བོད་ཁུལ་གྱི་ལས་རིགས་སློབ་གསོའི་སྤུས་ཚད་མཐོར་འདེགས་ གཏོང་བའི་ཐད་ཀྱི་བསམ་ཚུལ་འགའ།

སྐལ་བཟང་རྒྱ་མཚོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-25


[གནད་བཏུས] བོད་ཁུལ་གྱི་དོན་དངོས་དང་ཟུང་དུ་འབྲེལ་ནས་ལས་རིགས་སློབ་གསོ་ལ་བཟུང་བའི་འདུ་ཤེས་བསྒྱུར་བ་དང་། ཐོན་ལས་དང་སློབ་ཁྲིད་མཉམ་སྦྲེལ་སྒོས་ལས་རིགས་སློབ་གྲྭའི་ཆེད་ལས་སྒྲིག་གཞི་ལེགས་སྒྱུར་བྱེད་པའི་ཐད་རང་ཉིད་ཀྱི་ལྟ་ཚུལ་བཏོན་ཡོད།

[གནད་ཚིག] བོད་ཁུལ། ལས་རིགས་སློབ་གསོ། སློབ་ཁྲིད། ཐོན་ལས།

ལས་རིགས་སློབ་གསོ་ནི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་འབྲེལ་བ་གཏིང་ཟབ་ལྡན་པའི་སློབ་གསོའི་རིགས་ཤིག་ཡིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས། ཐོག་མཐའ་བར་གསུམ་དུ་ལས་རིགས་སློབ་གསོ་ནི་དཔལ་འབྱོར་སྤྱི་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་བའི་གོ་གནས་གལ་ཆེན་དུ་བཞག་ཡོད། དེང་རབས་ལས་རིགས་སློབ་གསོ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བ་དང་། དེང་རབས་ལས་རིགས་སློབ་གསོའི་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས་ཏེ། སྤུས་ཚད་མཐོན་པོ་དང་ལག་རྩལ་ཅན། རྒྱུན་སྤྱོད་ཅན་བཅས་ཀྱི་ཐོན་ལས་འཇོན་མི་མང་པོ་སྐྱེད་སྲིང་བྱེད་པ་ནི། སློབ་གསོའི་གནད་དོན་ཁོ་ན་ཙམ་མ་ཡིན་པར། དམངས་འཚོའི་གནད་དོན་དང་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་རིགས་སློབ་གསོ་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་བར་མཛུབ་སྟོན་གལ་ཆེན་གནང་ཡོད་དེ།“ལས་རིགས་སློབ་གསོ་ནི་རྒྱལ་དམངས་སློབ་གསོའི་ཁོངས་གཏོགས་དང་མི་ཤུགས་ཐོན་ཁུངས་སྔོག་འདོན་བྱེད་པའི་གྲུབ་ཆ་གལ་ཆེན་དང་། ན་གཞོན་མང་པོ་ལེགས་འགྲུབ་དང་ཤེས་ལྡན་པའི་ལམ་ལ་འཇུག་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། སྣ་འཛོམས་རང་བཞིན་གྱི་འཇོན་མི་སྐྱེད་སྲིང་དང་ལག་རྩལ་རྒྱུན་སྤེལ། ལས་ཞུགས་དང་ལས་སྒོ་གསར་སྤེལ་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་གལ་ཆེན་ཁུར་ཡོད་པས། ངེས་པར་དུ་ཚད་མཐོན་པོའི་སྒོ་ནས་མཐོང་ཆེན་དང་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་ཤུགས་སྣོན་དགོས།”

 བོད་ཁུལ་ནི་རང་རྒྱལ་ནུབ་རྒྱུད་གསར་སྤེལ་ཆེན་མོ་དང་མི་རིགས་སྲིད་ཇུས་ཀྱིས་ཐུགས་ཁུར་བྱེད་པའི་མངའ་ཁོངས་གཙོ་བོ་ཞིག་ཡིན། ཉེ་བའི་ལོ་འགའི་རིང་།བོད་ཁུལ་གྱི་ལས་རིགས་སློབ་གསོའི་ལས་དོན་ལ་ཏང་དང་སྲིད་གཞུང་གིས་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་འོག་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་ཡོད་པ་དང་། བོད་ཁུལ་ལ་ལག་རྩལ་ལྡན་པའི་འཇོན་མི་མང་པོ་སྐྱེད་སྲིང་དང་གསོ་སྐྱོང་སྦྱོང་བརྡར་བྱས་ཏེ། ནུས་ལྡན་སྒོས་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ད་ལོ་སྤེལ་བའི《རྒྱལ་ཁབ་ལས་རིགས་སློབ་གསོའི་བཅོས་སྒྱུར་ལག་བསྟར་ཇུས་གཞི》ནི་དུས་རབས་གསར་པའི་ལས་རིགས་སློབ་གསོ་བཅོས་སྒྱུར་གྱི“ལམ་རིས”ཤིག་ཡིན་ལ། དེས་བོད་ཁུལ་གྱི་ལས་རིགས་སློབ་གསོའི་བཅོས་སྒྱུར་གཏིང་ཟབ་དང་འཕེལ་རྒྱས་སུ་གཏོང་བར་གོ་སྐབས་གསར་པ་ཞིག་སྐྱེལ་ཡོང་བ་རེད། སློབ་སྒྲུབ་ཀྱི་རིག་ལམ་སྔར་ལས་ལྷག་པར་གསལ་བ་དང་། ལས་རིགས་སློབ་གསོའི་མ་ལག་འཐུས་ཚང་ཡིན་པ། མི་ལ་སློབ་གསོ་གཏོང་བའི་ནང་རྐྱེན་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་སོགས་ཕྱོགས་མང་པོ་ནས་ཤུགས་རྐྱེན་གཏིང་ཟབ་ཐེབས་སྲིད་ཅིང་། ལས་རིགས་སློབ་གསོའི་འཕེལ་རྒྱས་ཁྲོད་གནས་ཤིང་རིམ་པ་ཅུང་ཟབ་པའི་སྒྲིག་སྲོལ་རང་བཞིན་དང་ནང་རྐྱེན་རང་བཞིན་གྱི་བཀག་རྒྱ་ཁ་ཤས་ཐག་གཅོད་པར་རོགས་བྱེད་ཐུབ། དེ་སྔ་གུས་པས་བོད་ཁུལ་ལས་རིགས་སློབ་གསོའི་ད་ལྟའི་གནས་ཚུལ་ལ་ཞིབ་འཇུག་བརྟག་དཔྱད་གཏིང་ཟབ་བྱས་མྱོང་བས། འདིར་བོད་ཁུལ་གྱི་དོན་དངོས་དང་ཟུང་དུ་འབྲེལ་ནས་ཇི་ལྟར་བོད་ཁུལ་ལས་རིགས་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་ཚུལ་ཐད་རང་ཉིད་ཀྱི་ལྟ་ཚུལ་ཙམ་བརྗོད་ཡོད།

