[གནད་བཏུས] དཔྱད་རྩོམ་འདིར་བྱ་བ་རིགས་གསུམ་ཡོད་ཚུལ་དང་། དེ་དག་ཕན་ཚུན་གྱི་འབྲེལ་བ་དང་ཁྱད་པར་ཇི་འདྲ་ཡིན་ཚུལ་གསལ་བོར་བརྗོད་ཡོད།
[གནད་ཚིག] བྱ་བ་རིགས་གསུམ། རྣམ་དབྱེ། བདག་གཞན།
བདག་གཞན་སོ་སོར་འབྲེལ་བ་དང་། །
མ་འབྲེལ་བྱ་བ་རིགས་གསུམ་གྱི། །
རྟེན་འབྲེལ་དང་ནི་རྣམ་དབྱེ་དང་། །
དུས་ཀྱི་རྣམ་བཞག་བྱང་ཆུབ་ན། །
བྱ་བྱེད་ལས་གསུམ་མཚོན་པ་དང་། །
ཚིག་ཕྲེང་སྤེལ་བར་མཁས་པར་འགྱུར། །
ཚིག་གི་སྒྲུབ་བྱེད་གཙོ་བོ་མིང་ཡིན་ཏེ། །
མིང་མ་དག་ན་ཚིག་ཁ་མི་གསལ་ཞིང་། །
ཚིག་མ་དག་ན་དོན་དུ་མི་འབྱོར་བས། །
གོ་བརྡ་སྤྲད་པ་ཚུལ་བཞིན་འཕྲོད་པར་དཀའ། །
དེའི་ཕྱིར་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་གིས།
ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང་། །
དོན་གྱི་གོ་བས་ཚིག་གི་དག་ཐོན་པ། །
དེ་དག་མཚོན་བྱེད་རི་མོའི་རིག་བྱེད་དེ། །
ཕྲ་ཞིབ་ཡིག་གཟུགས་ཐོན་པ་ཤིན་ཏུ་གཅེས། །
ཞེས་གསུངས་པ་དང་། ཧྥ་རན་སེའི་རྩོམ་མཁན་གྲགས་ཅན་ཧྥུ་ལོའུ་པའེ་མཆོག་གིས་ཀྱང་། ང་ཚོས་ཆོས་ཅན་ཞིག་བརྗོད་བྱར་བྲིས་ན། དེའི་ངོ་བོ་སྟོན་པར་དངོས་པོའི་མིང་ཁོ་ཐག་ཅིག་དགོས། དེའི་མཛད་པ་སྟོན་པར་བྱ་བའི་མིང་ཁོ་ཐག་ཅིག་དགོས། དེའི་རྣམ་པ་སྟོན་པར་ཁྱད་ཆོས་ཀྱི་མིང་ཁོ་ཐག་ཅིག་དགོས། དེས་ན་ཞིབ་མོ་རྣམ་འཐག་ཏུ་གཞིགས་ནས། དངོས་པོའི་མིང་ངམ། བྱ་བའི་མིང་ངམ། ཁྱད་ཆོས་ཀྱི་མིང་གང་བབ་དེ་ཁོ་ན་མ་གཏོགས། དེ་དག་དང་ཆ་འདྲ་བའི་ཐ་སྙད་ཅིག་ལོན་པས་ཆོག་གོ་སྙམ་དུ་བསམས་ནས། ཚེགས་འཛེམས་ཏེ་ཐ་སྙད་རྗེས་མཐུན་པ་ཞིག་དེའི་ཚབ་ཏུ་ཁྲལ་མངོན་སླ་འཆོས་སུ་འཇུག་མི་རུང་ངོ་། ། ཞེས་གསུངས་པ་ཡིན་ནོ། །
མིང་གི་རིགས་ལས་དངོས་པོའི་མིང་དང་། ཁྱད་ཆོས་ཀྱི་མིང་དང་། གྲངས་ཀའི་མིང་སོགས་བརྗོད་བྱའི་ཆོས་དེ་རིགས་དང་འདྲ་བར་གནས་སྐབས་སུ་འགྱུར་བ་མེད་པར་སྣང་བས་ན། རྗོད་བྱེད་ཀྱི་སྒྲ་ཡང་རང་སོར་གནས་པར་བརྟེན། དེ་མཚོན་བྱེད་ཀྱི་ཡིག་གཟུགས་ཀྱང་འགྱུར་རྒྱུ་མེད་པས། བློ་ལ་འཛིན་སླ་ཞིང་དོན་ལ་འཇུག་བདེ་མོད། བྱ་བའི་མིང་ནི་སེམས་ཅན་གྱི་རྩོལ་བ་དང་བེམ་པོའི་འགྱུར་བ་མཚོན་བྱེད་ཡིན་པས། ཡུལ་དུས་རྐྱེན་གསུམ་གྱི་རང་བཞིན་དང་ལྡན་ཏེ། འཇུག་ཡུལ་ལ་བྱ་བྱེད་ལས་གསུམ་གྱི་ཁྱད་པར་ཡོད་པ་དང་། འཇུག་དུས་ལ་འདས་མ་འོངས་ད་ལྟ་སྐུལ་ཚིག་དང་བཞིའི་ཁྱད་པར་ཡོད་པ་དང་། འཇུག་རྐྱེན་ལ་བྱེད་པའི་རྩོལ་བ་དང་། ལས་ཀྱི་འགྱུར་བ་དང་། ངང་གིས་བྱུང་བ་གསུམ་གྱི་ཁྱད་པར་ཡོད་པས། དེ་སོ་སོ་སྟོན་བྱེད་ཀྱི་སྒྲ་མི་གཅིག་པའི་སྒོ་ནས། ཡིག་གཟུགས་ཀྱང་མི་འདྲ་བར་གྱུར་པ་རེད། འགྱུར་ལུགས་དེ་རིགས་ཁོང་དུ་མ་ཆུད་ན། གོ་བརྡ་ཇི་བཞིན་འཕྲོད་དཀའ་ཞིང་། ཡིག་སྐྱོན་རེ་བྱུང་ན། ཚིག་སྐྱོན་དང་དོན་སྐྱོན་དུ་འགྱུར་སྲིད། དེ་ལུགས་ལེགས་པར་རྟོགས་ན།
རྗོད་བྱེད་ཚིག་གི་སྐུ་འདྲ་བཞེངས་པ་ལ། །
བྱ་བའི་མིང་གི་འདྲེན་བྱེད་བཏོད་མཁས་ན། །
གནད་འདུས་སྲོག་གི་གསོན་ཉམས་ཐོན་པ་ལས། །
སྨྲ་བའི་ལྷ་མོ་གར་དུ་རྩེན་པ་མཐོང་། །
དོན་ཚན་དང་བོ། བྱ་བ་རིགས་གསུམ་ཤེས་པའི་དགོས་པ་བསྟན་པ། ཚིག་གི་སྦྱོར་བ་ལ་བྱ་བའི་མིང་གང་འཚམ་དུ་འཇུག་པའི་གནད་ནི། བྱ་བ་རིགས་གསུམ་གྱི་སྤུ་རིས་འབྱེད་མཁས་པར་རག་ལས། སྔོན་བྱོན་མཁས་པའི་གསུང་རྩོམ་དང་། བོད་ཁ་བ་ཅན་པའི་ཁ་སྐད་དུ། བྱ་བའི་མིང་ལ་རིགས་གསུམ་དངོས་སུ་ཡོད་པར་མ་ཟད། འཇུག་པའི་དབྱེ་བའང་གསལ་བར་ཐོན་སྣང་། ཡིན་ན་ཡང་རྟགས་འཇུག་གི་རྩ་བ་ལས། བྱ་བ་རིགས་གསུམ་གྱི་དབྱེ་བ་ལུང་དུ་བསྟན་མེད་པ་དང་། རྟགས་འཇུག་གི་འགྲེལ་པ་གྲགས་ཆེན་དག་ལས། བདག་དང་འབྲེལ་བའི་བྱ་བ་ལ་ད་ལྟ་བ་ཙམ་དང་། གཞན་དང་འབྲེལ་བའི་བྱ་བ་ལ་མ་འོངས་པ་རིགས་གཉིས་འཁྲུལ་བར་བསྟན་པའི་ཞོར་དུ། བདག་གཞན་གང་ལའང་མ་འབྲེལ་བའི་བྱ་བ་རིགས་ཤིག་ཀྱང་རགས་པ་ཙམ་གསུངས་སྣང་ཡང་། དེ་གསུམ་ཕན་ཚུན་གྱི་འབྲེལ་བ་དང་ཁྱད་པར་ཇི་འདྲ་ཡིན་པ་རྣམ་གསལ་ཞིག་བསྟན་ནས་མེད་དོ། ། དེར་བལྟས་ན་མཁས་ཆེན་དེ་དག་ཀྱང་རང་སྐད་གོམས་ཤུགས་ཀྱིས་བྱ་བའི་མིང་གི་འཇུག་པ་སླའོ་སྙམ་ནས། མ་བརྟགས་པའི་དབང་གིས་བློ་ངོར་མ་ངེས་པ་འདྲ། དེ་ཕྱིར་ཁོང་རྣམ་པས་བྱ་བྱེད་ལས་གསུམ་དང་དུས་གསུམ་དང་བཅས་པ་བདག་གཞན་གྱི་ཟླས་ཕྱེ་བ་ལས། དབྱེ་སྒོ་ལ་ལ་མ་འདུས་པ་དང་། ལ་ལ་ཕན་ཚུན་འབྲེལ་མ་ཆགས་པའམ་འཛིངས་པར་གྱུར་པ་ནི། ཕལ་ཆེར་ཐུགས་དགོངས་དེ་ཕྱོགས་མ་ཁེབས་པའི་སྐྱོན་ཡིན་པར་སེམས་སོ། །
བྱ་བ་རིགས་གསུམ་ཡོད་ཚུལ་དང་། དེ་དག་ཕན་ཚུན་གྱི་འབྲེལ་བ་དང་ཁྱད་པར་ཇི་འདྲ་ཡིན་ཚུལ་ཤེས་རྒྱུ་ཧ་ཅང་གལ་ཆེ། དེ་ལུགས་བློ་ངོར་མ་ངེས་ན། རྟགས་འཇུག་གི་གཞུང་དོན་དཔྱིས་ཕྱིན་པ་ཞིག་རྟོགས་དཀའ། བརྡ་སྤྲོད་སྨྲ་བ་མི་ཉུང་བ་ཞིག་གིས་ཀྱང་། བྱེད་པ་བོ་ནི་བདག་ཡིན་ཏེ། ། བྱ་བའི་དངོས་པོ་གཞན་ཡིན་ནོ། ། ཞེས་དང་། བྱེད་པའི་ལས་ནི་དུས་ད་ལྟ་བ་དང་། བྱ་བའི་ལས་ནི་དུས་མ་འོངས་པར་འདུ། ཞེས་པ་ལྟ་བུ་མ་དག་རྒྱུན་འབྱམས་རྣམས་བདེན་པར་རློམ་ནས་ཚད་མར་འཛིན་པ་ལྟ་བུའོ། །
དེང་གི་ཆར་རྩོམ་པ་བོ་གསར་བུ་སྐོར་ཞིག་བྱུང་བ་ལས། ཉུང་ཕྱོགས་སུམ་རྟགས་དག་གསུམ་གྱི་གདེང་ཐོབ་ཅིང་། རྩོམ་པ་རྩལ་དུ་ཐོན་པས་ཐོས་དགའ་མཐོང་སྤྲོར་སྣང་མོད། མང་ཕྱོགས་སྒྲ་རིག་པའི་སྦྱངས་སྟོབས་དམན་པ་དང་། ཐ་སྙད་ཀྱིས་དབུལ་བས། ཚིག་གི་སྦྱོར་བ་དོན་དུ་ཇི་བཞིན་མ་འབྱོར་བ། སྒོས་སུ་བྱ་བའི་མིང་གི་དུས་གསུམ་དང་བདག་གཞན་སོགས་ཀྱི་དབྱེ་བ་མ་ཕྱེད་པར་ཚུལ་མིན་དུ་འཇུག་པ་མང་བ། ཐ་ན་རྒྱ་སྐད་དང་བོད་སྐད་གཉིས་ཀའི་ཁྱད་ཆོས་མི་མཐུན་པའི་སྐོར་མ་ཤེས་ལ། བྱ་བ་མཚོན་བྱེད་ཀྱི་མིང་ཡུལ་དུས་རྐྱེན་གསུམ་གྱི་ཐོབ་ཐང་ཇི་བཞིན་འཇུག་པར་མགོ་རྨོངས་པ་དང་། མིང་མཐའི་ནུས་པ་རྩལ་དུ་འདོན་པར་ལག་ཐོགས་པའི་དབང་གིས། རྒྱ་སྐད་ཀྱི་རྣམ་པ་ཙམ་ལ་ལད་མོ་བྱས་ནས། སྒྲ་གསུམ་བཞི་རེ་རྡོ་ཆག་བཙན་བསྒྲིགས་དང་། བོང་ལྟོ་སྲ་བསྲེས་ཀྱིས་ཐ་སྙད་གཅིག་ཏུ་སྦྱར་ནས་ཚིག་ཕྲེང་སྤེལ་བ་དང་། ནེ་ཙོའི་ཁ་ཏོན་གོ་བརྡ་ཇི་བཞིན་མི་འཕྲོད་པའི་སྐྱོན་སོགས་མང་དུ་མཐོང་ངོ་། །
དོན་ཚན་གཉིས་པ། བྱ་བའི་མིང་གི་ཡུལ་དུས་རྐྱེན་གསུམ་བསྟན་པ།
བྱ་བའི་མིང་འཇུག་སའི་ཡུལ་ནི་བྱ་བྱེད་ལས་གསུམ་དང་། དུས་ནི་ད་དང་མ་འོངས་འདས་པ་དང་། རྐྱེན་ནི་བདག་གཞན་རྣམ་གསུམ་ཡིན། ཞིབ་ཆ་གཤམ་གསལ།
བདག་གཞན་ཞེས་བྱའི་རྩ་བ་ནི། ། བྱ་བྱེད་ལས་གསུམ་རྣམས་ཡིན་ཏེ། །
བྱེད་པ་ལ་ནི་གཙོ་ཕལ་གཉིས། ། བྱེད་པ་གཙོ་བོ་སྒྲུབ་མཁན་དང་། །
བྱེད་པ་ཕལ་བ་སྒྲུབ་སྤྱད་ཡིན། ། འདི་གཉིས་བདག་གི་ཁོངས་སུ་གཏོགས། །
ལས་ལ་བྱ་ཡུལ་བསྒྲུབ་བྱ་གཉིས། ། བྱ་བའི་ཡུལ་ལ་ལས་ཙམ་དང་། །
བསྒྲུབ་པར་བྱ་བ་ལས་དངོས་ཡིན། ། འདི་གཉིས་གཞན་གྱི་ཁོངས་སུ་གཏོགས། །
བྱ་བ་ལ་ཡང་རིགས་གཉིས་ཏེ། ། བྱེད་པ་དང་འབྲེལ་བྱ་བ་ནི། །
བྱེད་པ་བོ་ཡི་རྩོལ་བ་སྟེ། ། བདག་གི་ཁོངས་སུ་གཏོགས་པ་དང་། །
ལས་དང་འབྲེལ་བའི་བྱ་བ་ནི། ། ལས་ཀྱི་དངོས་པོའི་འགྱུར་བ་སྟེ། །
གཞན་གྱི་ཁོངས་སུ་གཏོགས་པའོ། ། བྱ་བ་བྱས་ཟིན་འདས་པ་དང་། །
བྱེད་བཞིན་པ་ནི་ད་ལྟ་བ། ། བྱེད་པར་འགྱུར་བ་མ་འོངས་པ། །
སྐུལ་ཚིག་མ་འོངས་ཁོངས་སུ་འདུས། ། དེ་རྣམས་ཕན་ཚུན་འབྲེལ་ལུགས་ནི། །
བྱེད་པ་ད་ལྟ་བ་ཡིས་སྟོན། ། ལས་ནི་མ་འོངས་པ་ཡིས་སྒྲུབ། །
བྱ་བ་དུས་ཀྱི་བབ་དང་བསྟུན། ། དེ་རྣམས་ཚིག་གི་ཕྲེང་བ་ལས། །
སོ་སོའི་མཚན་གཞི་རྣམ་གསལ་བྱ། ། ཤིང་བཟོས་སྟ་རེས་ནགས་ཚལ་དུ། །
སྡོང་བོ་བཅད་ནས་ཆོད་པ་ལས། ། ཤིང་བཟོ་བྱེད་པ་གཙོ་བོ་དང་། །
སྟ་རེ་བྱེད་པ་ཕལ་བ་ཡིན། ། ནགས་ཚལ་གཅད་ཡུལ་ལས་ཙམ་དང་། །
སྡོང་བོ་གཅད་བྱ་ལས་དངོས་ཡིན། ། བཅད་དང་ཆོད་པའི་བྱ་བ་གཉིས། །
སྔ་མ་བྱེད་པའི་རྩོལ་བ་དང་། ། ཕྱི་མ་ལས་ཀྱི་འགྱུར་བ་ཡིན། །
ཤིང་བཟོ་སྟ་རེ་བཅད་པ་གསུམ། ། བདག་གི་ཁོངས་སུ་གཏོགས་པ་དང་། །
ནགས་ཚལ་སྡོང་བོ་ཆོད་པ་གསུམ། ། གཞན་གྱི་ཁོངས་སུ་གཏོགས་པའོ། །
ཤིང་བཟོ་ལ་སོགས་བྱ་ཚིག་གིས། ། མཚོན་པར་བྱས་ན་འདི་ལྟ་སྟེ། །
གཅོད་པ་བོ་ཡིས་གཅོད་བྱེད་ཀྱིས། ། གཅད་བྱའི་གཅད་བྱ་བཅད་ཆོད་ཅེས། །
ཐ་སྙད་འདི་ལྟར་བཏགས་པ་སྟེ། ། བྱ་བའི་ཡུལ་དང་བྱེད་པ་བོ། །
ངོ་བོ་མི་གཅིག་ཐ་དད་ཡིན། ། བདག་གཞན་མ་འབྲེལ་བྱ་བའི་རིགས། །
འགྲོ་དང་ཤར་བ་ལྟ་བུ་སོགས། ། རང་གི་ངང་གིས་གྲུབ་པས་ན། །
བྱ་བྱེད་ཐ་མི་དད་པ་ཟེར། ། བྱེད་པ་བོ་ཡི་རྩོལ་བ་དང་། །
ལས་ཀྱི་དངོས་པོའི་འགྱུར་བ་དང་། ། རང་གི་ངང་གིས་བྱུང་བ་དག།།
བྱ་བ་རིགས་གསུམ་ཞེས་པ་འོ། །
འདིར་བདག་གཞན་སོ་སོར་དབྱེ་བ་དུ་རེ་ཡོད་པ་དང་། དེ་དག་ཕན་ཚུན་རྟེན་ཅིང་འབྲེལ་བའི་གནས་ལུགས་ཇི་འདྲ་ཡིན་པ་ལེགས་པར་ཤེས་རྒྱུ་ཧ་ཅང་གལ་ཆེ། འཇིག་རྟེན་ཁམས་ཀྱི་ལས་རིགས་གང་ཞིག་ཡིན་རུང་། སྦྱོར་དངོས་འཇུག་གསུམ་དུ་མཐུན་རྐྱེན་དྲུག་སྟེ། བདག་གི་དངོས་པོ་གསུམ་དང་། གཞན་གྱི་དངོས་པོ་གསུམ་ལེགས་པར་འཛོམས་ན། འདོད་དོན་བདེ་བླག་ཏུ་འགྲུབ་ལ། མཐུན་རྐྱེན་ཁེར་རེ་ཞིག་ཆད་ཀྱང་ཅི་འདོད་དོན་དུ་མི་སྨིན། དེ་བཞིན་བྱེད་པ་བོས་ལས་གང་བགྱི་བ་ལ་བྱ་བའི་ཡུལ་ཞིག་དགོས། ཡུལ་དེར་ཕྱིན་ཚེ། བྱེད་པ་འཇུག་སའི་བསྒྲུབ་པར་བྱ་བའི་ལས་ཤིག་དགོས། ལས་ལ་རྩོལ་བ་སྦྱར་བའི་རྒྱུ་ལས། འདོད་དོན་སྨིན་པར་འགྱུར་བའི་འབྲས་བུ་ཞིག་དགོས། དེས་ན་བྱེད་པ་བོ་དང་བྱ་བའི་ཡུལ། བྱེད་པ་དང་ལས། བྱེད་པའི་རྩོལ་བ་དང་ལས་ཀྱི་འགྱུར་བ་བཅས། གཉིས་རེ་གཉིས་རེ་ཟླ་བོའི་ཚུལ་དུ་འབྲེལ་ནས་བདག་གཞན་ཆ་གསུམ་བྱུང་བ་དག། ཕན་ཚུན་རྟེན་དང་བརྟེན་པའི་སྒོ་ནས་དོན་གཉེར་ཕུན་སུམ་ཚོགས་པར་གྲུབ་པ་ཡིན་ནོ། ། ཚིག་གི་ཕྲེང་བ་སྤེལ་བར་བདག་གཞན་གང་གི་ཡན་ལག་གང་རུང་བབ་དང་བསྟུན་ནས་དངོས་ཤུགས་ཅི་རིགས་སྦྱར་ཆོག་གོ ། བྱ་བའི་མིང་རྣམས་ལས་དང་བྱེད་པར་འཇུག་པའི་ཚུལ་ཤེས་ན། དུས་ཀྱི་རྣམ་བཞག་མི་ནོར་ཏེ། ལྟ་བའི་མིག ཅེས་པའི་ལྟ་བ་ནི། ལྟ་བྱེད་ཡིན་པས་ད་ལྟ་བ་ཐོབ་པ་དང་། བལྟ་བའི་དཔེ་ཆ། ཞེས་པའི་བལྟ་བ་ནི་བལྟ་བྱ་ཡིན་པས་མ་འོངས་པ་ཐོབ་པ་བཞིན་ནོ། ། འདི་ལུགས་བྱ་བའི་མིང་དངོས་པོའི་མིང་དུ་འཇུག་པའི་སྐབས་ཕྱི་མ་ལས་གོ་བར་གྱིས་ཤིག
དོན་ཚན་གསུམ་པ། བྱ་བ་རིགས་གསུམ་གྱི་རྣམ་དབྱེ་དང་རྟེན་འབྲེལ་བསྟན་པ།
དང་བོ། བདག་དང་འབྲེལ་བའི་བྱ་བ།
བདག་དང་འབྲེལ་བའི་བྱ་བ་ནི། ། བྱེད་པ་བོ་ཡི་རྩོལ་བ་ཡིན། །
དུས་ཀྱི་རྣམ་བཞག་འདི་ལྟ་སྟེ། ། བས་འཕུལ་འདས་དང་མ་འོངས་བསྟན། །
ག་ད་གཉིས་ཀས་མ་འོངས་དང་། ། ད་ལྟ་བ་ཡང་ཉུང་ཟད་མཚོན། །
འས་འཕུལ་ད་ལྟ་བ་ལ་འཇུག།། མས་འཕུལ་དུས་གསུམ་མཉམ་ཕྱིར་རོ། །
མིང་གཞི་འགྱུར་བ་མེད་པ་བོ། ། སྤྱིར་བཏང་སྔོན་འཇུག་མི་འཐོབ་བོ། །
(བྱ་ཡིས་ལས་དང་མ་འོངས་མཚོན། བྱེད་ཀྱིས་བྱེད་པ་དང་ད་ལྟ་བ་སྟོན། ཅིག་ཤིག་ཞིག་གང་རུང་གིས་སྐུལ་ཚིག་མཚོན། འདས་པར་ཚིག་གྲོགས་སྦྱར་མེད།)
