གཞི་རིམ་སློབ་གསོའི་བསམ་གཞིག

གཅན་རོང་བསྟན་འཛིན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-25


[གནད་བཏུས] རང་རྒྱལ་གྱི་གཞི་རིམ་སློབ་གསོའི་འཕེལ་རྒྱས་དང་བསྟུན་ནས། བོད་ཁུལ་གྱི་དགེ་རྒན་དག་གིས་སློབ་ཁྲིད་དང་སློབ་གསོའི་ཐབས་ཤེས་གང་བཟང་སྤྱོད་པར་དོ་སྣང་བྱ་དགོས་པའི་ཐད་ལུང་དང་རིགས་པས་བསྒྲུབས་ཡོད།

[གནད་ཚིག] གཞི་རིམ་སློབ་གསོ། སྣ་འཛོམས། བརྩེ་སེམས། ཞིབ་ཚགས།

གཅིག སྣ་འཛོམས་མེད་ན་སློབ་གསོ་ཡོད་མི་སྲིད།


དེ་རིང་གི་གཞི་རིམ་སློབ་གསོ་ནི་འོས་འགན་སློབ་གསོར་ཤུགས་སྣོན་དང་སློབ་སྔོན་སློབ་གསོ་ཆེ་བསྒྲུབ། མཐོ་འབྲིང་སློབ་གསོ་ཁྱབ་བརྡལ་དུ་གཏོང་བའི་ཕྱོགས་བསྡུས་སྣ་འཛོམས་རང་བཞིན་གྱི་སློབ་གསོའི་གོ་སྐབས་གསར་པ་ཞིག་ལ་སླེབས་ཡོད་པས། ཆེ་ཕྱོགས་ནས་བཤད་ན། སྤྱི་ཚོགས་ཀྱི་ཟུར་སོ་སོ་དང་འབྲེལ་ཡོད་ཀྱི་མི་དང་རྩ་འཛུགས་རིམ་པ་སོ་སོའི་ནུས་པ་ཡོད་ཚད་ཕྱོགས་བསྡུས་ཡར་སྐུལ་བྱས་ནས། སློབ་གསོ་བསྒྲུབ་ཐུབ་མིན་ནི་གཞི་རིམ་སློབ་གསོ་འཕེལ་རྒྱས་ཀྱི་རྩ་བའི་ཆོས་ཉིད་དང་ཐབས་ལམ་ཉག་གཅིག་རེད། སློབ་གྲྭ་ཞིག་དང་དགེ་རྒན་རྣམས་ལ་མཚོན་ན། སློབ་གྲྭའི་རྩ་འཛུགས་རིམ་པ་ཁག་དང་དགེ་སློབ་ཁྱིམ་བདག་ཡོད་ཚད་ཀྱི་འཇོན་ནུས་སྟོབས་ཤུགས་ཡོད་ཚད་ཕྱོགས་བསྡུས་བྱས་ནས། སློབ་མའི་སྤུས་ཚད་འཕེལ་རྒྱས་ཀྱི་ཕྱོགས་དང་སློབ་མ་ཡོད་ཚད་ཀྱི་སྤུས་ཚད་འཕེལ་རྒྱས་ཀྱི་ཕྱོགས། སློབ་མ་ཡོད་ཚད་ཀྱི་སྤུས་ཚད་ཀྱི་ཕྱོགས་སོ་སོ་སྟེ། སྐད་རྩིས་རྒྱ་ཡིག་རྫས་དངོས་ཀུན་སྤྱོད་རྩལ་ནུས་སོགས་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ལ་བཀོལ་ཤེས་མིན་དང་ཐུབ་མིན་གྱིས་སློབ་གྲྭ་ཞིག་དང་འཛིན་གྲྭ་ཞིག་གི་སློབ་འབྲས་དང་སྤུས་ཚད་ཐག་གཅོད་བྱེད་ཐུབ་པ་མ་ཟད། ཡུལ་ཁམས་ཤིག་དང་མི་རབས་ཤིག་གི་སློབ་གསོའི་ཆུ་ཚད་ཐག་གཅོད་བྱེད་ཐུབ་ངེས་རེད། དཔེར་ན། མེ་ཏོག་རྐང་གཅིག་གིས་ཡངས་པའི་རྩྭ་ཐང་མཛེས་སྡུག་ཅན་དུ་གཏོང་མི་ཐུབ་ལ། སྙེ་མ་སྣ་གཅིག་གིས་མཛེས་སྡུག་གི་དཔྱིད་དཔལ་རྒྱས་ཐབས་མེད་པས། སློབ་མ་ཡོད་ཚད་ཀྱི་སྤུས་ཚད་དང་སློབ་མ་ཡོད་ཚད་ཀྱི་སྤུས་ཚད་ཀྱི་ཕྱོགས་སོ་སོ་ནས་མེ་ཏོག་བཞད་ཅིང་འབྲས་བུ་སྨིན་པར་ཤུགས་སྣོན་བྱེད་དགོས་པ་ལས། སྐར་གྲངས་སློབ་གསོ་ཁོ་ན་ཤ་ཐང་དུ་གཉེར་བ་དང་། བསླབས་འབྲས་བཟང་བའི་སློབ་མ་རེ་གཉིས་ཙམ་དང་གནད་སའི་འཛིན་གྲྭ་རེ་གཉིས་དམ་འཛིན་བྱས་པ་ཙམ་གྱིས། སློབ་གྲྭ་ཞིག་དང་རྫོང་ཁག་ཅིག་གི་སློབ་གསོ་འཕེལ་རྒྱས་ཀྱི་རེ་འབྲས་ཡོད་ཚད་གཏན་ནས་བསྐང་ཐབས་མེད་པ་མ་ཟད། ཕྱོགས་རེས་ཀྱི་སློབ་གསོ་བསམ་བློ་དང་སྒྲུབ་སྟངས་ཀྱིས་དེ་ལས་ལྡོག་སྟེ་རྒྱ་ཆེ་བའི་དགེ་སློབ་རྣམས་ཀྱི་སློབ་ཁྲིད་དང་སློབ་སྦྱོང་གི་བརྩོན་སེམས་ལ་ངན་ཤན་ཐེབས་ངེས་ཡིན་པས། སློབ་གྲྭ་ཞིག་དང་སློབ་གཙོ་ཞིག དགེ་རྒན་ཞིག་ལ་མཚོན་ན། སློབ་མ་ཡོད་ཚད་ཀྱི་སྤུས་ཚད་ཀྱི་ཕྱོགས་སོ་སོ་འཕེལ་རྒྱས་བཏང་དང་གཏོང་བའི་འདྲ་མཉམ་སློབ་གསོའི་བསམ་བློ་དང་། ཐབས་རྩལ་ཡོད་མེད་ཀྱིས་སློབ་གསོ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་ཐག་གཅོད་བྱེད་བཞིན་ཡོད་པ་རེད།