གཅིག སྤྱིར་བཏང་སློབ་གསོ་དང་ལས་རིགས་སློབ་གསོ་ལ་འདྲ་མཉམ་གྱི་སློབ་གསོའི་ལམ་ལུགས་བཙུགས་ཏེ། ལས་རིགས་སློབ་གསོ་ལ་བཟུང་བའི་འདུ་ཤེས་བསྒྱུར་དགོས།

 འདུ་ཤེས་ནི་འགུལ་སྐྱོད་ཀྱི་སྣེ་ཁྲིད་པ་ཡིན། སྤྱི་ཚོགས་ཀྱི་འདུ་ཤེས་སུ་ལས་རིགས་སློབ་གསོས་གོ་གནས་ག་འདྲ་ཞིག་བཟུང་བ་དེས། མི་རྣམས་ཀྱིས་ལས་རིགས་སློབ་གསོར་རྒྱབ་སྐྱོར་གང་འདྲ་ཞིག་བྱེད་པར་ཐད་ཀར་དུ་ཤུགས་རྐྱེན་ཐེབས་སྲིད། དེའི་རྐྱེན་གྱིས། རང་རྒྱལ་གྱི་སྤྱིར་བཏང་སློབ་གསོ་དང་ལས་རིགས་སློབ་གསོའི་ཁག་བགོས་སྲིད་ཇུས་ནང་། སྤྱིར་བཏང་སློབ་གསོར་སྔོན་ལ་འདེམ་པའི་དབང་ཆ་ཡོད་ཅིང་། སྦྱངས་འབྲས་བཟང་བའི་སློབ་མ་མཐོ་འབྲིང་དུ་ཞུགས་ནས་སློབ་སྦྱོང་བྱེད་ཆོག་ཅིང་། སློབ་སྦྱོང་གི་གྲུབ་འབྲས་མི་བཟང་བའི་སློབ་མ་འབྲིང་རིམ་ལས་རིགས་སློབ་གྲྭར་ཁག་བགོས་བྱེད་པ་ཡིན། སྤྱིར་བཏང་སློབ་གསོ་དང་ལས་རིགས་སློབ་གསོའི་གོ་གནས་འདྲ་མཉམ་མིན་པས། ལས་རིགས་སློབ་གྲྭའི་སློབ་མར“སྦྱངས་འབྲས་མི་ལེགས་པའི་སློབ་མ”དང“རྒྱུགས་མ་འཕྲོད་པའི་སློབ་མ”ཞེས་པའི་མིང་ཐོགས་ཡོད་པ་དང་། དེ་ནི་སྤྱི་ཚོགས་ཡོངས་ཀྱིས“སྤྱིར་བཏང་སློབ་གསོར་མཐོང་ཆེན་དང་ལས་རིགས་སློབ་གསོར་མཐོང་ཆུང་བྱེད་པའི”འདུ་ཤེས་ཀྱི་འབྱུང་གཞིར་གྱུར་ཡོད། དེར་མ་ཟད་རང་རྒྱལ་གྱི་སྲོལ་རྒྱུན་འདུ་ཤེས་ཁྲོད་སློབ་གཉེར་བརྒྱུད་རིམ་ཡོད་པའི་སློབ་གསོར་མཐོང་ཆེན་བྱེད་ཅིང་། ལག་རྩལ་གསོ་སྦྱོང་ལ་མཐོང་ཆུང་བྱེད་པ་དེས། ལས་རིགས་སློབ་གསོའི་འཕེལ་རྒྱས་ལ་ཤུགས་རྐྱེན་ངན་པ་ཐེབས་བཞིན་འདུག། མི་རིགས་ཀྱི་སེམས་ཁམས་ཁྱད་པར་བ་དེའི་དབང་གིས། བོད་ཁུལ་གྱི་ལས་ཞུགས་འདུ་ཤེས་དེ་ནང་ལོགས་དང་བསྡུར་ན་ཁྱད་པར་ཧ་ཅང་ཆེ་ལ། ལས་རིགས་སློབ་གསོར་མཐོང་ཆུང་བྱེད་པའི་སྣང་ཚུལ་དེ་ཡང་བོད་ཁུལ་དུ་དེ་བས་འབུར་དུ་ཐོན་པ་རེད། སྤྱི་ཚོགས་ཀྱིས་ལས་རིགས་སློབ་གསོའི་ཕྱོགས་ཞེན་དེ་བསྒྱུར་དགོས་ན། ང་ཚོས་ངེས་པར་དུ་ལས་རིགས་སློབ་གསོར་འཕེལ་རྒྱས་ཀྱི་ཁོར་ཡུག་དང་ངང་ཚུལ་ལེགས་པོ་ཞིག་གསར་སྐྲུན་བྱེད་དགོས།

 མི་རིགས་ས་ཁུལ་གྱི་ཁྱིམ་བདག་དང་སློབ་མའི་སྣེ་ཁྲིད་དེ། ལས་རིགས་སློབ་གསོའི་འདུ་ཤེས་བསྒྱུར་དགོས་ན་ཕྱོགས་མང་པོ་ནས་མགོ་འཛུགས་དགོས། ཐོག་མར། རྒྱལ་ཁབ་ཀྱི་སྲིད་ཇུས་ཕྱོགས་ནས་ལས་རིགས་སློབ་གསོའི་འཕེལ་རྒྱས་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་ཏེ། ལས་རིགས་འཇོན་མིའི་སྤྱི་ཚོགས་ཀྱི་ཐོབ་ཐང་དང་གོ་གནས་མཐོ་རུ་གཏོང་བར་ཧུར་བརྩོན་བྱེད་པ་དང་།ལག་རྩལ་ཅན་གྱི་འཇོན་མི་ནར་སོན་པར་ཕན་པའི་སྐུལ་སློང་གི་ལམ་སྲོལ་ཆགས་སུ་འཇུག་དགོས། དེ་ནས། ལས་རིགས་སློབ་གསོ་རང་སྟེང་ནས་རང་གི་གནས་ངེས་མ་ནོར་བར་བཙལ་ཏེ། འབད་བརྩོན་སྒོས་སློབ་སྒྲུབ་སྤུས་ཚད་མཐོ་རུ་འདེགས་པ་དང་། ལས་རིགས་སློབ་གསོའི་མཁོ་འདོན་ཕྱོགས་ཀྱི་བཅོས་སྒྱུར་ལེགས་པོར་བསྒྲུབ་པ། རང་སྟེང་གི་ཡིད་དབང་འགུག་ནུས་དང་སྙན་གྲགས་ནན་ཏན་སྒོས་མཐོར་འདེགས་གཏོང་བ། ལས་རིགས་སློབ་གསོའི་སློབ་སྦྱོང་བྱེད་མཁན་ལ་རང་སྟེང་གི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པའི་བགྲོད་ལམ་ཞིག་ཡོད་ཐུབ་པར་ཁག་ཐེག་བྱས་ཏེ། མི་ཚེ་དོན་ལྡན་དུ་གཏོང་བའི་སྟེགས་བུ་ཞིག་ཏུ་བརྒྱུད་དགོས། འདི་ལྟར་བྱས་ཚེ། ད་གཟོད་སློབ་མ་དང་ཁྱིམ་བདག་གི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་སེལ་ཐུབ། དེར་བརྟེན་རང་རྟོགས་དང་རང་འགུལ་སྒོས་ལས་རིགས་སློབ་གསོ་གདམ་ངེས་ཡིན། གཞན་ཡང་། མི་སྤྱོད་ལས་ཁུངས་ཀྱིས། ལས་རིགས་སློབ་གསོ་དང་ལས་རིགས་འཇོན་མིར་ལྟ་ཚུལ་ཇི་འདྲ་ཞིག་བཟུང་ཡོད་པ་དེས་ཀྱང་ལས་རིགས་སློབ་གསོའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ངེས་ཡིན། བོད་ཁུལ་དུ་ཁེ་ལས་མང་ཤོས་ཀྱིས། ལས་མི་བཀོལ་སྤྱོད་བྱེད་པའི་ལྟ་བ་ཅུང་ཟད་རྗེས་ལུས་ཡིན། དེའི་མཚོན་སྟངས་གཙོ་བོ་ནི། རང་སྟེང་གི་འཇོན་མི་དགོས་མཁོའི་སྒྲིག་གཞིར་སྣང་མེད་བྱས་ཏེ། སྔར་བཞིན་སློབ་གཉེར་བརྒྱུད་རིམ་བླ་ན་མཐོ་བའི་འདུ་ཤེས་ཀྱིས་ཁ་ལོ་སྒྱུར་བཞིན་ཡོད་ཅིང་། སློབ་གཉེར་བརྒྱུད་རིམ་ཇི་ལྟར་མཐོ་ན་དེ་ལྟར་བཀོལ་སྤྱོད་བྱེད་རིན་ཡོད་པར་འདོད་ཀྱིན་འདུག ལག་རྩལ་ཅན་གྱི་འཇོན་མིས་ཁེ་ལས་ཁྲོད་དུ་ནུས་པ་ཐོན་པའི་གལ་ཆེན་རང་བཞིན་ལ་ཤེས་རྟོགས་ལེན་ཚད་ད་དུང་འདང་མེད་ཅིང་། ལས་རིགས་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མ་ཅུང་སྣང་མེད་དུ་འཇོག་པ་ཡིན། དེའི་རྐྱེན་གྱིས། ལས་མི་བཀོལ་སྤྱོད་བྱེད་པའི་ལས་ཁུངས་ཀྱི་འདུ་ཤེས་བསྒྱུར་དགོས་པ་ལ། ཕྱོགས་གཅིག་ནས་སློབ་གཉེར་བརྒྱུད་རིམ་བླ་ན་མཐོ་བའི་འདུ་ཤེས་དེ་དོར་ནས། འཇོན་མི་དགོས་མཁོའི་འཆར་གཞི་ལེགས་པོར་བསྒྲུབ་པ་དང་། རང་སྟེང་ནས་འཕེལ་རྒྱས་སུ་གཏོང་བར། རིམ་པ་མི་འདྲ་བའི་འཇོན་མིའི་དགོས་མཁོ་བསྐངས་ནས། ལས་གནས་གང་དེར་མཁོ་བའི་འཇོན་མི་ཐོབ་པར་གྱུར་ཅིང་། དེས་ཀྱང་རང་གི་འཇོན་ནུས་འདོན་སྤེལ་བྱེད་ཐུབ་པ་ཞིག་འབྱུང་དགོས། ཕྱོགས་གཞན་ཞིག་ནས། ཚན་རིག་ལག་རྩལ་གྱི་གོང་འཕེལ་དང་། ཐོན་ལས་སྒྲིག་གཞི་འཐུས་ཚང་དང་རིམ་པ་འཕར་བ་དང་བསྟུན་ནས། ལག་རྩལ་ཅན་གྱི་འཇོན་མིས་མ་འོངས་པར་སྔར་ལས་གལ་ཆེ་བའི་ནུས་པ་འདོན་པ་དང་། ལག་རྩལ་ཅན་གྱི་འཇོན་མི་གསར་སྤེལ་དང་སྐྱེད་སྲིང་། བཀོལ་སྤྱོད་བྱེད་པ་བཅས་ལ་མཐོང་ཆེན་བྱེད་པ་དེར་ཤེས་རྟོགས་གང་ལེགས་བྱེད་དགོས།

གཉིས། སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་བྱེད་པ་སྙིང་བོར་བཟུང་ནས། སྟོབས་ཤུགས་ཆེན་པོས་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས།


    ལས་རིགས་སློབ་གསོ་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྒུལ་ཤུགས་ནི་སློབ་ཁྲིད་ཀྱི་སྤུས་ཚད་ལ་ཐུག་ཡོད་པ་དང་། སློབ་ཁྲིད་སྤུས་ཚད་ཀྱི་མཐོར་འདེགས་ནི་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་ཐུག་ཡོད་པ་རེད། ཚིག་གཅིག་གིས་བརྗོད་ན། དགེ་རྒན་ནི་ལས་རིགས་སློབ་གསོའི་རྩ་བ་ཡིན། དགེ་རྒན་དཀོན་ཞིང་ཕྱོགས་ཡོངས་ཀྱི་སྤུས་ཚད་ཞན་པ་ནི་ལས་རིགས་སློབ་གསོའི་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བའི་རྒྱུ་རྐྱེན་གཙོ་བོའི་ནང་གི་གཅིག་ཡིན། དེའི་རྐྱེན་གྱིས། སྟོབས་ཤུགས་ཆེན་པོས་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་བྱེད་པ་ནི། ཧ་ཅང་གལ་ཆེ་ཞིང་ཤུགས་རྐྱེན་གཏིང་ཟབ་པའི་ལས་འགན་ཞིག་ཡིན། 《ཇུས་གཞི》ནང་གསལ་བ་ལྟར་ན། “ནུས་པ་ཟུང་ལྡན”གྱི་དགེ་རྒན(དུས་མཚུངས་སུ་གཞུང་ལུགས་སློབ་ཁྲིད་དང་ལག་ལེན་སློབ་ཁྲིད་ཀྱི་ནུས་པ་ལྡན་པའི་དགེ་རྒན)གྱིས་ཆེད་ལས་དགེ་རྒན་སྤྱིའི་ཕྱེད་ཀ་ལས་བརྒལ་ཡོད། བོད་ཁུལ་དུ་དམིགས་འབེན་འདི་མངོན་འགྱུར་འབྱུང་དགོས་ན། ད་དུང་ལམ་ཐག་ཧ་ཅང་རིང་པོ་ཞིག་བརྒྱུད་དགོས། བོད་ཁུལ་གྱི་ལས་རིགས་སློབ་གྲྭ་མང་པོ་ནི་སྔོན་གྱི་མི་རིགས་དགེ་འོས་སློབ་གྲྭ་དང་འཕྲོད་སྟེན་སློབ་གྲྭའི་རྨང་གཞིའི་སྟེང་བཙུགས་པ་ཡིན་པས། ལས་རིགས་ཀྱི་ནུས་རྩལ་ཅུང་མཐོན་པོ་ལྡན་པའི་ཆེད་ལས་དགེ་རྒན་ཧ་ཅང་དཀོན་པ་དང་།“ནུས་པ་ཟུང་ལྡན”གྱི་དགེ་རྒན་ནི་དེ་བས་དཀོན་པའོ། །གཞན། བོད་ཁུལ་གྱི་ལས་རིགས་སློབ་གྲྭའི་སློབ་མ་མང་ཆེ་ཤོས་ཞིང་འབྲོག་ས་ཆ་ནས་ཡོང་བ་ཡིན་པས། ཆུང་དུས་ནས་བཟུང་རང་གི་ཕ་སྐད་ཁོར་ཡུག་ནས་ནར་སོན་པ་ཡིན་ཞིང་། རང་གི་ཕ་སྐད་ཀྱི་ཆུ་ཚད་ཧ་ཅང་བཟང་ཡང་། རྒྱ་ཡིག་གི་ཁོར་ཡུག་མེད་པས། སློབ་མ་མང་ཆེ་བའི་རྒྱ་ཡིག་གི་ཆུ་ཚད་ཅུང་ཞན། གལ་ཏེ་དགེ་རྒན་གྱིས་རྒྱ་ཡིག་གཅིག་པུ་བཀོལ་ནས་སློབ་ཁྲིད་བྱས་ན། སློབ་མའི་གོ་ནུས་ལ་ཚད་ཡོད་པས། ཤེས་བྱ་དང་ལག་རྩལ་མང་པོར་གོ་བ་ལེན་པ་དང་ཁོང་དུ་ཆུད་དཀའ་ལ། མ་འོངས་པར་སློབ་ཁྲིད་སློབ་གསོའི་ལས་ཆོད་ཇེ་དམའ་རུ་སོང་ནས་སྔོན་དཔག་གི་གྲུབ་འབྲས་སུ་སླེབས་མི་ཐུབ་པའོ། ། དེ་བས་བོད་རྒྱ་སྐད་གཉིས་ལ་མཁས་པའི་དགེ་རྒན་གྱིས་སློབ་ཁྲིད་བྱས་ན། སློབ་མའི་སློབ་སྦྱོང་གི་གེགས་རྐྱེན་ཇེ་ཉུང་དུ་འགྲོ་ལ། སློབ་སྦྱོང་གི་གྲུབ་འབྲས་ཇེ་བཟང་དུ་འགྲོ་བ་ཡིན། དགེ་རྒན་བདམས་ནས་གསོ་སྦྱོང་ལ་ཞུགས་དུས། ངེས་པར་དུ་སྐད་གཉིས་དགེ་རྒན་གྱི་ནུས་པ་སྐྱེད་སྲིང་བྱེད་པ་གཙིགས་ཆེན་དུ་འཛིན་དགོས། འདི་ལྟར་བྱས་ན་ད་གཟོད་དགེ་རྒན་དང་སློབ་མས་སློབ་ཁྲིད་ཀྱི་ཕྱི་ནང་གང་དུའང་ཕན་ཚུན་བསམ་བློ་བརྗེ་རེས་དང་འབྲེལ་འདྲིས་བྱས་ཆོག། དེ་ནི་སློབ་ཁྲིད་ཀྱི་སྤུས་ཚད་ཁག་ཐེག་བྱེད་པར་ཕན་ལ། སློབ་མའི་སློབ་སྦྱོང་གི་བརྩོན་སེམས་མཐོར་འདེགས་བྱེད་པར་ཡང་ཕན་ནོ། །

གསུམ། ཧུར་བརྩོན་སྒོས་ཐོན་ལས་དང་སློབ་ཁྲིད། སློབ་གྲྭ་དང་ས་གནས། སློབ་གྲྭ་དང་ཁེ་ལས་བཅས་མཉམ་སྦྲེལ་བྱེད་པར་སྐུལ་འདེད་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་མཐོར་འདེགས་གཏོང་དགོས།

སྒྲིག་གཞི་དང་ལམ་སྲོལ་འཐུས་ཚང་མ་ཡིན་པའི་དབང་གིས། བོད་ཁུལ་དུ་ཐོན་ལས་དང་སློབ་ཁྲིད་མཉམ་འདྲེས། ཁེ་ལས་དང་སློབ་གྲྭ་མཉམ་སྒྲུབ་ཀྱི་ཕྱོགས་ནས་སྲིད་གཞུང་དང་ལས་རིགས། ཁེ་ལས་བཅས་ཀྱིས་མཉམ་དུ་འདོན་པའི་ནུས་ཤུགས་མི་འདང་བས། ཁེ་ལས་དང་སློབ་གྲྭས་མཉམ་སྒྲུབ་བྱས་ན“ཕྱོགས་གཅིག་ཚ་བ་དང་ཕྱོགས་གཅིག་འཁྱག་པའི”གནད་དོན་ཡོངས་ཁྱབ་ཏུ་གནས། ས་ཆ་ཁ་ཤས་སུ་ལས་རིགས་སློབ་གསོ་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་ནང་བླངས་མེད་ཅིང་། ལས་རིགས་སློབ་གསོ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བར་འབྲེལ་བ་ཆད་པ་དང་། འཇོན་མི་སྐྱེད་སྲིང་དང་བཀོལ་སྤྱོད་ཡ་བྲལ་དུ་གྱུར་པའི་སྣང་ཚུལ་མངོན་འདུག། སྲིད་གཞུང་གིས་གཙོ་ཁྲིད་དང་ལས་རིགས་ཀྱིས་མཛུབ་སྟོན། ཁེ་ལས་དང་སྤྱི་ཚོགས་ཀྱིས་ཐེ་གཏོགས་བྱེད་པའི་སློབ་སྒྲུབ་སྒྲིག་གཞི་དེ་ད་དུང་ཆགས་མེད་པས། ལས་རིགས་དང་ཁེ་ལས་དེ་ལས་རིགས་སློབ་གསོའི་ནང་ཞུགས་པའི་ཧུར་སེམས་མི་འདང་བ་དང་། ཁེ་ལས་དང་སློབ་གྲྭ་མཉམ་འབྲེལ་གཏིང་ཟབ་མིན་པ། མང་ཆེ་བ་ནི་སློབ་མ་ཁེ་ལས་ནང་ཞུགས་ནས་ལྟ་སྐོར་དངོས་སྦྱོང་བྱེད་པ་སོགས་རིམ་པ་མི་ཟབ་པའི་མཉམ་འབྲེལ་ཙམ་དང་། ལྷག་པར་དུ་འབྲིང་རིམ་ལས་རིགས་སློབ་གྲྭས། ལས་སློབ་ཟུང་འབྲེལ་དང་ཁེ་ལས་དང་སློབ་གྲྭ་མཉམ་འབྲེལ་སྒོས་འཇོན་མི་སྐྱེད་སྲིང་བྱེད་པའི་མ་དཔེ་སྐུལ་འདེད་བྱེད་པར་དཀའ་ཁག་ཅུང་ཆེ་བས། འཇོན་མི་སྐྱེད་སྲིང་བྱེད་པའི་སྤུས་ཚད་དང་ལས་ཞུགས་སྤུས་ཚད་མི་མཐོ་བ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་སྟོབས་ཞན་པར་གྱུར། གཞན། བོད་ཁུལ་དུ་ཁེ་ལས་ཉུང་ཞིང་གཞི་རྒྱ་ཆུང་བས། ནང་ལོགས་ཀྱི་སྒེར་གཉེར་ཁེ་ལས་གཙོར་བཟུང་ན། ནང་ལོགས་ཀྱི་ཁེ་ལས་ཁ་ཤས་བོད་ཁུལ་དུ་ཡོང་ནས་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཀྱིན་ཡོད། ཡིན་ཡང་དངོས་གཟུགས་སྔར་བཞིན་ནང་ལོགས་སུ་ཡོད། ས་འདི་ན་དངོས་གཟུགས་ཡོད་པའི་ཁེ་ལས་ལྟོས་བཅས་སུ་ཉུང་ཞིང་། སློབ་གྲྭ་ལ་མཚོན་ན་ཆེད་ལས་སྒྲིག་འགོད་དང་མཉམ་ལས་སྐྱེད་སྲིང་། དངོས་སུ་སྦྱོང་བརྡར་བྱེད་པ་སོགས་ཀྱི་ཕྱོགས་ནས་བྱེད་ནུས་ཐོན་པ་གསལ་བོ་མིན། ཐོན་ལས་དང་སློབ་ཁྲིད། སློབ་གྲྭ་དང་ས་གནས། སློབ་གྲྭ་དང་ཁེ་ལས་བཅས་མཉམ་སྦྲེལ་བྱེད་པ་ནི་ལས་རིགས་སློབ་གསོའི་ཁྱད་ཆོས་མངོན་པར་མཚོན་བྱེད་དང་། སྐྱེ་སྟོབས་རྒྱུན་འཁྱོངས་བྱེད་པའི་ནང་གནས་ཀྱི་བླང་བྱ་ཡིན། བོད་ཁུལ་གྱི་ལས་རིགས་སློབ་གྲྭའི་དོ་དམ་སྒྲིག་གཞི་སྔར་ལས་ལྷག་པར་བཅོས་སྒྱུར་བྱེད་དགོས་ན། མཐོ་རིམ་ལས་རིགས་སློབ་གྲྭས། འབྲེལ་ཡོད་ལས་རིགས་ལ་དམ་པོར་བརྟེན་ནས། ཚོགས་པ་ཅན་གྱི་སློབ་གྲྭ་བསྒྲུབ་པར་སྐུལ་འདེད་བྱེད་པ་དང་། སློབ་གསོའི་སྦྲེལ་མཐུད་དང་ཐོན་ལས་སྦྲེལ་མཐུད་གཉིས་མཉམ་སྦྲེལ་དམ་ཚགས་བྱེད་པ་མངོན་འགྱུར་བྱེད་དགོས། མཐོ་རིམ་ལས་རིགས་སློབ་གྲྭས་ཀྱང་། ས་གནས་ཀྱི་དཔལ་འབྱོར་ཐོན་ལས་ཁུལ་དང་མཉམ་སྒྲུབ་བྱས་ཏེ། མཉམ་འབྲེལ་སྒོས་སློབ་གྲྭ་བསྒྲུབ་ཆོག། འབྲིང་རིམ་ལས་རིགས་སློབ་གྲྭས། སྔར་ལས་འབྲེལ་བ་དམ་ཟབ་སྒོས་རྫོང་ལ་གཏོགས་པའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མཉམ་སྦྲེལ་བྱས་ནས། ས་གནས་སྲིད་གཞུང་གིས་ལས་རིགས་སློབ་གསོར་འཁྲིད་སྟོན་བྱེད་པར་སྔར་ལས་ལྷག་པར་ཤུགས་སྣོན་དགོས། ལས་རིགས་ཁེ་ལས་དེ་ཆེད་ལས་སློབ་ཁྲིད་དང་ལས་སྐལ་ཚབ་སྒྲུབ་དངོས་སྦྱོང་། ལས་གནས་ཐོབ་ཐང་གི་དཔང་ཡིག་སོགས་ཀྱི་ཕྱོགས་ནས་ཚད་ལྡན་གཏན་འབེབས་དང་སློབ་ཁྲིད་གདེང་འཇོག་བྱེད་པར་འཁྲིད་སྟོན་བྱེད་དགོས།

བཞི། མི་རིགས་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་དམིགས་ནས། ལས་རིགས་སློབ་གྲྭའི་ཆེད་ལས་སྒྲིག་གཞི་ལེགས་སྒྱུར་བྱེད་དགོས།

ད་ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་བྱ་བའི་སྙན་ཞུ་ནི། ཉེ་བའི་ལོ་འགའི་རིང་སྲིད་གཞུང་བྱ་བའི་སྙན་ཞུ་ཁྲོད་ལས་རིགས་སློབ་གསོ་གླེང་གྲངས་ཆེས་མང་བ་དང་། ཆེས་ཕྲ་ཞིང་ཞིབ་པའི་ཐེངས་ཤིག་ཡིན། ད་ལོའི་ལོ་མགོར《ཇུས་གཞི》དངོས་སུ་བཏོན་པ་ལ་སོགས་རིམ་པ་མི་འདྲ་བའི་ཕྱོགས་ནས། རྒྱལ་ཁབ་འཕེལ་རྒྱས་ལ་ཉེ་བར་མཁོ་བའི་རིགས་སོ་སོའི་ལག་རྩལ་དང་ནུས་རྩལ་ཐད་ཀྱི་འཇོན་མི་མགྱོགས་མྱུར་ངང་སྐྱེད་སྲིང་བྱེད་པའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་དེ་གསལ་བཤད་བྱས་འདུག། ཡིན་ནའང་། བོད་ཁུལ་གྱི་ལས་རིགས་སློབ་གྲྭ་མང་ཆེ་བར“སློབ་མ་བསྡུ་དཀའ་བའི”གནད་དོན་གནས་འདུག། ཕྱོགས་གཅིག་ནས། སྤྱི་ཚོགས་ཀྱིས་ལས་རིགས་སློབ་གསོར་ཕྱོགས་རིས་ཀྱི་ལྟ་ཚུལ་ཆེན་པོ་ཡོད་པའི་དབང་གིས། སློབ་མ་མཐར་ཕྱིན་རྗེས་ལས་ཞུགས་ཀྱི་དཀའ་ཁག་ལ་འཕྲད་ཀྱིན་ཡོད་པ་དང་། དེའི་སྟེང་ལས་རིགས་སློབ་གསོ་འཕེལ་རྒྱས་ཀྱི་ཁྲོད་དུ་གནད་དོན་མང་པོ་ཞིག་མདུན་དུ་ལྷགས་ཀྱིན་ཡོད་པ་སྟེ། རང་སྟེང་གི་འགུག་ནུས་མི་འདང་བ། མཚན་སྙན་མི་ཆེ་བ་བཅས་ཀྱི་དབང་གིས། བོད་ཁུལ་གྱི་ལས་རིགས་སློབ་གསོར་ཡོངས་ཁྱབ་ཏུ་གནས་པའི“སློབ་མ་བསྡུ་དཀའ་བའི”དངོས་ཡོད་གནད་དོན་བྱུང་བ་རེད། ཕྱོགས་གཞན་ཞིག་ནས། “སློབ་མ་བསྡུ་དཀའ་བ”དེ་ནི་བོད་ཁུལ་གྱི་ལས་རིགས་སློབ་གྲྭའི་ཆེད་ལས་སྒྲིག་གཞི་ལུགས་མཐུན་མིན་པས། བོད་ཁུལ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་བསྐང་མ་ཐུབ་པའི་མཇུག་འབྲས་ཀྱང་ཡིན། གཙོ་བོ་ཕྱོགས་འདི་དག་ལས་མངོན་ཏེ།

དང་པོ། ལས་རིགས་སློབ་གྲྭ་ཁག་ཅིག་གིས་ཆེད་ལས་སྒྲིག་འགོད་བྱེད་པར་རྨོངས་ཚོད་སྒོས་རྒྱལ་ཡོངས་ཀྱི་ས་ཁུལ་གཞན་དག་གི་ལས་རིགས་སློབ་གྲྭའི་ཆེད་ལས་ལ་ཟུར་ལྟ་བྱས་ཡོད། དེ་ནི“ཆུ་སྣ་གར་ཁྲིད”ཀྱི་ཕྱོགས་ལྷུང་ལྡན་ཞིང་། ཆེད་ལས་སྒྲིག་འགོད་བྱེད་པ་ཆེ་ཞིང་ཆ་ཚང་བ། ཟེར་སྒྲོས་སུ་འབྲངས་པའི་སྣང་ཚུལ་ལྟོས་བཅས་སུ་ཁྱབ་བརྡལ་དུ་གྱུར་པ། བོད་ཁུལ་རང་སྟེང་གི་ཁྱད་ཆོས་ལ་བསམ་བློ་གང་ལེགས་བཏང་མེད་པ། བོད་ཁུལ་གྱི་དོན་དངོས་དགོས་མཁོ་དང་ཁ་བྲལ་དུ་སོང་བ་ཅུང་ཚབས་ཆེན་ཡིན་པ་བཅས་ཀྱི་དབང་གིས། མཇུག་མཐར་སློབ་མའི་ལས་ཞུགས་ཀྱི་ལས་གནས་ཉུང་ཞིང་། ལས་ཞུགས་བྱེད་དཀའ་བར་གྱུར་པའོ། །

གཉིས་པ། ཆེད་ལས་ཁ་ཤས་སྒྲིག་འགོད་བྱས་པ་མང་དྲགས་ཏེ། ཚད་ལས་བརྒལ་བའི་རྣམ་པ་བྱུང་འདུག། དཔེར་ན། མཚོ་སྔོན་བོད་ཁུལ་གྱི་ཁུལ་སྒྲུབ་ལས་རིགས་སློབ་གྲྭ་དྲུག་གིས། ནད་གཡོག་དང་སློབ་སྔོན་སློབ་གསོའི་ཆེད་ལས་གསར་འཛུགས་བྱས་ཡོད་པ་ལྟ་བུའོ། །

གསུམ་པ། མི་རིགས་ཀྱི་ཁྱད་ཆོས་མངའ་བའི་ཆེད་ལས་ཁ་ཤས་ལ། སློབ་བསྡུ་འཆར་གཞིའམ་གཞི་ཁྱོན་གྱི་ཚད་བཀག་ཐེབས་པའི་དབང་གིས། སློབ་བསྡུའི་གཞི་ཁྱོན་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད། དཔེར་ན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྨན་དང་རེབ་གོང་སྒྱུ་རྩལ་ལ་སོགས་པའི་ཁྱད་ཆོས་ལྡན་པའི་ཆེད་ལས་ལ། རང་ས་གནས་དང་ཐ་ན་ས་ཁུལ་གཞན་པའི་མིས་ཀྱང་དགའ་བསུ་བླ་ལྷག་བྱེད་ཀྱིན་ཡོད་མོད། འོན་ཀྱང་སློབ་བསྡུའི་འཆར་གཞིར་ཚད་ཡོད་པས། སློབ་བསྡུ་བྱས་ཀྱང་སློབ་བསྡུའི་འཆར་གཞིའི་ནང་མི་ཚུད་པས་ཐོ་འགོད་བྱ་ཐབས་བྲལ་བ་ལྟ་བུའོ། །

