རྫོང་མི་རྩིག་པའི་སྣང་ཚུལ་འདི་བྱུང་བའོ།།” ⑨ དེ་ལྟར། ད་ལྟ་ང་ཚོའི་སྙན་ངག་གི་རིན་ཐང་ནི་འགག་སྒོ་ཞིག་གི་མེ་མཚམས་ན་གནས་ཡོད། ཇི་ལྟར་ཟེར་ན། མིའི་བློ་སྒོ་འབྱེད་པའི་ཕུལ་དུ་བྱུང་བའི་བརྩམས་ཆོས་ཉུང་བའི་རྐྱེན་གྱིས་ཕྱི་མ་ཕྱི་མར་ཤུགས་རྐྱེན་ཆེན་པོ་མ་ཐེབས་པས་མི་མང་པོ་ཞིག་རྩོམ་རིག་གི་ལམ་འདིར་འཇུག་པའི་སྤྲོ་བ་མ་རྙེད་པ་རེད། ད་ལྟའི་ཆར། རྩོམ་རིག་གི་ལམ་ཁར་འཇུག་མཁན་སྔོན་མ་དང་བསྡུར་ན་ཇེ་ཉུང་དུ་ཕྱིན་ཡོད་པ་མངོན་སུམ་དུ་མཐོང་། འཇུག་མཁན་ཁ་ཤས་ཡོད་པའང་དམིགས་ཡུལ་མག་མོག་ཅན་དག་ལས་མ་འདས།རྒྱུ་མཚན་ནི། གཅིག་བྱས་ན་འབྲི་མཁན་རྣམས་ཀྱིས་མ་འཁྱོངས་པའི་གནད་ཅིག་དང་། ཁོ་ཚོའི་འགན་འཁྲི་ནི་ཆེས་སྤྱིར་བཏང་བ་ཞིག་ཡིན་པས་ཕྱིར། གཉིས་ལྟར་ན། རྩོམ་རིག་གི་ལམ་འདིར་ནན་ཏན་གྱིས་འཇུག་མཁན་རེ་འགའ་མ་གཏོགས་མེད་ཅིང་། མང་ཆེ་བ་ནི་གཡམ་རྒྱུག་གི་ཚུལ་ཙམ་ཡིན་པ་རྩོམ་རིག་བརྩམས་ཆོས་ཀྱིས་གསལ་བཤད་བྱས་ཚར།རྩོམ་རིག་གི་དགོངས་པ་ལྟར་ན་རྩོམ་རིག་གིས་མི་ལ་སྤྲོ་བ་སྟེར་ཐུབ་པ། སློབ་གསོ་སྟེར་ཐུབ་པ། ཤུགས་རྐྱེན་འཇོག་པ།རིག་ཚན་གཞན་གྱིས་མི་འཁྱོངས་པའི་ནུས་པའམ་ཤེས་བྱ་རྩོམ་རིག་གིས་སྟེར་ཐུབ་པའི་རྒྱུ་མཚན་གྱིས་རྩོམ་རིག་གི་འགན་འཁྲི་ནི་སྤྱིར་བཏང་བ་ཞིག་མ་ཡིན་ཞིང་། མིང་ཚིག་ཡ་མཚན་པོ་དང་བཤད་སྟངས་ཁྱད་མཚར་ཁོ་ནས་མཚོན་ཐུབ་པ་ཞིག་མིན། དེ་ལྟར། རྩོམ་རིག་གི་འགན་འཁྲི་ཤིན་ཏུ་ནས་གཅེས་སུ་འཛིན་དགོས་པས་རོལ་རྩེད་རིང་ལུགས་ལས་གྱེས་དགོས། “ང་ཚོས་ཅིའི་ཕྱིར་དུ་སྙན་ངག་འབྲི་བ་ཡིན་ནམ། དཔེ་མཚོན་དུ་རུང་བ་གཞན་དང་གཞན་རྣམས་ལ་བལྟས་ན། སྒྱུ་རྩལ་བརྩམས་ཆོས་གང་ཡིན་ཀྱང་ཐོག་མའི་རྣམ་པའམ་ཉག་ཕྲ་བའི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་གི་འོག་ཏུ་རང་ཁོ་ནའི་ཆེད་དུ་འབྲི་བའམ་རོལ་རྩེད་ཙམ་དུ་ངོས་བཟུང་མི་འདུག་སྟེ། ནུབ་གླིང་གི་རིག་རྩལ་བསྐྱར་དར་དུས་སྐབས་ཡིན་ནའང་འདྲ། སྒྱུ་རྩལ་བརྩམས་ཆོས་དེ་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་བདེ་སྡུག་གི་སྲོག་རྩར་བསྙབས་ཡོད་པ་ཞིག་དང་། རྨོངས་གཉིད་ལས་སློང་བྱེད་ལྟ་བུ་ཞིག བློ་ཡི་སྒོ་མོ་འབྱེད་བྱེད་ལྟ་བུ་ཞིག ཉི་འོད་ཀྱི་ཟེར་མ་འདྲེན་བྱེད་ལྟ་བུ་ཞིག་ཡིན་འདུག་” ⑩ཅེས་པ་ལས་ཀྱང་རང་གི་དོན་དག་གམ་རང་གི་རོལ་རྩེད་ཙམ་ཞིག་མིན་པ་ཤེས་ཐུབ་བོ།།
        གསུམ་པ། སྙན་ངག་གསར་རྩོམ་གྱི་ཐབས་ལམ་དང་ཀུན་སློང་བཤད་པ།
        ང་ཚོར་སྤྱི་ཚོགས་ཀྱི་གནད་དོན་བཤད་པ་ལ་སྤྱི་ཚོགས་རིག་པའི་རིག་ཚན་མེད་ཅིང་། མི་རིགས་ཀྱི་གནད་དོན་བཤད་པ་ལ་མི་རིགས་རིག་པ་དར་མེད། དེ་བཞིན། མིའི་ཆ་བྱད་བཤད་པ་ལ་མིའི་རིགས་རིག་པ་སོགས་དར་མེད་པའི་རྐྱེན་གྱིས། རྩོམ་རིག་གིས་ངེས་པར་དུ་སྤྱི་ཚོགས་ཀྱི་གནད་དག་འགན་ཁུར་དགོས་ཤིང་། རྩོམ་རིག་ནི་འཁྲབ་སྟོན་པ་ཡིན་ལ་འཁྲབ་ཁྲིད་པ་ཡང་ཡིན་པས། རྩོམ་རིག་གི་འགན་འཁྲི་ནི་གོང་གི་གནད་དེ་དག་གིས་ཀྱང་གསལ་བཤད་ཕྲན་བུ་བྱས་ཚར། “སྤྱིར་རྩོམ་རིག་ནི་མི་གཞན་ལ་བག་ཆགས་བསྒོ་བའི་ཕྱིར་དང་། མི་གཞན་པའི་བསམ་བློ་དང་བྱ་སྤྱོད་ལ་ཁ་ལོ་བསྒྱུར་བའི་ཆེད་དུ་ཡིན་པར་མ་ཟད། སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་ལམ་སྟོན་པའི་ཆེད་དུའང་ཡིན་པས། རང་མོས་སྙན་ངག་ལས་བསྟན་པའི་གནས་ལུགས་ནི་ནམ་ཡང་དྲང་བདེན་གྱི་ཀློང་ནས་འཚོལ་དགོས། གལ་སྲིད་སྙན་ངག་ནང་བསྟན་པའི་གནས་ལུགས་དྲང་བོ་མིན་ཚེ། མི་ལ་ཡར་བསྐྱེད་དང་སྐུལ་སློང་གི་ནུས་པ་ལྟ་ཅི། ཐ་ན་མི་རབས་ཤིག་ལོ་རྒྱུས་ཀྱི་སྟེགས་བུ་ལས་གཡང་སར་ལྷུང་བའི་ཉེན་ཁའང་ཡོད་སྲིད།” ⑾ ཅེས་བསྟན་པ་བཞིན། ངོ་མ་བཤད་ན་དེང་དུས་ཀྱི་སྙན་ངག་མང་ཆེ་བ་ཞིག་ནི་དྲང་བདེན་མིན་པས་སྙན་ངག་གི་རིན་ཐང་དེ་མར་རྒུད་ཀྱིན་པ་འདི་གནད་དོན་ཚབས་ཆེན་ཞིག་གོ། ཐ་ན་ང་ཚོའི་མི་རབས་རྗེས་མ་རྣམས་ཀྱིས་ཉེན་ཁའི་ཞྭ་མོ་ཞིག་མི་གྱོན་པའི་ངེས་པ་མེད། ཡང་ང་ཚོའི་ན་གཞོན་རྣམས་ཀྱིས་སྙན་ངག་ལ་གསར་གཏོད་བྱ་དགོས་ཟེར་བཞིན་འུར་ལངས་བཞིན་ཡོད་མོད། དེ་ལ་འདི་སྐད་དུ། “སྤྱིར་སྙན་ངག་ལ་གསར་གཏོད་དགོས་པ་ནི་བདེན་པར་གྲུབ། ཁ་ཤས་ཤིག་ལ་གསར་གཏོད་ཀྱི་ཤེས་རབ་མེད་བཞིན་དུ། བརྡ་སྤྲོད་ཀྱི་ཆོས་ཉིད་དང་མི་མཐུན་ལ། མིའི་བསམ་བློ་འཁྱེར་སོ་དང་རྒྱབ་འགལ་དུ་སོང་བའི་ཡ་མ་བརླའི་སྙན་ངག་སྟེ། གཞན་གྱི་བློ་སྒོ་འབྱེད་པ་དང་མཛེས་པའི་ཚོར་བ་སྟེར་བ་ཕར་ཞོག རང་གིས་ཀྱང་ཅི་ཞིག་བཤད་ཀྱིན་པ་མི་ཤེས་པའི་སྙན་ངག་པ་མང་ལ། སྙན་ངག་ལས་གཞན་སྒྱུ་རྩལ་རྩོམ་རིག་གང་ལའང་། ཚིག་གི་ཆོས་ཉིད་སོགས་མིའི་རིགས་སྤྱིའི་བཤད་སྟངས་དང་མཐུན་དགོས་པ་ནི་རྩོད་མེད་དུ་འདུག་པས།བོད་ལ་མཚོན་ན་བརྡ་སྤྲོད་ཀྱི་གཞུང་ལུགས་དང་མཐུན་པ་དང་། ཚོགས་གསུམ་སྡེབ་སྦྱོར་གྱི་ལུགས་དང་མི་འགལ་བ། ཚིག་འགྲོས་བོད་སྐད་ཀྱི་ཆོས་ཉིད་དང་མཐུན་པ་ཞིག་ངེས་པར་དགོས་པས་ན། འདི་དག་དང་འགལ་བའི་ཚིག་གི་གསར་གཏོད་ཅིག་གང་དུའང་མེད་ལ། སྙན་ངག་གི་དོན་གྱི་ཆ་ནས་ཀྱང་མི་རིགས་ཤིག་གམ། ཐ་ན་མིའི་རིགས་ཀྱི་སེམས་ཀྱི་ཆོས་ཉིད་དང་། ཀུན་སློང་། འདོད་པ་སོགས་དང་མཐུན་པར་སྦྱོར་དགོས་པའང་གསལ་ལ། དེའི་སྙན་ངག་གི་གསར་གཏོད་ལ་ཆོས་ཉིད་གཏན་ནས་མེད་པ་ཞིག་ཏུ་ངོས་འཛིན་པ་ནི་སྙན་ངག་ཆ་རྒྱུས་མེད་པའི་རྟགས་མཚན་དུ་འདུག་” ⑿ ཅེས་དེང་གི་སྙན་ངག་གི་གནས་བབ་དངོས་དང་འཕྲོད་པའི་བདེན་གཏམ་འདི་ནི་ཅིས་ཀྱང་བསམ་དགོས་ཤིང་ལག་ཏུ་བསྟར་རན་པ་ཞིག་ཡིན་པ་ནི་དམིགས་ཡུལ་མི་གསལ་བའི་སྙན་ངག་པ་རྣམས་ཀྱི་སེམས་སུ་འཇགས་དགོས།
        སྤྱིར་ན་སྒྱུ་རྩལ་གྱི་རིགས་ལ་མཐའ་དང་རྩེ་མོ་མེད་པས་སྙན་ངག་ཀྱང་འདི་འདྲ་ཞིག་ཡིན་དགོས་ཤིང་། གན་འདྲ་ཞིག་འཁྱོངས་དགོས་པའི་སྡོམ་ཚིག་འགོད་མི་རུང་མོད། སྙན་ངག་འབྲི་བ་རྣམས་ཀྱིས་ཀྱང་སྙན་ངག་ནི་རང་གི་རོལ་རྩེད་ཅིག་དང་། ཚིག་གི་འཁྲབ་སྟོན་ཞིག རང་ཉིད་སྒྲོག་བྱེད་ཅིག སྣང་བ་འདྲེན་བྱེད་སྤྱིར་བཏང་བ་ཞིག་ལ་ངོས་མི་འཛིན་པར། སྒྱུ་རྩལ་གཅིག་པུའི་ནང་མགོ་མི་འཁོར་བར་རང་ཅག་གི་ཕྱི་ནང་གི་བདེ་སྡུག་དང་མ་འོངས་པའི་ཁ་ཕྱོགས་སྟོན་ཐུབ་པ་ཞིག་ཡིན་ན་བཟང་། “རྩོམ་པ་པོས་གང་བརྗོད་པར་འདོད་པའི་བཤད་བྱ་དེ་འཚོ་བ་དངོས་ཀྱི་ཁྲོད་དུ་བྱུང་བའམ་འབྱུང་ངེས་པ་ཞིག་ངེས་པར་དུ་དགོས་རྒྱུ་ལས། རང་གི་རྣམ་རྟོག་དང་ཕུགས་བསམ་ལྟར་མདོ་མེད་ཀྱི་གཏམ་རྣ་བར་མི་འགྲོ་བ་གང་དྲན་དྲན་ལབ་ན་རྩོམ་གྱི་བརྗོད་པ་དེ་བཅོས་མ་དང་རྫུན་དུ་འགྱུར་བས་དེ་ལ་འཚོ་བའི་བདེན་པ་མེད་སོང་བ་རེད། དེས་ན་བརྗོད་བྱ་གདམ་ཚེ་དངོས་སུ་བྱུང་ཟིན་པ་དང་འབྱུང་ངེས་པ་ཞིག་དང་། དེ་ཡང་དུས་རབས་དང་སྤྱི་ཚོགས་ཀྱི་སྣང་ཚུལ་ལ་གལ་ཆེ་མིན་སོགས་ཕྱོགས་ཡོངས་ལ་བསམ་དགོས། རྗོད་བྱེད་འཚོ་བ་དང་ཉེ་དགོས་ཟེར་བ་ནི་སྐད་ཆ་བཤད་ཚུལ་དང་རྒྱན་སྦྱོར་ཚུལ། ཐ་སྙད་བཀོལ་སྟངས་སོགས་མང་ཚོགས་བྱིངས་ཀྱི་སྐད་ཆར་གཏུགས་ཅི་ཐུབ་ ( གྲོང་ཚིག་ལ་མཉམ་འཇོག་དགོས་)བྱེད་པ་ལས་བོད་བྱིངས་ཀྱི་སྐད་ཆའི་བརྡ་སྤྲོད་ཀྱི་ལུགས་དང་འགལ་བ་དང་རྒྱན་གྱི་ཁུར་མང་བ། བསྟན་བཅོས་ཁོ་ནའི་ཐ་སྙད་ལ་འཇུ་བ་སོགས་སྤངས་ན་ཁ་གསལ་ཞིང་གདངས་ཐོན་པ་ལ་ཉན་སྤྲོ་ཞིང་སྙིང་ཉེ་བའི་བརྩམས་ཆོས་འགྲུབ་པའི་སྔོན་འགྲོ་གྲུབ་པ་ཡིན་ནོ།།” ⒀ ཟེར་པ་ལྟར་དེང་སང་མི་མང་པོས་སྙན་ངག་ཅིག་རྩོམ་སྐབས་བརྗོད་བྱ་དང་རྗོད་བྱེད། སྐད་ཆ་བཅས་ལ་རྩོམ་པ་པོས་བསམ་བློ་མི་གཏོང་བའི་སྐྱོན་ཞིག་མཐོང་། སོ་སོས་སྙན་ངག་ཅིག་རྩོམ་སྐབས་བརྗོད་བྱ་དང་རྗོད་བྱེད། སྐད་ཆ་སོགས་ལ་དོ་སྣང་བྱེད་དགོས་པ་མ་མཐའི་ཆ་རྐྱེན་ཞིག་ཡིན་པས་ཤིན་ཏུ་གཟབ་དགོས། སྤྱིར་སྙན་ངག་གི་མཛེས་པ་དེ་གབ་སྦས་ཀྱི་ཆ་དང་། སྐད་ཆ་བཤད་སྟངས་ཡན་གར་བ་ཞིག་ཏུ་ཐོན་གྱིན་ཡོད་ཅིང་། རང་གི་ནང་སེམས་ཀྱི་སྐད་ཆ་དེ་ཕ་རོལ་བོར་བཤད་པར་གོ་སླ་བའི་སྒོ་ནས་བརྡ་སྤྲོད་ཐུབ་ན་འོས་པར་མཐོང་། གསར་རྩོམ་བྱེད་དུས་གལ་ཆེ་བའི་ཡོ་བྱད་ཅིག་ཡོད་པ་ནི་སྐད་ཆ་རེད། དེ་བས་སྐད་ཆའི་བརྡ་སྤྲོད་སྟངས་འདི་ཤིན་ཏུ་གལ་ཆེ། ཁ་གསལ་གོ་བདེ་ཅན་ཞིག་ཡོང་རྒྱུ་ནི་སྐད་ཆའི་བརྡ་སྤྲོད་སྟངས་ཀྱི་རྩ་དོན་དང་དེ་ལ་བརྩི་སྲུང་བྱེད་པ་ནི་མ་མཐའི་ཆ་རྐྱེན་ཞིག་ཏུ་འདོད། ཁྱེད་ཀྱིས་ཅི་ཞིག་བཤད་འདོད་པ་དེ་ཡག་པོར་བཤད་ཐུབ་དགོས། ཁ་གསལ་གོ་བདེ་ངང་བཤད་ཐུབ་ཚེ་ད་གཟོད་ཀློག་པ་པོའི་སེམས་ཁམས་ལ་སྤྲོ་བ་སྟེར་ཐུབ། གལ་སྲིད་གོ་བདེ་ངང་བཤད་མ་ཐུབ་ཚེ་ཀློག་པ་པོའི་སེམས་ཁམས་མི་སྐྱིད་པར་མ་ཟད། མུ་ནས་བཀླག་འདོད་ཀྱི་ཡི་ག་མེད་འགྲོ། གཞན་རྒྱུན་ལྡན་མཐོང་ཆོས་སུ་གྱུར་པའི་མིང་ཚིག་མི་བཀོལ་བར་གོ་ཁག་པོའམ་རྙོག་འཛིང་ཅན་གྱི་མིང་ཚིག་སྤྱོད་པ་ནི་མི་འོས། ང་ཚོ་སྙན་ངག་རྩོམ་མཁན་རྣམས་ཀྱིས་“བརྗོད་དོན་རྫོགས་པར་སྟོན་ལ་ཚིག་ཉག་ཉོག་མ་ཡིན་པར་གང་བརྗོད་བྱའི་དོན་རྣམས་ཚིག་གིས་བདེ་བླག་ཏུ་སྟོན་པ། ཚིག་སྔ་ཕྱི་འབྲེལ་ཆགས་ཤིང་ལྷུ་འགྲིག་པ།བརྗོད་བྱའི་དོན་གྱི་གནད་རྣམས་དཔེ་དང་གཏན་ཚིགས་ཀྱི་སྒོ་ནས་གསལ་བོར་སྟོན་པ་” ⒁ཞིག་ཡིན་དགོས། དེ་བཞིན།ཇི་ལྟར་བྲིས་ན་མི་ལ་སློབ་གསོ་སྟེར་ཐུབ་པ་དང་། མི་ལ་ཤེས་བྱ་སྦྱིན་ཐུབ་པ། མིའི་འཚོ་གནས་ཐད་ཡར་སྐུལ་གྱི་ནུས་པ་འདོན་ཐུབ་པའི་ཕྱོགས་སུ་ལྷུར་ལེན་བྱེད་ཐུབ་ན་རྩོམ་པ་པོས་སྤྱི་ཚོགས་དང་འཚོ་གནས་ལ་རྩིས་ཀྱང་འཕྲོད་འདུགསྤྱིར་བོད་ལ་དེང་རབས་རྩོམ་རིག་གལ་ཆེ་ཞིང་། ཁྱད་པར་དུ་རྩོམ་ལེགས་པོ་སྤེལ་རྒྱུ་ནི་ཧ་ཅང་གལ་ཆེ། བོད་ཀྱི་སྙན་ངག་པ་རྣམས་བོད་ཀྱི་སྤྱི་ཚོགས་དང་ཐག་ཉེ་བར་བཅར་ཏེ་སྤྱི་ཚོགས་ཀྱི་བདེ་སྡུག་གླེང་ཐུབ་པ་ཡང་བོད་ཀྱི་དེང་རབས་རྩོམ་རིག་གི་གཡོལ་དུ་མེད་པའི་འོས་འགན་རེད།སྙན་ངག་པ་རྣམས་ལ་མཚོན་ནའང་ཀུན་སློང་གཙང་བ་དང་སྙིང་རྗེ་གཞན་ལས་ཆེ་བ། རྒྱུ་འབྲས་དང་ལྡན་པ། གནད་ཀྱི་ཁྱབ་ཆེ་ས་ནས་བསམ་བློ་གཏོང་མཁས་པ་ཞིག་ཡིན་དགོས།1946ལོར་ནོར་ཝེ་རྩོམ་རིག་བྱ་དགའ་ཐོབ་པའི་འཇར་མན་གྱི་སྙན་ངག་པ་གྲགས་ཅན་ཧཱ་འར་མན་ཧེ་སེ་ཡིས་“སྙན་ངག་པ་ད་གཟོད་སྙན་ངག་པ་ངོ་མ་ཞིག་བྱེད་པ་ལས། གཞུང་ལུགས་པ་སྙན་ངག་པར་བརྫུས་ཐབས་བྲལ་”ཞེས་གསུངས་པ་ལས་སྙན་ངག་པ་ཟེར་བ་རང་ག་བ་ཞིག་མིན་པའི་རྒྱུ་མཚན་བསྟན་ཡོད། དེ་བས། ངའི་གོ་བ་ལེན་སྟངས་ལྟར་ན། ང་ཚོས་སྙན་ངག་པ་ཟེར་བའི་ཆོ་ལོ་འདི་ལ་བསྐྱར་དུ་དོགས་སློང་དང་བསྐྱར་དུ་གོ་བ་ལེན་དགོས་པར་མ་ཟད། བྱུང་ཟིན་པའི་བྱ་དངོས་གང་རུང་ཡི་གེར་འགོད་རྐྱང་བྱ་རྒྱུ་མ་ཡིན་པར། མ་འོངས་པར་ཅི་ཞིག་འབྱུང་བར་དོགས་སློང་བྱ་རྒྱུ་དང་འུ་ཅག་གི་མ་འོངས་པའི་གནས་བབ་ལ་བསམ་བློ་བཏང་སྟེ་གསར་རྩོམ་བྱ་རྒྱུ་དེ་ཡང་གལ་ཆེ་བར་འདོད། རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོས་གསུངས་པ་བཞིན། “བརྗིད་ལ་ནོན་དང་ལྡན་པ། མཚར་ལ་བཞད་གད་འབྱིན་པ། བདེན་ལ་ངེས་ཤེས་བསྐྱེད་པ། མཚར་ལ་དད་པ་སྐྱེ་བ། སྙན་ལ་མཆི་མ་འཆོར་བ་”ལྟ་བུའི་སྙན་ངག་གསར་རྩོམ་བྱ་རྒྱུ་དེ་གལ་ཆེན་པོ་རེད། དྲང་མོར་བཤད་ན།ང་ཚོའི་རྩོམ་པ་པོ་རྣམས་ལ་མཚོན་ནའང་རང་གི་མི་ཚེ་ལ་བཀྲག་མདངས་རེ་ཡོད་ན་དེ་ནི་རྩོམ་རིག་ཅེས་པའི་རླབས་ཆེ་བའི་འཕྲིན་ལས་འདི་ཡི་དྲིན་ཡིན་པས་ང་ཚོས་གསར་རྩོམ་བྱེད་དུས་ཀྱང་གཟབ་ནན་བྱ་རྒྱུ་ནི་དོན་བཟང་ཞིག་ཏུ་མཐོང་དགོས་པར་སེམས།
        མཆན་འགྲེལ།
① གསལ་བཤད། དཔྱད་རྩོམ་འདི་ནི་བོད་ལྗོངས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་2015ལོའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ལས་གཞིའི་དཔྱད་འབྲས་ཡིན། ཆོག་མཆན་ཨང་གྲངས་2015-GSP-084
②ཚེ་གྲུབ། 《སོ་ལྟ་དང་གཟབ་ནན》[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005ལོའི་ཟླ་6པའི་དཔར་ཐེངས་དང་པོ། ཤོག་ངོས་2ན་གསལ།
③ 董继平译:《奥克塔维•怕斯诗选》[M],北方文艺出版社,1991年,第15页。
④ 周国平:《人生哲思录》[M],上海辞书出版社,2005年9月,第34页。
⑤ཤ་བོ་ཚེ་བརྟན། 《བོད་ཀྱི་རྩོམ་པའི་རྣམ་གཞག་གི་ཤེས་བྱ་གཅེས་བཏུས》[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2013ལོའི་ཟླ་9པའི་པར་ཐེངས་དང་པོ། ཤོག་ངོས་163ན་གསལ།
⑥ དོར་ཞི་གདོང་དྲུག་སྙེམས་བློ། 《མི་འཇོམས་ནོར་བུའི་ཕྲེང་བ》[M] མི་རིགས་དཔེ་སྐྲུན་ཁང་། 1996ལོའི་ཟླ་11པའི་པར་ཐེངས་དང་པོ། ཤོག་ངོས་204ན་གསལ།
⑦བཀྲ་བྷས་བསྒྲིགས། 《གསར་རྩོམ་ཉམས་མྱོང་གླེང་བ》[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2013ལོའི་ཟླ་7པའི་པར་ཐེངས་དང་པོ། ཤོག་ངོས་68ན་གསལ།
⑧ཁྲི་སེམས་དཔའ། 《བསམ་གཞིག་གི་ཁ་དོག》[M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2008ལོའི་ཟླ་4པའི་དཔར་ཐེངས་དང་པོ། ཤོག་ངོས་75ན་གསལ།
⑨ མེ་ལྕེ། 《བདེན་པའི་སྨྲ་ལྕེ》[M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2014ལོའི་ཟླ་1པའི་དཔར་ཐེངས་དང་པོ། ཤོག་ངོས་124ན་གསལ།
⑩ ཁྲི་སེམས་དཔའ། 《བསམ་གཞིག་གི་ཁ་དོག》[M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2008ལོའི་ཟླ་4པའི་དཔར་ཐེངས་དང་པོ། ཤོག་ངོས་25-26ན་གསལ།
⑾《གངས་རྒྱན་མེ་ཏོག》རྩོམ་སྒྲིག་ཁང་གིས་བསྒྲིགས། 《སེམས་ཀྱི་ལོག་ཕེབས》 [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2014ལོའི་ཟླ་7པའི་དཔར་ཐེངས་དང་པོ། ཤོག་ངོས་186ན་གསལ།
⑿《གངས་རྒྱན་མེ་ཏོག》 རྩོམ་སྒྲིག་ཁང་གིས་བསྒྲིགས། 《ཕྱིར་རྟོག་དང་འཚོལ་སྙེག》[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2014ལོའི་ཟླ་7པའི་དཔར་ཐེངས་དང་པོ། ཤོག་ངོས་294ན་གསལ།
⒀ གངས་ཞུན། རྡོ་ལྷ། 《བསམ་བློ། ལྟ་བ། ལག་ལེན།》[M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2000ལོའི་ཟླ་12པའི་པར་ཐེངས་དང་པོ། ཤོག་ངོས་213-214ན་གསལ།
⒁ ཤ་བོ་ཚེ་བརྟན། 《བོད་ཀྱི་རྩོམ་པའི་རྣམ་གཞག་གི་ཤེས་བྱ་གཅེས་བཏུས》[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2013ལོའི་ཟླ་9པའི་པར་ཐེངས་དང་པོ། ཤོག་ངོས་189ན་གསལ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1