འདྲ་མཉམ་སློབ་གསོ་ནི་དེང་རབས་སློབ་གསོའི་སྲོག་རྩ་ཡིན་ལ། སློབ་གསོ་འཕེལ་རྒྱས་ཀྱི་རྩ་བའི་སྒུལ་ཤུགས་ཡིན་པ་མ་ཟད། དཔལ་ཡོན་དང་འཇོན་ཐང་གི་རྩ་བའི་འབྱུང་ཁུངས་ཡིན་པས། སློབ་གྲྭ་དང་སློབ་གྲྭའི་བར་དང་འཛིན་གྲྭ་དང་འཛིན་གྲྭའི་བར། བསླབ་ཁག་དང་བསླབ་ཁག་གི་བར། སློབ་མ་དང་སློབ་མའི་བར། དགེ་རྒན་དང་དགེ་རྒན་གྱི་བར། སྐད་ཡིག་དང་རྩིས་རིག་གི་བར། ཐ་ན་རྨང་གཞི་ཞན་པའི་སློབ་མ་དང་བཟང་བའི་སློབ་མའི་བར་བཅས་ལ་རིས་མེད་འདྲ་མཉམ་གྱིས་གཟིགས་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུ་ནི་ཤིན་ཏུ་གལ་ཆེ་ཞིང་།འདིས་སློབ་མ་ཐུན་མོང་གི་སློབ་སྦྱོང་གི་བརྩོན་སེམས་དང་ཡིད་ཆེས་སྤོབས་པ་རང་བཀུར་བསླབས་འབྲས་སོགས་ཐག་གཅོད་བྱེད་བཞིན་ཡོད་པ་ནི། སློབ་གསོ་འཕེལ་འགྲིབ་ཀྱི་ཉམས་མྱོང་རེད་ལ་བསླབ་བྱ་གལ་ཆེན་ཞིག་ཀྱང་རེད།