རང་རྒྱལ་མི་རིགས་ས་ཁུལ་དུ་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་ཡོད་པ་མ་ཟད། ད་དུང་ཁྱད་ཆོས་ཀྱིས་ཕྱུག་པའི་མི་ཆོས་ཐོན་ཁུངས་ཀྱང་ཕུན་སུམ་ཚོགས་པ་ཡོད། གལ་ཏེ་ཐོན་ཁུངས་འདི་དག་ནུས་ལྡན་གྱི་སྒོ་ནས་གསར་སྤེལ་དང་བེད་སྤྱོད་བྱ་ཐུབ་ཚེ། ས་གནས་དེ་གའི་དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་རྒྱུ་ནོར་འཕར་སྣོན་བྱེད་ཐུབ། ས་ཁུལ་སོ་སོའི་ཐོན་ཁུངས་ཀྱི་ཁྱད་གཤིས་དང་ལམ་ལུགས་བཀོད་སྒྲིག་གི་ཁྱད་པར་གྱི་དབང་གིས། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དང་ཐོན་ལས་གྲུབ་ཚུལ་གྱི་ཁྱད་ཆོས་མི་འདྲ་བ་དེ་གྲུབ་པ་རེད། དེའི་ཕྱིར། ལས་རིགས་སློབ་གྲྭས་ཆེད་ལས་ཅི་ཞིག་སྒྲིག་འགོད་བྱེད་པ་དང་། འཇོན་མི་ཅི་ལྟ་བུ་ཞིག་སྐྱེད་སྲིང་བྱ་རྒྱུ་དེ། ངེས་པར་དུ་ས་གནས་དེ་གའི་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་གཞི་གཅིག་ཏུ་འབྲེལ་ན། ད་གཟོད་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་ནུས་པ་གལ་ཆེན་འདོན་ཐུབ་པའི་འཇོན་མི་སྐྱེད་སྲིང་བྱེད་པ་དང་། ས་གནས་དེ་གའི་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་བླ་མེད་འཇོག་ཐུབ།

ས་གནས་དེ་གའི་ལས་རིགས་སློབ་གྲྭས་ངེས་པར་དུ་ས་གནས་དེ་གའི་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་གཞིར་འཛིན་པ་དང་། ཆེད་ལས་ཀྱི་སྒྲིག་གཞི་ཇེ་ལེགས་སུ་བཏང་ནས། གྲངས་ཀ་ཉུང་ལ་ཉིང་བཅུད་ལྡན་པའི་ཁྱད་ལྡན་ཆེད་ལས་ལེགས་པོར་བསྒྲུབ་དགོས། བྱེ་བྲག་ཏུ་གླེང་ན། ཕྱོགས་གཅིག་ནས་ས་གནས་དེ་གའི་སྒྲིག་གཞི་ལེགས་སྒྲིག་དང་། ཕྱོགས་སྒྱུར་འཕེལ་རྒྱས་བྱེད་པར་ལག་རྩལ་དང་ནུས་རྩལ་ཟུང་ལྡན་གྱི་འཇོན་མི་མཁོ་བ་དེར་གཅིག་གྱུར་གྱི་བསམ་བློ་བཏང་ནས། ལས་རིགས་སློབ་གྲྭ་དང་ཆེད་ལས་ཀྱི་རིག་གཞུང་ཚན་ཁག་བཀོད་སྒྲིག་དང་སྒྲིག་འགོད་བྱས་ན། ལས་རིགས་སློབ་གྲྭར་སློབ་མའི་ཡོང་ཁུངས་ཡོད་པ་དང་། བཙུགས་ཡོད་པའི་ཆེད་ལས་གདམ་མཁན་ཡོད་པར་ཁག་ཐེག་བྱས་ཆོག་ལ། ས་གནས་དེ་གར་མཁོ་བའི་འཇོན་མི་སྐྱེད་སྲིང་བྱས་ཀྱང་ཆོག ཕྱོགས་གཞན་ཞིག་ནས། ལས་འགན་རྨང་གཞིར་འཛིན་པ་དང་། ལས་རིགས་རྩ་བར་འཛིན་པའི་ལས་རིགས་སློབ་གསོ་ལ་ཞབས་འདེགས་ཞུ་བའི་སློབ་སྒྲུབ་ཀྱི་དགོངས་དོན་རྒྱུན་འཁྱོངས་བྱས་ཏེ། ཆེད་ལས་དཔྱད་འཇོག་དང་ལམ་ལུགས་ལེགས་བཅོས་ཀྱི་སྲོལ་བཙུགས་ནས། སློབ་གྲྭའི་ཆེད་ལས་དེ་ཐོན་ལས་སྒྲིག་གཞིའི་འགྱུར་ལྡོག་དང་བསྟུན་ནས་ལེགས་བཅོས་བྱེད་པ་དང་། སྤྱི་ཚོགས་ཀྱི་དགོས་མཁོ་མི་ཆེ་བ་དང་། ལས་རིགས་འཇོན་མི་ལྷག་དྲགས་པ། ཆེད་ལས་ཀྱི་དགེ་མཚན་མངོན་གསལ་མིན་པ། མཐར་ཕྱིན་སློབ་མའི་ལས་ཞུགས་ཀྱི་ཚད་དམའ་བའི་ཆེད་ལས་བཅས་ལ་གཟབ་ནན་གྱིས་ཚོད་འཛིན་བྱེད་དགོས། ཆེད་ལས་སྒྲིག་འགོད་བྱེད་པར“ཁྲོམ་རར་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་། འཇོན་མིའི་དགོས་མཁོ་ལ་དབྱེ་ཞིབ་དང་སྔོན་དཔག་བྱེད་པ། ལས་རིགས་དང་ཁེ་ལས་ཀྱི་ཆེད་མཁས་པས་རིགས་སྒྲུབ་བྱེད་པ”ལ་སོགས་པའི་གཞི་རྩའི་གོ་རིམ་གཞིར་བཟུང་སྟེ། ཚན་རིག་དང་མཐུན་པར་ཆེད་ལས་མི་སྣ་གསོ་སྐྱོང་བྱེད་པའི་ཇུས་གཞི་བཟོ་བ་ལས། རྨོངས་ཚོད་ཀྱིས་ཆེད་ལས་སྒྲིག་འགོད་དང་བསྐྱར་འཛུགས་མི་བྱའོ། །