གནོད་པ་དགག་བྱ་འགོག་བྱེད་ཁོགས་ཤིག་བཀག། །དགྲ་བོ་དགུམ་བྱ་འགུམ་བྱེད་ཁུམས་ཤིག་བཀུམ། ། རྩམ་པ་བགམ་བྱ་འགམ་བྱེད་འགོམས་ཤིག་བགམས། ། ཐོག་ནས་བགོམ་བྱ་འགོམ་བྱེད་འགོམས་ཤིག་བགོམས། ། ཕས་རྒོལ་གཞོམ་བྱ་འཇོམས་བྱེད་ཆོམ་ཤིག་བཅོམ། ། ཐབས་ཀྱིས་གཅུན་བྱ་འཇུན་བྱེད་ཆུན་ཅིག་བཅུན། ། ས་བོན་གདབ་བྱ་འདེབས་བྱེད་ཐོབས་ཤིག་བཏབ། ། ཐང་མ་བརྡལ་བྱ་གདལ་བྱེད་གདོལ་ཞིག་བདལ། ། ས་ལ་གཟུག་བྱ་འཛུགས་བྱེད་ཚུགས་ཤིག་བཙུགས། ། མདུན་དུ་གཞག་བྱ་འཇོག་བྱེད་ཞོག་ཅིག་བཞག། ། ཞགས་པས་གཟུང་བྱ་འཛིན་བྱེད་ཟུངས་ཤིག་བཟུང་། ། ལག་པ་གཟེད་བྱ་འཛེད་བྱེད་ཟེད་ཅིག་བཟེད། ། ལྕགས་དམར་མགར་བྱ་མགར་བྱེད་མགོར་ཞིག་མགར། ། སྐད་ཆ་མཉན་བྱ་ཉན་བྱེད་ཉོན་ཞིག་མཉན། ། ལྟ་བུ་སོགས་སོ། །
གཉིས་པ། གཞན་དང་འབྲེལ་བའི་བྱ་བ།
གཞན་དང་འབྲེལ་བའི་བྱ་བ་ནི། ། ལས་ཀྱི་དངོས་པོའི་འགྱུར་བ་ཡིན། །
ལས་ཀྱི་དངོས་པོ་འགྱུར་ལྡོག་སྟེ། ། བྱེད་པའི་རྩོལ་བས་གྲུབ་པ་ཡིན། །
བྱ་བ་བདག་གཞན་རྣམ་གཉིས་ནི། ། རྒྱུ་དང་འབྲས་བུའི་འབྲེལ་བ་ཡིན། །
བྱ་བ་བདག་ལ་དུས་གསུམ་ཡོད། ། བྱ་བ་གཞན་ལ་དུས་ཁྱད་མེད། །
(བདག་འབྲེལ་བྱ་བ་འདས་པ རྟགས་ཀྱིས་མཚོན། གཞན་འབྲེལ་བྱ་བ་ཡིག་གཟུགས་གཅིག རྟགས་
ཀྱིས་མཚོན་པ)
༡. མིང་གཞི་གཅིག་པའི་རྐྱང་བརྩེགས་ཁྱད། ། བརྩེགས་པ་བདག་དང་རྐྱང་བ་གཞན། །
མིང་གཞི་གཅིག་པའི་རྐྱང་བའི་ཁྱད། ། འཕུལ་ཅན་བདག་དང་འཕུལ་མེད་གཞན། །
ཤེད་ཀྱིས་བསྒུལ་ནས་འགུལ་བར་འགྱུར། ། ཐི་གུ་བསྒྲིམས་པ་ཧ་ཅང་གྲིམ། །
བུ་ཕྲུག་བསྙལ་བ་ཉལ་ནས་འདུག། གཟུ་བས་བསྡུམས་ནས་འདུམ་པར་འགྱུར། །
ཆུ་ལ་སྦངས་པ་བངས་ཤིང་མཉེན། ། ཡར་ལ་བསླངས་ནས་ལངས་པའོ། །
མར་ལ་མནན་ཀྱང་མི་ནོན་པ། ། ཅོག་ཙེར་བཞག་ནས་མ་ཞོག་ལྷུང་། །
རླུང་གིས་གཡོས་ནས་ཡོ་ཞིང་འགུལ། ། ལྐུགས་པས་བཤད་འདོད་གཏམ་མི་ཤོད། །
སྨན་གྱིས་གསོས་ནས་ནད་རྙིང་སོས། ། དོང་ཙེ་བསགས་ནས་སོགས་པ་མང་། །
༢. མིང་གཞི་སྡེ་བ་གཅིག་པ་ལས། ། བརྩེགས་པ་བདག་དང་རྐྱང་བ་གཞན། །
མིང་གཞི་རྐྱང་བའི་བདག་གཞན་ཁྱད། ། མིང་གཞི་ཕོ་བདག་མ་ནིང་གཞན། །
མིང་གཞི་མོ་ཙམ་བདག་དང་ནི། ། དེ་ལས་ཞན་པ་གཞན་ཡིན་ནོ། །
འཕྲུལ་འཁོར་བསྐོར་བ་ཀྱི་ལེར་འཁོར། ། ཆུ་བོ་བསྐྱིལ་ནས་མཚོ་རུ་འཁྱིལ། །
ཆུ་ལ་བསྟིམས་ན་ཐིམ་པ་བཞིན། ། བསྟུན་པར་མཁས་ན་ཀུན་དང་མཐུན། །
གོ་ས་སྤགས་ནས་མཐོ་སར་འཕགས། ། ཕུག་རོན་དགུང་ལ་སྤུར་ནས་འཕུར། །
ནོར་ལུག་སྤེལ་ནས་འཕེལ་བ་མགྱོགས། །ཅི་འདོད་སྤྲུལ་ནའང་འཕྲུལ་བ་མཚར། །
ལྕགས་སྐུད་དཀྱོགས་ནས་འཁྱོག་པར་གྱུར། ། ཁྲིམས་ཀྱིས་བཅུན་ན་མི་ཆུན་མེད། །
ཤེད་ཀྱིས་བཏེགས་ནས་ཐེག་བྱུང་བ། ། ཐུར་དུ་དཔྱངས་ནས་གྱང་རྩར་ཕྱང་། །
ཁབ་ཏུ་སྐུད་པ་བཙུད་ནས་ཚུད། ། རྡོ་རྩིག་བཤིགས་ནས་ཞིག་པ་དྲུད། །
ཁུག་ཁ་བསུམས་ནས་དམ་པོར་ཟུམ། ། རི་མོ་བསུབས་ནས་ཟུབས་པར་གྱུར། །
བལ་སྤུ་བསྲེགས་ནས་འདྲེགས་པ་དང་། ། ཐུག་འཕྲོ་བསྲོས་ནས་དྲོས་པ་འཐུང་། །
གཞན་དང་འབྲེལ་བའི་བྱ་བའི་མིང་བརྗོད་པའི་སྐབས་འདིར། བྱ་བ་བདག་གཞན་གཉིས་མཉམ་དུ་སྦྱར་བའི་རྒྱུ་མཚན་ནི། དེ་གཉིས་ཕན་ཚུན་གྱི་འབྲེལ་བ་དང་ཁྱད་པར་གསལ་བར་བྱས་པ་ཡིན། དེ་ལུགས་ལེགས་པར་རྟོགས་ན། རྩོམ་མམ་གཏམ་དུ་དེ་གཉིས་གང་བབ་ཅིག་འཇུག་དགོས། དངོས་སུ་དགོས་པ་ཡོད་ན་གཉིས་ཀ་ཚིག་གཅིག་ཏུ་སྦྱར་ཆོག དེ་ལུགས་སྔོན་བྱོན་མཁས་པ་རྣམ་པའི་གསུང་རྩོམ་ལ་བལྟས་ན་གསལ།
① དུག་གསུམ་བདུད་འདུལ་ཀུན་ཏུ་ཐུལ། ། (ཐོན་མིའི་ཡིག་ཕུད་ལས)
②འདོད་ཡོན་ལྔ་བོ་ཡིད་ན་མེད། ། ཨ་མའི་དྲན་པ་མི་འཁྱུར་རོ། ། (མི་ལའི་མགུར་འབུམ་ལས)
③ཆུ་ལས་འོ་མ་ངང་པས་ཕྱེད། ། བ་ལས་འོ་མ་ཀུན་གྱིས་ལོང་། ། (ས་སྐྱ་ལེགས་བཤད་ལས)
④གཏམ་གྱི་བཞད་གད་ཐོན་པ། ། ཤགས་ཀྱིས་ཕ་རོལ་ནོན་པ། ། (ཕོ་རྩལ་སