༄༅།། གླིང་གེ་སར་འཁྲུངས་ཡུལ་དང་ཧོར་བདུད་སོགས་ཀྱི་སྐོར།

རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 06-13



 
     ད་ལྟར་རྒྱ་བོད་ཧོར་ཡུལ་ཀུན་ཏུ་གེ་སེར་རྒྱལ་པོའི་སྒྲུང་ཞེས་སྙན་ངག་གི་རབ་རྟོག་སོགས་ཀྱི་ལམ་ནས་དྲངས་སམ། གང་ལྟར་ཡང་མི་ཕལ་བ་ཞིག་ཡིན་ལ་ཁད་ལ་དེ་མིན་འདྲ་སྤྲུལ་བ་སྣ་ཚོགས་བྱས་འགྲན་མང་དུ་བཤད་པ་ལ་ཡིད་རྟོན་དཀའ་ལ། དེ་ལྟ་ན་ཡང་གེ་སར་དེ་ནི་སྤྲུལ་བ་དང་ཐ་མལ་བ་གང་ཡིན་གྱི་ཚོད་ཚུ་རོལ་མཐོང་བ་སུས་ཀྱང་ཟིན་དཀའ་བས།[རྗེ་དགེ་རྒྱམ་པ་དེའི་སྤྲུལ་འདྲ་རྣང་ན་ཡོད་དཾ། པདྨའི་ལུང་ན་ནི་རླང་བྱང་ཆུབ་དེའི་བླ་མ་ཟེར་མི་སྔའི]འདིར་ཕལ་བ་ཐུན་མོང་ལ་གྲགས་ཙམ་ངོ་ཏེ་ཞུ་ན། གེ་སར་དེ་སྐྱེས་ཡུལ་ནི།བར་ཁམས་སྟོང་མས་ནས་ཡར་ལ་རྨ་ཆུ་རྫ་ཆུ་འབྲི་ཆུ་གསུམ་ཡོད་པའི་ནང་ནས། བར་བ་རྫ་ཆུ་ལ་སྐྱིའི་གཞུང་དང་ཚུ་ལུང་བའི་ཆུ་གཉིས་དང་གསུམ་འདུས་ཀྱི་མདོ་ཡིན་ཞིང་། དེ་ནི་སྡེ་དགེའི་ཕོ་བྲང་གི་གཡོན་དངོས་ཀྱི་སྡེ་དགེའི་སའི་ཆར་གཏོགས་ལ། དེ་སྐྱེས་ས་དངོས་ནི་ཕུ་ན་མཚོ་ཆུང་མེ་ལོང་འདྲ་བ་དང་མདོ་ན་ཆུ་གཉིས་འདུས་པ་དང་བྲག་རི་ཆུང་ངུར་ཟུར་བཞི་བ་ཡོད་པའི་བར་དུ་སྤང་ཐང་གདན་བཏང་མཚུངས་ཡོད་དེ། དེ་ན་ལྗོན་པ་ཆིག་སྐྱེས་དང་དེའི་ཕ་མའི་རེ་སྦྲ་ཕུབས་ཤུལ་གྱི་བྲག་ལེབ་ཡོད་ཅིང་གནས་དེ་ལ་སྐྱིད་ཉི་མ་ཀུན་འཁྱིལ་ཟེར་སྐད། གནས་དེའི་སྟོད་དུ་ཁང་ཆེན་ལུང་བའི་ཆུ་དང་ཡག་ཉེའི་ཆུང་དང་རྫ་ཆུ་གསུམ་འདུས་མདོར་སྟག་རིའི་མདུན་ན་རི་ཆུང་སྙིང་འདྲ་བ་དང་། དེའི་གཤམགྱི་རྫ་རི་ཆེན་པོའི་ཕུ་ན་གོམ་པར་ཚ་ཞེས་པའི་གཞི་གཉན་པོ་ཡོད་པའི་རྫ་པོའི་མདུན་དུ་གེ་སར་གྱི་ཕུ་ནུ་སུམ་ཅུའི་རྡོ་སྤུངས་སུམ་ཅུ་ཡོད་ཟེར་རོ། གེ་སར་གྱི་རུས་ནི། བར་ཁམས་ཀྱི་སྡེ་དགེའི་ཡུལ་ན་ཡོད་པའི་གླིང་བ་དང་འདན་སྡེ་ཆེན་གྱི་ནང་གི་གླིང་བའི་སྡེ་གཅིག་ཡིན། དེང་སང་གླིང་བ་སྡེ་དགེའི་མངའ་འོག་མིན་ལ་འདན་ཡིན་ནོ། ། དེ་ལ་གེ་སར་ནི། ཕ་སེང་བློན་དང་མ་འགོག་རུས་ཀྱི་བུར་སྐྱེས་ལ། དེ་ཡང་ལ་ལས་སྔར་གླིང་བ་དང་འདན་གྱི་སྡེ་ནི་ཆོམ་པོས་ཡང་ཡང་བཅོམ་ཚེ་ཡུལ་མི་རྣམས་ཀྱིས་རང་ཡུལ་གྱི་རི་གཉན་ཞིག་གི་གཞི་བདག་ལ་བསང་མཆོད་རྒྱུན་དུ་ཕུལ་ཏེ་འཕྲིན་ལས་བཅོལ་བས་གཞི་བདག་དེའམ་དེའི་སྤྲུལ་བ་ཞིག་གེ་སར་དུ་སྐྱེས་ཏེ། དེ་འདྲ་སྲིད་པ་ནི་དཔེར་ན་ད་ལྟར་ཡང་མདོང་ནག་གི་ཡུལ་གྱི་རི་གཉན་ཞིག་ལ་རྒྱུན་དུ་སྡོད་པའི་འབྲོག་པ་ཞིག་གི་བུད་མེད་ལ་གནས་དེའི་གཞི་བདག་གི་བུ་སྐྱེས་པའི་ཚ་བོ་འཇམ་དབྱངས་རབ་འབྱམས་པ་ཞེས་པ་སྐྱ་སེར་བདག་གིས་མཐོང་བ་ལྟར་རོ། ། དེ་ནས་གེ་སར་སྐྱེས་ནས་མི་རིང་བར་ཁོ་རང་གི་ཨ་ཁུ་ཁྲོ་ཐུང་གིས་རྨ་ཆུའི་མགོའི་མཚོ་སྐྱ་རེངས་སྔོ་རེངས[དུག་མཚོ]དང་ཉེ་བའི་ལྷ་ལུང་གཡུ་མདོར་བསྐྲད་པ་དེར་གཞི་བཟུང་ནས་བསྡད་དེ་དཔའ་རྩལ་ཅན་དུ་གྱུར། ཡུལ་དེར་གེ་སར་གྱི་མཛོ[མཛོ་ཁྲ་སྟེང་ཞེས་པ]འདོག་ས་ཟེར་པའི་རི་ཆུང་དེ་དང་མི་རིང་བར་ཧོར་དམག་གིས་སྒར་གདབས་ཟེར་བའི་ཐང་ཆེན[ཨབ་ཕྱི་དུག་ཐང་ཞེས་པའི]པོ་ཞིག་འདུག་ཅེས་རྒྱལ་དབང་ལྔ་བའི་རྣམ་ཐར་ཀ 81བར་ཡང་གསུངས་སོ། ། གེ་སར་དེ་ནི་མི་སྟོབས་རྩལ་ཆེ་ལ་བློ་རྒོད་པ་ཞིག་ཡིན་འདུག ཆུང་མ་མེ་བཟའ་འབུམ་སྐྱིད་དང་གླིང་སྐྱ་ལོའི་བུ་མོ་འབྲུག་མོ་སྐྱིད་ཟེར་བ་ཆེ་ཆུང་གཉིས་བླངས། གེ་སར་གྱི་གློ་རྟ་ལ་རྐྱང་རྒོད་གཡེར་བ་ཟེར། གེ་སར་དེས་ཕྱིས་སུ་བཏུལ་བའི་བདུད་དུ་གྲགས་པ་ནི་ལྷ་སའི་བྱང་ངོས་ཀྱི་གནམ་མཚོ་ཕྱུག་མོའི་ཕྱོགས་སུ་ཡོད་པའི་གྲེ་བ་ནག་ཚང་གི་སའི་ཆར་གཏོགས་གུ་རུ་དང་མོན་ར་ཞེས་པའི་ས་མཚམས་སུ་སྐྱེས་པའི་མི་དཔའ་བོ་སྟོབས་རྩལ་ཆེ་བ་ཞིག་ཡིན་ལ། དེ་སྐྱེས་ཡུལ་གྱི་ནག་ཚང་པ་ལ་བདུད་ཀྱི་རུ་སྡེ་ཟེར། མི་དེ་ལྷ་སའི་ལྷོ་ངོས་ཀྱི་ཀོང་པོའི་ཕྱོགས་སུ་ཕྱིན་པ་ན། ཡུལ་དེ་ན་ཆུ་མགོ་ཞིག་ཡོད་པའི་ཆུ་ལ་དུག་ཆུའམ་འཐོམ་ཆུ་ཞེས་པ་སུས་འཐུང་ཡང་སྨྱོས་མ་སྨྱོ་སུ་འགྱུར་བ་ཞིག་ཡོད་པའི་ཆུ་དེ་དང་ཉེ་བའི་མི་ཕྱུགས་ཐམས་ཅད་ར་རོ་ཡོད་སྐད། མི་དེས་ཆུ་དེ་འཐུང་བ་དང་ཡུལ་དེར་བདུད་ཀྱི་བླ་རི་ཧ་ཤང་རྩེ་དགུ་ཟེར་བ་ཡོད་པའི་དབུས་སུ་མཚོ་ཆུང་གསུམ་ཡོད་པའི་ཆུ་རྒྱུན་ནམ་ཞིག་འདུས་པ་ན་བདུད་སྐྱེས་ཞེས་གྲགས་ལྟར་དུ་མི་དེས་དུག་ཆུ་འཐུང་ཞིང་མཚོ་གསུམ[རྨ་མཚོ་དམེ་མཚོ་སོགས་སོ]གྱི་ཆུ་རྒྱུན་དེ་དུས་འདུས་ནས་མི་དེ་མི་ཡུལ་གྱི་བདུད་དུ་གྱུར་རམ་སྙམ། དེ་ནས་དེ་[ལྷ་ས་བྱང་ཤར]འདམ་དུ་ཕྱིན་པས་ཤ་བའི་རྭ་དང་རུས་པས་མཁར་བརྩེགས་པའི་བདུད་མཁར་ཤ་རྭ་གནམ་རྫོང་ཞེས་པར་བསྡད་དེ་ཇག་བྱེད། བར་སྐབས་ཤིག་ཇག་བྱེད་ཞོར་ལ་གླིང་བའི་ཡུལ་དུ་འོང་ནས་གེ་སར་རི་དྭགས་བཤོར་བའམ་ཇག་བྱེད་པར་ཡུལ་གཞན་དུ་ཕྱིན་སྐབས་ཤིག་དང་ཐུག་ནས་གེ་སར་གྱི་བུད་མེད་མེ་བཟའ་འབུམ་སྐྱིད་དང་ནང་མི་ཕྱིར་སྔོན་ཅན་གཉིས་སོགས་འཕྲོག་ནས་སོང་། གེ་སར་རང་ཡུལ་དུ་ཐོན་ཏེ་གཏམ་དེ་ཐོས་ནས་ཇག་བྱེད་བཞིན་དུ་བདུད་ཀྱི་ཡུལ་གྱི་གཤེད[བཤེག]ཆུ་ཁམས་པ་བརྒལ་ཏེ་ཕྱིན་ནས། བདུད་དེ་ཇག་ལ་སོང་ཤུལ་དུ་སླེབས་ཚེ་མེ་བཟའ་འབུམ་སྐྱིད་དང་ཐུག་ནས་མེ་བཟས་གེ་སར་ས་དོང་ཞིག་ཏུ་སྦས་ཏེ་བདུད་འགུམ་ཐབས་སྨྲས། བདུད་རང་ཡུལ་དུ་སླེབས་ནས་མཚན་མོ་གཉིད་ལོག་པའི་ཕྱི་ཉིན་ཉི་མ་རྩེ་ཤར་དུ་བལྟས་པས་བདུད་ཀྱི་སྣ་ཁུང་ནས་སྦྲུལ་དཀར་ནག་གི་རྣམ་པ་གཉིས་བྱུང་ནས་གདོང་ངོས་སུ་འཐབ་སྟེ། སྦྲུལ་ནག་བདུད་ཀྱི་བླའམ་ལྷན་སྐྱེས་འདྲེ་དེ་འབྲལ་བར་ཁྱིལ་ཚེ་གེ་སར་གྱིས་མདའ་འཕངས་ཏེ་[རྨ་མཚོ་དམེ་མཚོ་སོགས་སམ]སྦྲུལ་འདྲ་བ་དང་བདུད་དུས་གཅིག་ལ་བསད་ནས། གེ་སར་ལོ་དགུའི་བར་དུ་མེ་བཟའ་དང་ལྷན་དུ་བདུད་ཡུལ་དུ་བསྡད་ཟེར། བར་[དུས]དེར་ཧོར་རྒྱལ་གུར་དཀར་གུར་ནག་གུར་སེར་གསུམ་གྱི་ཇག་དམག་གླིང་བའི་ཡུལ་དུ་ཕྱིན་ནས་གེ་སར་གྱི་མེས་པོ་བརྒྱད་ཅུ་ཞལ་དཀར་དང་གླིང་གི་ཕུ་ནུ་སུམ་ཅུ་སོགས་བཀུམ་སྟེ། ཨ་ཁུ་ཁྲ་རྒན་དང་འབྲུག་མོ་སོགས་ཁྱེར་ནས་འོངས་ཏེ་འབྲུག་མོ་སྐྱིད་གུར་དཀར་རྒྱལ་པོའི་བཙུན་མོར་བླངས་སོ། དེ་ལ་ཧོར་ཡུལ་ནི་གླིང་བ་དང་ཧ་ཅང་ཐག་མི་རིང་སྟེ། དེ་ཡང་འབྲིཆུའི་རབ་བདུན་གྱི་གཡོན་ངོས་ཀྱི་ཆུ་དམར་སྟོད་ཀྱི་ཨ་ཆེན་ལུང་བའི་ཕུའི་གངས་ཆགས་དཀར་པོ་ཞེས་པའི་གངས་རིའི་སྨད་དུ་རྫ་རི་ཆེན་པོ་ཞིག་ཡོད་པའི་འདབས་སུ་ཧོར་གུར་དཀར་རྒྱལ་པོའི་ཡ་རྩེ་མཁར་དམར་ཡོད་ཅིང་། ད་ལྟ་ཡང་མཁར་ཤུལ་གྱི་རྩིག་པ་ཞིག་ལ་སྔར་གེ་སར་གྱིས་ལྕགས་ཐག་གཟར་ནས་བབས་པའི་ལྕགས་ཐག་དུམ་བུ་[བཙའ]དམར་པོའང་སྣང་ཟེར། རྫ་རི་དེའི་རི་སུལ་འགའ་ཞིག་ན་སྔར་ཧོར་དམག་བསད་པའི་གྲི་འདྲེ་ཡིན་ཟེར་བའི་མི་མིན་གྱི་ཆོ་འཕྲུལ་ལྟ་བུ་ཡོད་པས་ད་ལྟ་ཡང་མཚན་མོ་མི་ཕལ་བ་སུ་ཡང་འགྲོ་མི་ནུས་ཟེར་བའི་གཏམ་མཐོང་ཐོས་ཀྱི་མི་ལས་ཐོས། བདུད་ཡུལ་ནས་གེ་སར་རང་ཡུལ་དུ་ལོག་ཚེ་ཧོར་དམག་གིས་གླིང་བཅོམ་པའི་གཏམ་མཐོང་ཐོས་ལ་བརྟེན་ནས་གེ་སར་གྱིས་གླིང་བའི་དམག་དཔུང་ཆེན་པོ་ཁྲིད་དེ་ཡ་ཙེ་མཁར་དམར་དུ་ཕྱིན་ནས་གེ་སར་གྱིས་ལྕགས་ཐག་གཟར་ཏེ་མཁར་ནང་དུ་བབས་ནས་སྒོ་ཕྱེས་ཏེ་དམག་འཚང་ནས་ཧོར་རྒྱལ་དང་དམག་མང་པོ་བསད་སྐབས་སུ་ཧོར་དམག་ལས་དཔའ་རྩལ་ཅན་ཡ་བ་སྐྱ་བདུན་འཁོར་བཅས་སོགས་ཤོར་ཟེར། གེ་སར་གྱིས་ཨ་ཁུ་ཁྲ་རྒན་དང་འབྲུག་མོ་ཁྲིད་ནས་རང་ཡུལ་དུ་ལོག ། ཕྱིས་གེ་སར་འདན་གྱི་ཡུལ་དུ་ཕྱིན་སྐབས་ཤིག་ཏུ། འདན་གྱི་ཁྱིས་དེད་པས་རྟ་བཀྲོགས་ནས་འཕངས་སྟེ་དུས་ལས་འདས་སྐད། དེ་ནས་བཟུང་སྟེ་འདན་མས་གེ་སར་གྱི་སྟོང་མཇལ་དགོས་བྱུང་ལ། དེ་ལ་ལོ་རེ་བཞིན་གླིང་བ་ལ་ཁྲལ་ལྟ་བུ་རེ་སྟེར་བ་དང་། ཡང་འདན་གྱི་སའི་ཆ་ན་ཡོད་པའི[ཐང་ཆུང་བུ]ལྷ་ཁང་ཞེས་པར་རྡོ་སྤུངས་ཆེན་པོ་ཞིག་ཡོད་པ་ལ་ད་ལྟའི་བར་དུ་ལྡན་མས་རྡོ་རེ་ལ་མ་ཎི་རེ་བྲིས་པ་སྟོང་ལོ་རེ་བཞིན་བསྣན་ན་ཡུལ་དེར་བཀྲ་ཤིས་ཟེར། དེའི་རྒྱུ་མཚན་གྱིས་ཡུལ་དེ་རུ་གེ་སར་གྱི་སྟོང་མཇལ་བ་ལ་ཚར་རྒྱུ་མེད། ལྡན་མའི་རྒྱུ་ཆས་ལ་འཛད་རྒྱུ་མེད་ཟེར་བའི་དཔེ་འཐེན་ནོ། ། དེ་དུས་ཀྱི་གླིང་འདན་དང་བདུད་ཡུལ་གྱི་མི་དང་ཧོར་མི་རྣམས་ལ་ཐུན་མོང་གི་སྤྱི་རྒྱལ་ཆེན་པོ་དང་སྤྱི་ཁྲིམས་དམ་པོ་མེད་པས་རང་རང་གང་དྲན་བྱེད་པ་དང་། དེ་དུས་ཀྱི་མི་དེ་རྣམས་རང་བཞིན་དྲངས་ཞིང་དཔལ་རྩལ་ཆེ་པའི་ང་རྒྱལ་གྱིས་ཕན་ཚུན་ཇག་བྱེད་རེས་ཀྱིས་འཁྲུག་པ་བསླང་རེས་བྱས་པ་ཡིན་པ་འདྲ། སྔར་སྨོས་ཨ་ཆེན་གངས་ཆགས་དཀར་པོ་དང་རྫ་རིའི་གཤམ་གྱི་ཡ་རྩེ་མཁར་དམར་གྱི་ཤུལ་དང་ཉེ་བར་གུར་དཀར་རྒྱལ་པོའི་སྡེ་ལྷག་དང་ཡ་བ་སྐྱ་བདུན་སོགས་ཀྱི་མི་རྒྱུད་ཡོད་ལ། དེ་དག་གི་རེ་སྦྲའི་ནང་གི་ཕུགས་སུ་ཀ་བ་ཕྲ་མོ་ཞིག་གི་རྩེར་ཤིང་འཕྲེད་ཆུང་བ་ཅན་བཙུགས་པ་ནིས་སྔར་གེ་སར་གྱིས་ཧོར་བཅོམས་ཏེ་རྒྱལ་ནས་རེ་སྦྲ་ལ་གཡག་སྒ་བསྟད་པའི་དོད་ཟེར། ཡང་མཚོ་སྔོན་གྱི་བྱང་ངོས་ཞག་ལམ་བདུན་བརྒྱད་ཀྱི་ས་ན། བཱ་སྟོང་དང་ཤུག་ཤའི་ཆུ་ནས་བཟུང་སྟེ་རྒྱའི་སུ་གྲུ་མཁར་གྱི་ཚུན་བར་ལ་ཧོར་གུར་སེར་གྱི་རུ་སྡེའི་རྒྱུད་པའམ་ཤ་ར་ཡུ་གུར་ཟེར་བའི་སྡེ་ཚོ་བརྒྱད་སྐད་ཧྭོ་ཐོན་དང་འདྲ་སེ་ཆ་ལུགས་རྒྱ་བོད་ཧོར་སོགས་གང་ལའང་ཅུ་ཟད་མི་འདྲ་བ་སྣང་། དེ་ལ་འབན་ངྷ་ཧོར་ཟེར། སྡེ་དེའི་རེ་སྦྲའི་རྐེད་ན་རེ་ནག་བྱང་གཅིག་འཕྲེད་དུ་འཇོག་སྲོལ་ཡོད་པ་ནི་སྔར་གེ་སར་གྱིས་ཧོར་བཅོམས་སྐབས་སྦྲ་རལ་གྲིས་བཅད་པའི་རྟགས་ཟེར། ཨ་ཆེན་གྱི་གཞུང་དང་མཚོ་སྔོན་སྟོད་ཀྱི་ཧོར་གཉིས་ཀ་ན་སྔར་གླིང་བ་དང་འཐབ་ནས་བསད་པའི་གྲེ་འདྲེ་པེ་དཀར་པོ་སེར་རྒྱལ་པོ་སོགས་ཀྱི་འཁོར་དང་དེའི་རྒྱུད་པ་ལྷ་འདྲེས་སུ་སྐྱེས་པ་ད་ལྟར་ཡང་མངོན་སུམ་ལྟར་རྒྱུ་ཞིང་། ཡུལ་དེ་དག་ཏུ་གེ་སར་གྱི་སྒྲུང་བཤད་པ་དང་རྟ་རྐྱང་ཞུར་ཞོན་ནས་སོང་ན་ལྷ་འདྲེས་འཚེ་བར་འདུག་གོ ། ད་ལྟར་ཁམས་ཆབ་མདོ་སོགས་ན་གླིང་བའི་ཕུ་ནུ་སུམ་ཅུ་སོགས་ལས་འགའ་ཞིག་གཞི་བདག་ལྟ་བུར་སྐྱེས་པ་ལུས་ཁོག་ལ་ཞུགས་ནས་ལུང་སྟོན་བྱེད་ཟེར། དེ་བཞིན་དུ་ཡུ་གུར་གྱི་ཡུལ་སོགས་ནའང་གུར་རྒྱལ་དང་དཔའ་བོ་སོགས་ཀྱིས་ལ་ལ་ལྷ་འདྲེར་སྐྱེས་པ་ལྷ་བ་ལ་བབ་པ་འདུག་གོ ། གེ་སར་སྐྱེས་པ་ཧ་ཅང་མི་སྔ་སྙམ་སྟེ། ཆབ་མདོའི་ལྷོ་གཡུ་ཕུགས་ཀྱི་ལྷ་ཁང་ན་གེ་སར་གྱི་ཡུལ་ཤེར་ཕྱིན་པོ་ཏི་གཉིས་རེ་ཁལ་རེ་ལོངས་པ་ཆེན་པོ་ཞིག་ཡོད་པ་དང་། གེ་སར་དང་ཨ་མེས་དང་ཕུ་ནུ་སུམ་ཅུའི་རལ་གྲི་ད་ལྟའི་རལ་གྲི་ལས་ཅུང་ཟད་ཆེ་ཙམ་ཡོད་པ་མཐོང་བའི་མི་ལས་ཁོ་བོས་ཐོས། གཞན་དབུས་གཙང་གི་ལྷ་ཁང་འགའ་ཞིག་ནའང་གེ་སར་གྱི་ཞྭ་དང་མདའ་སོགས་སྣང་ཟེར། གང་ཞུས་དེ་དག་སྡེ་དགེའི་རྒན་པོ་དག་གི་ངག་ལས་ཐོས་པས་ལ་ལ་མ་ངེས་ཀྱང་ཕལ་ཆེར་མཐུན་པར་འདུག་ལགས་ཞེས་ཞུས་པའོ། །《ནང་དོན་ཐ་སྙད་རིག་གནས་ཀྱི་གཞུང་གི་དོགས་གནས་འགའ་ཞིག་དྲིས་པའི་ལན་ཕྱོགས་གཅིག་ཏུ་བྲིས་པ་རབ་དཀར་པ་སངས》སྣ་རིང་མའི་ཤོག་གྲངས་13-16ནས་བཤུས། །)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1