མདོར་བསྡུས་ན། སློབ་གྲྭ་གང་ཞིག་ཡིན་ཡང་སློབ་གྲྭའི་རྩ་འཛུགས་རིམ་པ་ཁག་དང་། བསླབ་ཁག་སོ་སོའི་དགེ་སློབ་ཡོད་ཚད་ཀྱི་རྩལ་ནུས་སྟོབས་གསུམ་ཕར་སློབ་མ་ཡོད་ཚད་ཀྱི་སྤུས་ཚད་ཀྱི་ཕྱོགས་སོ་སོའི་འཕེལ་རྒྱས་ལ་ཅི་ཙམ་བཀོད་ཐུབ་ན། ཚུར་ཐུན་མོང་གི་བསླབས་འབྲས་ལེགས་པོ་ཞིག་སྨིན་པ་སློབ་གསོའི་ཆོས་ཉིད་ཡིན་ཙ་ན། མིའི་རིགས་བླ་སྲོག་གི་བཟོ་བཀོད་པ་ཞིག་ལ་མཚོན་ན། རང་རང་གི་ཕྲག་ཏུ་བབས་པའི་འཇོན་ནུས་སྔོག་འདོན་གྱི་རླབས་ཆེན་བྱ་གཞག་དེར་བསམ་གཞིག་དང་ཞིབ་འཇུག་དཔྱད་བསྡུར་བརྗེ་རེས་འཐུས་ཚང་གཏོང་རྒྱུ་ནི། ངས་བལྟས་ན། སློབ་གསོ་འཕེལ་རྒྱས་དང་སློབ་མ་ཡར་རྒྱས་གཏོང་བའི་གཞན་དོན་རླབས་ཆེན་ཞིག་ཡིན་པ་མ་ཟད། དགེ་རྒན་རང་ཉིད་ཀྱི་མདུན་ལམ་དང་འཚོ་གནས་ལ་འབྲེལ་བ་དམ་པོ་ཡོད་པའི་རང་དོན་གལ་ཆེན་ཞིག་ཀྱང་རེད་སྙམ།



གཉིས། བརྩེ་སེམས་མེད་ན་སློབ་ཁྲིད་ཡོད་མི་སྲིད།


སློབ་གསོ་ལ་དགའ་ཞེན་དང་སློབ་མ་ལ་དུང་ཞེན་མེད་ན། སློབ་གསོ་དང་སློབ་ཁྲིད་ཡོད་མི་སྲིད་ལ། མ་མཐའ་ཡང་སློབ་གསོ་བཟང་པོ་ཞིག་དང་སློབ་ཁྲིད་ཕུན་སུམ་ཚོགས་པ་ཞིག་གཏན་ནས་ཡོད་མི་སྲིད་པས། སློབ་གྲྭ་ཞིག་ལ་མཚོན་ན། དགེ་རྒན་རེ་རེ་དང་ལས་བཟོ་པ་རེ་རེ། སློབ་མ་རེ་རེར་ཕྱོགས་རིས་མེད་པར་འདྲ་མཉམ་གྱིས་བརྩེ་སེམས་དང་བྱམས་སེམས་ཡོད་དགོས་པ་མ་ཟད། སློབ་གསོ་སློབ་ཁྲིད་དང་འཚོ་བའི་ལག་ལེན་དངོས་ཀྱི་སྟེང་ནས་རིས་མེད་ཀྱི་བརྩེ་སེམས་དང་བྱམས་སེམས་མངོན་འགྱུར་ལག་བསྟར་བྱེད་ཤེས་དགོས་ལ། ཁྱད་པར་དུ་ཉིན་རྒྱུན་སློབ་མར་འབྲེལ་འདྲིས་བྱེད་པའི་དགེ་རྒན་རྣམས་ཀྱི་མིག་ལམ་དུ་སློབ་མ་རེ་རེ་ནི་རེ་བ་ཡོད་པའི་འཇོན་ཐང་གི་མྱུ་གུ་རེ་རེ་དང་ཀུན་སྤྱོད་ཀྱི་མེ་ཏོག་རེ་རེ། རྩལ་ནུས་ཀྱི་འདབ་ཕྲེང་རེ་རེ་ཡིན་དགོས་པ་དང་། ཁྱད་པར་དུ་དགེ་རྒན་གྱི་སྐད་ཆ་དང་སྤྱོད་ལམ་རེ་རེ་བརྒྱུད་དེ། སློབ་མར་སེམས་གཏིང་ནས་བརྩེ་སེམས་དང་ཤ་ཚ་བ་མངོན་གྱུར་བྱེད་དགོས་པ་མ་ཟད། ཤ་ཚ་ཤེས་དགོས་པ་དང་ནུས་དགོས་པ་རེད་ལ། སློབ་མ་རེ་རེའི་དགའ་སྣང་དང་གཤིས་ཀ ཁྱད་ཆོས་སོགས་ལ་བརྩི་འཇོག་དང་གཙིགས་ཆེན་བྱས་ཏེ། སློབ་མའི་སེམས་གཏིང་གི་དགའ་ཞིང་གུས་པའི་དགེ་རྒན་ཞིག་བྱེད་ཤེས་དགོས་པ་དང་ནུས་དགོས་ལ་ཡིན་ཡང་ཡིན་དགོས་པ་རེད། འདི་ནི་དགེ་རྒན་ཞིག་གི་ཆེས་མ་མཐའི་རྩལ་ནུས་རེད་ལ་སློབ་སྦྱོང་གི་སྒུལ་ཤུགས་ཀྱང་རེད། དགེ་རྒན་ལ་ནུས་པ་ཡོད་མེད་ཀྱང་མ་མཐའི་རྩལ་ནུས་འདི་ཡོད་མེད་ཀྱིས་ཐག་བཅད་དང་གཅོད་བཞིན་ཡོད་པས། འདིའི་ཐད་དུ་དགེ་རྒན་རྣམ་པས་བསམ་གཞིག་རེ་གནང་ན། སློབ་མའི་སེམས་གཏིང་ན་དགེ་རྒན་རང་གི་ནུས་ཤུགས་དང་ཤུགས་རྐྱེན་ཅི་འདྲ་ཞིག་ཡིན་པ་གསལ་པོར་ཤེས་ཐུབ་ངེས་རེད་སྙམ། དགེ་རྒན་དང་ཁྱིམ་བདག་ཉུང་ཤས་ཤིག་གིས་སློབ་མར་མཚང་འདྲུ་དང་ཚིག་རྒྱག ཚོད་འཛིན། ལུས་ཆད། སྡང་མིག ཨམ་གཙིགས་བསྡམས་པ་ཚང་མ་སློབ་མ་ལ་ཤ་ཚ་བ་ཡིན་ཞེས་བཤད་བཞིན་ཡོད་ནའང་། སློབ་གསོ་རིག་པའི་ཆ་ནས་བལྟས་ན། སློབ་མར་ཤ་ཚ་མ་ཤེས་པའི་བླུན་ཚ་ཞིག་དང་ཡང་ན་ནུས་མེད་ཀྱི་བྱམས་སྐྱོང་ཞིག་རེད།

འོ་ན་ཅི་ལྟ་བུ་ཞིག་ནི་བྱམས་བརྩེ་ངོ་མ་ཡིན་ཟེར་ན། སློབ་མའི་མི་གཤིས་འཕེལ་རྒྱས་ལ་བྱམས་སྐྱོང་དང་འཇོན་ནུས་སྔོག་འདོན་ལ་བརྩེ་སེམས། ངལ་རྩོལ་རྩལ་ནུས་ལ་དགའ་སྣང་ཡོད་ལ། དེ་དག་གི་འཇོན་ནུས་སྔོག་འདོན་བྱེད་མཁས་རྒྱུ་ལས། སློབ་མ་ནི་དགེ་རྒན་དང་ཁྱིམ་བདག་རྣམས་ཀྱི་ངོ་སོ་ཡར་ལ་བསྟོད་པའི་སྐར་གྲངས་མཐོན་པོ་ལེན་མཁན་གྱི་ཡོ་བྱད་རྐྱང་རྐྱང་ཙམ་ཞིག་ཏུ་བརྩི་མི་རུང་སྟེ། སྐར་གྲངས་མཐོ་ཡང་སེམས་ཁམས་བདེ་ཐང་མིན་ཚེ། བྱིས་པ་བདེ་སྐྱིད་ཀྱི་ལམ་དུ་འགྲོ་ཐུབ་རྒྱུ་ཨེ་རེད། སྐར་གྲངས་མཐོ་ཡང་ཀུན་སྤྱོད་མ་ལེགས་ན། ཁོའི་མི་ཚེ་བདེ་སྐྱིད་ཀྱི་ལམ་ལ་འགྲོ་ཐུབ་རྒྱུ་ཨེ་རེད། སྐར་གྲངས་མཐོ་ཡང་གསར་གཏོད་ཀྱི་འཇོན་ནུས་མེད་ན། བདེ་སྐྱིད་ཀྱི་ལམ་ཁར་སྙེག་ཐུབ་རྒྱུ་ཨེ་རེད།

དེ་བས། སློབ་གཅེས་མེད་ན“སློབ”ཡོད་མི་སྲིད་ལ། རྒན་བཀུར་མེད་ན“ཁྲིད”ཡོད་ཐབས་མེད་ཅིང་།སྔར་ལས་ལྷག་པའི་རྒན་བཀུར་སློབ་གཅེས་ཤིག་མེད་ན། སློབ་དང་སློབ་ཁྲིད་ཀྱི་བརྗེ་རེས་ནུས་ལྡན་ཞིག་ཡོད་མི་སྲིད་པས། བྱམས་བརྩེས་རྒན་བཀུར་དང་སློབ་གཅེས་བྱེད་པ་དེས་སློབ་གསོ་སློབ་ཁྲིད་ཀྱི་བླ་སྲོག་དང་སློབ་མའི་འཇོན་ཐང་སྔོག་འདོན་གསར་བཞེངས་བྱས་དང་བྱེད་བཞིན་ཡོད་ཙ་ན། ཚང་མས་སློབ་མར་བྱམས་བརྩེ་དང་འདྲ་མཉམ་གྱི་བརྩེ་སེམས་བྱམས་སྐྱོང་གི་དགེ་གཤིས་གསར་པ་བཅས་ཆགས་པར་གཙིགས་ཆེན་བྱེད་དགོས་པ་དང་། བྱམས་བཀུར་སློབ་སྐྱོང་གི་འཇོན་ནུས་སྔོག་འདོན་ལ་ད་དུང་ཤུགས་སྣོན་བྱེད་དགོས་པ་རེད་སྙམ།


གསུམ། དགའ་སྣང་མེད་ན་སློབ་སྦྱོང་ཡོད་མི་སྲིད།


དགའ་སྣང་མེད་ན་སློབ་སྦྱོང་ཡོད་མི་སྲིད་ལ། སློབ་སྦྱོང་མེད་ན་བསླབས་འབྲས་བཟང་པོ་ཞིག་ཡོད་ག་ལ་སྲིད་དེ། སློབ་སྦྱོང་གི་འགན་ཁུར་ལྗིད་དྲགས་ན། སློབ་མའི་དགའ་སྣང་རིམ་གྱིས་ཉམས་ངེས་རེད་ལ། སློབ་སྦྱོང་ལ་དགའ་སྣང་མེད་ན། སློབ་མའི་རང་འགུལ་གྱི་སློབ་སྦྱོང་ལ་ཤན་ཤུགས་ཐེབས་ཏེ་སློབ་འབྲས་ལེགས་པོ་ཞིག་འབྱུང་ཐབས་མེད་པས། དགེ་རྒན་བཟང་ངན་ནི་གཞན་སྐུལ་གྱི་སློབ་སྦྱོང་དེ་སློབ་མའི་རང་འགུལ་ཞིག་དང་སློབ་མའི་གོམས་སྲོལ་ཞིག སློབ་མའི་གཤིས་ཀ་ཞིག་ཏུ་བསྒྱུར་ཐུབ་མིན་དེ་རེད། ཐབས་ལམ་འདི་སློབ་གྲྭ་དང་སློབ་གྲྭའི་བར་དང་། དགེ་རྒན་དང་དགེ་རྒན་གྱི་བར་དུ་མ་འདྲ་བ་ལས་སློབ་གསོ་དང་སློབ་མའི་སློབ་འབྲས་འདྲ་མིན་སྣ་ཚོགས་ཤིག་བྱུང་བ་རེད། སློབ་མའི་སློབ་སྦྱོང་གི་དགའ་སྣང་སྐྱེད་སྲིང་བྱེད་མཁས་མིན་ནི། མིའི་རིགས་བླ་སྲོག་བཟོ་བཀོད་པའི་དགེ་རྒན་གྱི་རྩ་བའི་འཇོན་ཐང་དང་རྨང་གཞིའི་རྩལ་ནུས་རེད། སློབ་མའི་སློབ་སྦྱོང་གི་འགན་ཁུར་ལྗིད་མོ་དེ་དགའ་སྣང་དང་སྤྲོ་སྐྱིད་ཅིག་ཏུ་འགྱུར་ཐུབ་དགོས་ལ། འགྱུར་ཚད་ཇེ་མཐོར་འགྲོ་རྒྱུར་བསམ་གཞིག་དང་ནུས་པ་འདོན་དགོས། ཁྱད་པར་དུ་སློབ་ཐུན་རེ་རེའི་འགན་ཁུར་སློབ་ཐུན་རེ་རེར་ཡོངས་འགྲུབ་དང་། སློབ་ཕྱིའི་དུས་ཚོད་ཚང་མ་སློབ་མའི་བསམ་གཞིག་དང་གསར་གཏོད་ལ་མཁོ་སྤྲོད་བྱེད་དགོས་པ་ཡིན་པས། ཐུན་རེའི་འགན་ཁུར་ཐུན་རེར་ཡོངས་འགྲུབ་བྱེད་ཐུབ་མིན་ནི་དགེ་རྒན་ལ་དགེ་རྩལ་ཡོད་མེད་ཀྱི་ཁྱད་པར་རེད་ལ། དོན་ངོ་མས་བཤད་ན། ཐུན་རེའི་ཤེས་ནུས་རྩལ་གསུམ་དེ་ཐོག་མར་དགེ་རྒན་རང་གི་ཤེས་ནུས་རྩལ་གསུམ་ཞིག་ཏུ་འགྱུར་ཐུབ་དགོས་པ་དང་། དེ་ནས་སློབ་ཁྲིད་བརྒྱུད་དེ་སློབ་མའི་ཤེས་ནུས་རྩལ་གསུམ་དུ་འགྱུར་མཁས་དགོས་པ་རེད། འདི་ནི་དགའ་སྣང་སློབ་གསོའི་འབྱུང་ཁུངས་དང་སློབ་ཁྲིད་དེ་སྒྱུ་རྩལ་ཞིག་ཏུ་འགྱུར་བའི་གོ་རིམ་ངོ་མ་ཡིན།

 ངས་བལྟས་ན། དགེ་རྒན་ཕལ་ཆེ་བ་ཞིག་གིས་ཐུན་རེའི་འགན་ཁུར་དེ་ཐུན་རེར་ཡོངས་འགྲུབ་བྱེད་པར་དཀའ་ཁག་འབྱུང་བཞིན་ཡོད་པ་ནི། ཐོག་མར་ཐུན་རེའི་ཤེས་ནུས་རྩལ་གསུམ་དེ་དགེ་རྒན་རང་གི་ཤེས་ནུས་རྩལ་གསུམ་ངོ་མ་ཞིག་ཏུ་འགྱུར་བར་དཀའ་ཁག་བྱུང་དང་འབྱུང་བཞིན་ཡོད་པ་དང་། དེ་ནས་སློབ་མའི་ཤེས་ནུས་རྩལ་གསུམ་ཞིག་ཏུ་འགྱུར་ཚད་དམའ་ཞིང་། ཐ་ན་སློབ་མའི་ཁུར་བོ་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པས། སློབ་མའི་སློབ་སྦྱོང་གི་དགའ་སྣང་དང་བརྩོན་སེམས་བསླབས་འབྲས་བཅས་ལ་ཤན་ཤུགས་བཟོས་དང་བཟོ་བཞིན་ཡོད་པ་རེད། དགེ་རྒན་རྣམ་པས་བསམ་གཞིག་ཅིག་ཐོངས་དང་། ཉིན་རེར་ཕལ་ཆེར་སློབ་ཐུན་བདུན་བརྒྱད་ཙམ་རེ་ཡོད་པས། སློབ་ཐུན་འདི་དག་ཁུར་བོ་རེ་རེར་འགྱུར་རྒྱུ་ཡིན་ནམ་དགའ་སྣང་ཞིག་དང་ཤེས་ཡོན་རྩལ་ནུས་ཤིག་ཏུ་འགྱུར་རྒྱུ་ཡིན། འདི་ནི་སློབ་མ་སློབ་སྦྱོང་ལ་དགའ་སྣང་ཡོད་མེད་ཀྱི་རྩ་བའི་ཐབས་ལམ་རེད། གདམ་གསེས་ཀྱི་དབང་ཆ་ཚང་མ་སློབ་མ་ལ་སྤྲོད་རྒྱུ་དང་། སློབ་མ་ནི་སློབ་སྦྱོང་གི་བདག་པོ་དང་རེ་བའི་མེ་ཏོག་ཅིག་ཏུ་གྱུར་ཚེ། རང་ཉིད་ཀྱང་མིའི་རིགས་བླ་སྲོག་གི་བཟོ་བཀོད་པ་ཚད་ལྡན་ཞིག་ཏུ་གྱུར་ཡོད་ངེས་རེད། འདི་ནི་འདྲ་མཉམ་སློབ་གསོ་དང་མི་དམངས་ཀྱི་དགེ་རྒན་ཞིག་གི་ཚད་གཞི་ཡང་རེད། ངས་འདི་ལྟར་བཤད་པ་ནི། གལ་ཏེ་ཐུན་རེའི་འགན་ཁུར་སློབ་མ་སྐོར་ཞིག་དང་རེ་གཉིས་ཙམ་གྱིས་ཡོངས་འགྲུབ་བྱས་ཚེ། ཁྱོད་ཀྱི་སློབ་ཐུན་དེ་ནི་སློབ་མ་རེ་གཉིས་ཀྱི་སློབ་ཁྲིད་ཅིག་ཏུ་གྱུར་པ་ཡིན་པས། ཐུན་རེ་རེ་བཞིན་དེ་ལྟར་བསགས་ན་སློབ་གྲོགས་མང་ཆེ་བའི་སློབ་སྦྱོང་གི་དགའ་སྣང་ལ་ཤན་ཤུགས་ཐེབས་ནས་བསླབས་འབྲས་བཟང་བའི་སློབ་མ་རེ་གཉིས་ཙམ་དུ་གྱུར་པའི་མཇུག་འབྲས་སྨིན་ངེས་རེད། མི་དམངས་ཀྱི་དགེ་རྒན་ནི་སློབ་མ་རེ་གཉིས་ཀྱི་དགེ་རྒན་ཞིག་ཏུ་གཏན་ནས་འགྱུར་མི་རུང་བར། སློབ་མ་ཡོད་ཚད་ལ་འདྲ་མཉམ་དུ་བརྩེ་སེམས་དང་དགའ་སྣང་ཡོད་པ་ཞིག་བྱེད་མཁས་མིན་གྱིས་སློབ་མའི་ལས་དབང་ཐག་གཅོད་བྱེད་ཐུབ་པ་མ་ཟད། དགེ་རྒན་གྱི་མདུན་ལམ་ཡང་ཐག་གཅོད་བྱེད་ངེས་ཡིན་པས། ཚང་མས་ཡང་བསྐྱར་གཟབ་གཟབ་གནང་དགོས་པའི་གནད་དོན་གལ་ཆེན་ཞིག་རེད་སྙམ།

བཞི། ཞིབ་ཚགས་མེད་ན་འཇོན་ནུས་ཡོད་མི་སྲིད།

མིའི་རིགས་བླ་སྲོག་གི་བཟོ་བཀོད་ནི་ཆེས་ཕྲ་ཞིང་ཞིབ་པའི་ཚན་རིག་གི་བཟོ་བཀོད་མ་ལག་ཆ་ཚང་ཞིག་ཡིན་པས། གཞི་རིམ་སློབ་གསོ་ལ་ཐབས་ཇུས་མཁོ་བ་མ་ཟད། དེ་བས་ཀྱང་ཐབས་ལམ་དང་སློབ་མ་རེ་རེའི་ཁྱད་ཆོས་དང་འཚམ་པའི་ཞིབ་ཚགས་ཀྱི་ཐབས་རྩལ་མཁོ་ཆེ་བ་རེད།

དོན་ངོ་མས་བཤད་ན། སློབ་མའི་ཤེས་ནུས་རྩལ་གསུམ་གྱི་མེ་ཏོག་ནི་ཆེས་ཕུན་སུམ་ཚོགས་ནའང་། ཆར་དྲག་རླུང་གསུམ་གྱི་ཁ་ན་ཆེས་སྙི་མོ་ཞིག་ཀྱང་ཡིན་པས། དགེ་རྒན་གྱི་སྐད་ཆ་བཤད་སྟངས་དང་། ཐ་ན་མིག་གི་ལྟ་སྟངས་ནས་སློབ་དང་ཁྲིད་ཀྱི་གོ་རིམ་ཚང་མ་ཁ་དོག་དང་དབྱིབས་གཟུགས་མི་འདྲ་བའི་སློབ་མའི་མེ་ཏོག་རེ་རེར་འཚམ་དགོས་པ་མ་ཟད། སློབ་མའི་མེ་ཏོག་དེ་དག་རེ་རེ་སྐྱེད་སྲིང་བྱེད་མཁས་པའི་ཐུན་མོང་གི་སློབ་ཁྲིད་པ་ཞིག་དང་དགེ་རྒན་རྣལ་མ་ཞིག་ཡིན་དགོས་པ་ལས། ཚིག་རྩུབ་ཀྱི་མདའ་མོས་སློབ་མའི་མེ་ཏོག་སྐོར་ཞིག་སྐྱོང་ཞིང་མཉམ་བཞག་མ་བཞག་པར་ཆར་དྲག་རླུང་འཚུབ་ཀྱིས་སློབ་མའི་མེ་ཏོག་གི་འདབ་ལོ་སྐོར་ཞིག་རྙིད་པར་གཏོང་བ་ལ་ཐུགས་མཉམ་འཇོག་དགོས་ཏེ། སློབ་མ་ནི་གཉོམ་ལག་མ་རྒྱས་པའི་མེ་ཏོག་གཞོན་ནུ་ལྟ་བུ་ཞིག་ཡིན་པའི་ཕྱིར། དོན་ངོ་མས་བཤད་ན། སློབ་མའི་ཤེས་བྱ་དང་རྩལ་ནུས། བརྩེ་སེམས་ཀུན་སྤྱོད་སོགས་སྤུས་ཚད་ཀྱི་ཕྱོགས་སོ་སོ་སྔོག་འདོན་བྱ་རྒྱུ་ནི། ཆེས་ཞིབ་ཚགས་ལྡན་ཞིང་དགེ་རྒན་གྱི་ནུས་ཤུགས་ཟད་གྲོན་དུ་གཏོང་ཚད་ཆེས་མཐོ་བའི་བྱ་བ་རླབས་ཆེན་ཞིག་ཡིན་ཏེ། དགེ་རྒན་གྱི་བློ་གྲོས་ཀྱིས་སློབ་མའི་བློ་གྲོས་དང་དགེ་རྒན་གྱི་རྩལ་ནུས་ཀྱིས་སློབ་མའི་རྩལ་ནུས། དགེ་རྒན་གྱི་ཀུན་སྤྱོད་ཀྱིས་སློབ་མའི་ཀུན་སྤྱོད་བཅས་སྐྱེད་སྲིང་བྱེད་དགོས་པས། དགེ་རྒན་ནི་མིའི་རིགས་བླ་སྲོག་གི་བཟོ་བཀོད་པ་གསོན་པོ་ཞིག་ཡིན་ལ། སློབ་མའི་ཤེས་ནུས་རྩལ་གསུམ་དང་འཚམ་ཚད་ཇེ་མཐོར་འགྲོ་བའི་ཞིབ་ཚགས་ཀྱི་གོ་རིམ་ནི། སློབ་གསོ་འཕེལ་རྒྱས་ཀྱི་གོ་རིམ་དང་སློབ་འབྲས་ཕུན་སུམ་ཚོགས་པའི་རྩ་བའི་ཁག་ཐེག་ངོ་མ་ཞིག་ཀྱང་ཡིན།

སློབ་མའི་འཕེལ་རྒྱས་དེ་དགེ་རྒན་གྱིས་ཁྲིད་པ་ཁོ་ན་དང་སྐད་ཆ་ཁོ་ནར་བརྟེན་དགོས་པ་ཞིག་མ་ཡིན་པར། དགེ་རྒན་ནི་སློབ་ཁྲིད་པ་ཞིག་ཡིན་པ་མ་ཟད། སློབ་སྟོན་པ་དང་འཁྲིད་སྟོན་པ་ཡིན་པའི་ཟུར་ཚད་འབུར་དུ་ཐོན་ཞིང་སློབ་མའི་དགའ་སྣང་བརྗེ་རེས་ཀྱི་བྱ་འགུལ་དང་། གསར་གཏོད་ཀྱི་བྱ་འགུལ། མྱོང་རོལ་གྱི་བྱ་འགུལ། གཏམ་བཤད་ཀྱི་བྱ་འགུལ། གླུ་དབྱངས་ཀྱི་བྱ་འགུལ། རྩེད་མོའི་བྱ་འགུལ། ལུས་རྩལ་གྱི་བྱ་འགུལ། ཡིག་གཟུགས་ཀྱི་བྱ་འགུལ། ཁ་ཤགས། ཀུན་སྤྱོད་རོགས་རམ་སོགས་ཀྱི་བྱ་འགུལ་སྤེལ་རྒྱུ་དང་། ཐ་ན་མཐོ་རྒྱུགས་དང་འབྲིང་རྒྱུགས་དམའ་རྒྱུགས་ཀྱི་ཚོད་ལྟ་དབྱེ་ཞིབ་ཀྱི་བྱ་འགུལ། འབྲེལ་འདྲིས་དང་མཉམ་འབྲེལ་གྱི་བྱ་འགུལ། བློ་དཀར་སེམས་དཀར་སོགས་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་ཏེ་སློབ་མའི་འཇོན་ནུས་ཕྱོགས་ཡོངས་ནས་སྔོག་འདོན་ཡར་སྐུལ་དང་། སློབ་གསོ་འདྲ་མཉམ་ལ་གཙིགས་ཆེན་བྱེད་དགོས་པ་ལས་གཙོ་གནད་འཛིན་གྲྭ་དང་། གཙོ་གནད་སློབ་གྲྭ། གཙོ་གནད་སློབ་མ་སོགས་སུ་དགར་བའི་ཕྱོགས་རེ་བ་དང་རྗེས་ལུས་ཀྱི་སློབ་སྒྲུབ་རྣམ་པ་དེ་དག་གིས་སྐབས་དང་སྐབས་རེར་ཕན་ནུས་ཕྲན་བུ་རེ་བཏོན་མྱོང་ནའང་། ད་ལྟ་ཕྱོགས་ཡོངས་ནས་སློབ་གསོ་འཕེལ་རྒྱས་གཏོང་བའི་དབང་གིས་འཕེལ་རྒྱས་ཀྱི་གེགས་རྡོ་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པས། སློབ་གསོ་འདྲ་མཉམ་ལ་དེ་བས་ཀྱང་གཙིགས་ཆེན་བྱེད་དགོས་པ་རེད། མཐོ་རིམ་སློབ་གསོ་ནི་འཇོན་ཐང་གི་ལམ་བུ་གཅིག་ཡིན་ལ། ལས་རིགས་ལག་རྩལ་སློབ་གསོའི་ལམ་བུ་ཡང་ཤེས་ནུས་དང་ལག་རྩལ་ཟུང་འབྲེལ་གྱི་ལམ་བུ་འོད་སྟོང་འཕྲོ་བ་ཞིག་ཡིན་པས། ད་ཡོད་ཀྱི་ལས་རིགས་ལག་རྩལ་སློབ་གྲྭ་སོ་སོ་ཚད་རིམ་ཇེ་མཐོར་བཏང་ནས་སྤྱིར་བཏང་གི་སློབ་གྲྭ་ཆེན་མོའི་ལམ་བུ་ཁོ་ན་གཉེར་བ་ལས་ལས། རིགས་ལག་རྩལ་སློབ་གསོ་ལ་ཡང་གཙིགས་ཆེན་བྱས་ཏེ། ཤེས་ནུས་ཀྱི་སྤུས་ཚད་ཡོད་ལ་ལག་རྩལ་གྱི་རྩལ་ནུས་ཀྱང་ཡོད་པའི་འཇོན་ཐང་མི་སྣ་མང་པོ་སྐྱེད་སྲིང་བྱ་རྒྱུ་ཡང་ཤིན་ཏུ་མཁོ་ཆེ་བ་རེད། ། 


གཅན་རོང་བསྟན་འཛིན། རྨ་ལྷོ་ཁུལ་སྲིད་གྲོས་སློབ་གསོ་ཚན་རྩལ་རིག་གནས་ཨུ་ཡོན་ལྷན་ཁང་དུ་ཕྱག་ལས་གནང་བཞིན་ཡོད།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1