མི་རིགས་ས་ཁུལ་གྱི་ལས་རིགས་སློབ་གསོ་དེ་དངོས་ཡོད་ཀྱི་སྤྱི་ཚོགས་འབྲེལ་བའི་ཁྲོད་གནས་ཤིང་། དེ་ལ་མི་རིགས་རང་བཞིན་དང་ཡུལ་ཁམས་རང་བཞིན་གྱི་ཁྱད་ཆོས་མངོན་གསལ་ལྡན། བྱེ་བྲག་ཏུ་ཆབ་སྲིད་དང་། སྤྱི་ཚོགས་དང་རིག་གནས་ཀྱི་རྒྱབ་ལྗོངས་འོག་ཏུ་ལག་ལེན་སློབ་གསོའི་བྱ་འགུལ་སྤེལ་ནས་བླངས་པའི་གྲུབ་འབྲས་ནི་ཀུན་གྱིས་མཐོང་གསལ་དུ་སྣང་ལ། དེ་ལ་གནས་པའི་གནད་དོན་ཡང་མཐོང་ཆུང་དང་སྣང་མེད་དུ་མི་བསྐྱུར་བར། ང་ཚོས་དག་སེལ་དང་ཐག་གཅོད་ཡང་དག་བྱ་དགོས་སོ། །

མི་རིགས་ས་ཁུལ་གྱི་ལས་རིགས་སློབ་གསོའི་བཅོས་སྒྱུར་དང་འཕེལ་རྒྱས་ནི་མ་ལག་བཟོ་བཀོད་ཆེན་པོ་ཞིག་ཡིན་པས། སྤྱི་ཚོགས་སྟེང་གི་ལས་རིགས་ཁག་གིས་ཐུགས་ཁུར་དང་རྒྱབ་སྐྱོར། ནང་དུ་ཞུགས་པ་བཅས་བྱེད་དགོས། མི་རིགས་ས་ཁུལ་གྱི་ལས་རིགས་སློབ་གྲྭ་ནི། ངེས་པར་དུ་ས་གནས་དེ་གའི་ཕུན་སུམ་ཚོགས་ཤིང་འཐུས་སྒོ་ཚང་བའི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གཤིན་སའི་སྟེང་དུ་རྩ་བ་ཚུགས་སུ་བཅུག་ན། ད་གཟོད་སྔར་ལས་ལྷག་པའི་འཕེལ་རྒྱས་འབྱུང་ངེས་ཡིན།

སློབ་གསོའི་ངོ་བོ་ནི་མི་སྐྱེད་སྲིང་བྱེད་པ་དེ་ཡིན་པས། མི་རིགས་ས་ཁུལ་གྱི་ལས་རིགས་སློབ་གསོའི་བཅོས་སྒྱུར་དང་འཕེལ་རྒྱས་ཐད་སྲིད་ཇུས་སྤྱད་ནས་ཤུགས་རྒྱག་སའི་གནས་ནི། ངེས་པར་དུ་མི་རིགས་ཀྱི་ཁོངས་མིའི་འཚོ་གནས་དང་འཕེལ་རྒྱས་གཙོ་གནད་དུ་བཟུང་ནས། མི་རིགས་ཀྱི་ཁོངས་མི་རྣམས་མཛེས་སྡུག་གི་འཚོ་བ་དང་། རང་སྟེང་གི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དངོས་ཡོད་དགོས་མཁོ་སྐོང་བ་གཞིར་བཟུང་ནས་ལམ་ལུགས་བཀོད་སྒྲིག་བྱེད་དགོས། དེ་ལྟར་མ་བྱས་ཚེ། ལས་རིགས་སློབ་གསོར་བཅོས་སྒྱུར་བྱེད་པའི་ཁ་ཕྱོགས་འཛོལ་ཉེན་ཆེ་ཞིང་། སྔར་ལས་མང་བའི་གནད་དོན་དང་འགལ་བ་སོགས་འབྱུང་སྲིད། དེའི་ཕྱིར། དུས་སྐབས་གསར་པའི་ནང་ལ། རིམ་པ་སོ་སོའི་སྲིད་གཞུང་དང་ལས་རིགས་སློབ་གསོའི་འབྲེལ་ཡོད་གཙོ་གཞི་ལ། ངེས་པར་དུ་ཚུགས་གནས་ཇེ་མཐོར་བཏང་སྟེ། འདུ་ཤེས་གསར་པར་བརྟེན་ནས་མི་རིགས་ས་ཁུལ་གྱི་ལས་རིགས་སློབ་གསོར་ཡང་བསྐྱར་རྟོག་ཞིབ་བྱེད་པ་དང་། བྱེད་སྟངས་གསར་པར་བརྟེན་ནས་མི་རིགས་ས་ཁུལ་གྱི་ལས་རིགས་སློབ་གསོར་སྐུལ་འདེད་གཏོང་བ། བྱ་སྤྱོད་གསར་པར་བརྟེན་ནས་མི་རིགས་ས་ཁུལ་གྱི་ལས་རིགས་སློབ་གསོ་ལེགས་པོར་འཛིན་དགོས། དེ་ལྟར་བྱས་ན། ད་གཟོད《ཇུས་གཞི》དང2019ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་བྱ་བའི་སྙན་ཞུའི་བླང་བྱ་ཕན་ནུས་ལྡན་པའི་ངང་དོན་འཁྱོལ་བྱེད་པ་དང་། མི་རིགས་ས་ཁུལ་གྱི་ལས་རིགས་སློབ་གསོའི་བཅོས་སྒྱུར་དང་འཕེལ་རྒྱས་དེ་ཐེམ་སྐས་གསར་པ་ཞིག་ཏུ་སྤོ་བར་སྔར་ལས་ལྷག་པར་སྐུལ་འདེད་གཏོང་ཐུབ་པ། མི་རིགས་ས་ཁུལ་གྱི་ཆབ་སྲིད་དང་སྤྱི་ཚོགས། དཔལ་འབྱོར། རིག་གནས། སྐྱེ་ཁམས་བཅས་འཆམ་མཐུན་ངང་འཕེལ་རྒྱས་གཏོང་བར་སྔར་ལས་ལྷག་པར་སྐུལ་སྤེལ་བྱེད་ཐུབ་བོ། ། (རྟ་མགྲིན་ཚེ་རིང་གིས་བསྒྱུར)

* སྐལ་བཟང་རྒྱ་མཚོ། མཚོ་སྔོན་དགེ་འོས་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1