མཚོ་སྔོན《བོད་ཀྱི་སློབ་གསོ》དུས་དེབ་ལ་བསྔགས་པད་དཀར་ཕྲེང་བ།

ནོར་བྲང་ཨོ་རྒྱན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-25


ཀ་དག་གངས་རིའི་རྒྱན་མཆོག་མཚོ་སྔོན་པོ། །

ཁ་ལྗོངས་རྣམ་འདྲེན་འཇམ་མགོན་བླ་མ་མཆོག །

ག་ལེར་བལྟམས་ཡུལ་དེང་ཡང་སྤྱན་མི་འཛུམ། །

ང་ཚོའི་མགོན་དུ་བསེ་ཚང་ལ་སོགས་བྱོན། །

ཅ་ཅོའི་ངག་མིན་ཐར་པའི་ལམ་བཟང་པོ། །

ཆ་ཚང་སྟོན་བཞིན་སྙིང་རྗེ་ཟུང་འཇུག་ལམ། །

ཇ་ཞིམ་ལྟར་སྟོན་མ་རྒན་རིགས་དྲུག་པོ། །

ཉ་མོའི་འཁྱུག་འགྲོས་ཐར་པའི་ལམ་ལ་བཀོད། །

ཏ་ཐཱ་ག་ཏཱ་རྒྱལ་བའི་བསྟན་པ་ཡིས། །

ཐ་ཆད་ལམ་ལས་མངོན་མཐོ་ངེས་ལེགས་ནས། །

ད་དུང་བདུད་བཞིའི་འཚེ་བ་རྨེག་མེད་ཀྱིས། །

ན་རྒ་འཆི་བའི་སྡུག་བསྔལ་རབ་ཏུ་བསལ། །

པ་ཝ་སངས་ལྟར་ཕུལ་བྱུང་གཞོན་ནུའི་ཚོགས། །

ཕ་ལམ་ལྟ་བུའི་དག་པ་རབ་འབྱམས་ལ། །

བ་བེར་མ་ཡིན་འགོད་པའི་དུས་དེབ་འདི། །

མ་རིག་བསལ་བའི་སློབ་གསོ་སྟོན་ལ་བསྔགས། །

ཙ་རི་བས་ལྷག་སྐུ་འབུམ་བྱ་ཁྱུང་དགོན། །


ཚ་རླབས་འཕྱུར་བའི་འདུས་སྡེའི་བཤད་སྒྲུབ་བསྟན། །

ཛ་ཡའི་ལུང་རིགས་རྣམ་པར་དག་པའི་གནད། །

ཝ་ལེར་སྟོན་པའི་འདུས་སྡེ་ཡུལ་གྲུའི་རྒྱན། །

ཞྭ་སེར་བསྟན་སོགས་གྲུབ་མཐའ་རིས་མེད་སྡེ། །

ཟ་ཟིར་མ་ཡིན་ཐུགས་མཐུན་ཁྲིམས་གཙང་གིས། །

འ་འུར་མིན་པའི་རྨད་བྱུང་སྤྱོད་བཟང་ཡང་། །

ཡ་མཚན་ངོ་མཚར་ཡུལ་དེའི་རྒྱན་དུ་མཛེས། །

ར་བ་གངས་རིས་བསྐོར་བའི་ཞིང་མཆོག་འདིར། །

ལ་ཀླུང་ཀུན་ཀྱང་དཔལ་འབྱོར་ཡར་རྒྱས་ཆེད། །

ཤ་ཚའི་གཏམ་གྱིས་འཛུགས་སྐྲུན་བྱ་དགོས་སོགས། །

ས་སྟེང་རྟག་པར་སྟོན་པའི་དུས་དེབ་བསྔགས། །

ཧ་ཅང་ཚིག་འགྲོས་གཙང་མའི་རྒྱུ་མཚན་གྱིས། །

ཨ་ནི་ཡིག་འབྲུ་མཆོག་ལྟར་རབ་སྟོན་པ། །

ཧ་ཅང་སྙན་ཚིག་ལྡན་པའི་དུས་དེབ་རྨད། །

ཨ་ཏི་ཡོ་གའི་ལྟ་བའི་ཡང་རྩེ་སོགས། །

ཧ་ཅང་མདོར་བསྡུས་ཚིག་གིས་སྐྱེ་བོའི་བློར། །

ཨ་ཕའི་ངག་བཞིན་རེ་རེ་བཞིན་སྟོན་པ། །

ཧ་ཅང་སློབ་གསོས་སྐྱེ་བོའི་ཡིད་དབང་འཕྲོག །

ས་ཀུན་མཛེས་པའི་ཡུལ་ལུང་བཀོད་པ་སོགས། །

ཤ་ཚའི་གཏམ་གྱིས་ཇི་ལྟར་བསྐྲུན་དགོས་པ། །

ལ་གཞས་ལྟ་བུས་སྐྱེ་བོའི་ཡིད་ངོ་རུ། །

ར་མ་ལུག་དཀྲི་མིན་པའི་སློབ་གསོ་ལེགས། །

ཝ་ལེར་སེམས་ལ་བཟུང་འོས་གང་དང་གང། །

ཛ་ཛོར་མིན་པར་སྟོན་པའི་གདམས་ངག་གང། །

ཚ་རླབས་འཕྱུར་བའི་ངག་གི་གནད་ཐིག་པོས། །

ཙ་ཀ་ལི་ལྟར་སྟོན་པའི་སློབ་གསོའི་དེབ། །

མ་ཚང་མེད་པའི་དྲང་པོའི་གཏམ་བཟང་པོ། །

བ་གམ་ལྟ་བུའི་ཡུལ་གྱི་འཛུགས་སྐྲུན་སོགས། །

ཕ་ཁག་བུ་དཀྲི་མེད་པར་སྐྲུན་ཅེས་གཏམ། །

ཅུང་ཟད་སྨྲས་འདི་ཐུགས་ཀྱི་དཀྱིལ་དུ་སྟིམས། །

རབ་དཀར་ལྷག་བསམ་བཟང་པོའི་ལྷ་རེག་གི །

གཤོག་ཟུང་བརྐྱངས་བྱས་ལྷ་ལྡན་ཞིང་མཆོག་ནས། །

བཅོས་མིན་གཏམ་གྱི་སྦྲུལ་འདི་འཛིན་བྱས་ནས། །

མཁའ་ལ་ལྡིང་ཁྱོད་མཚོ་སྔོན་ཕྱོགས་ལའོ། །

དགེའོ། ། ། །


* ནོར་བྲང་ཨོ་རྒྱན། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་ལས་འཁྱུར་ངལ་གསོ་གནང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1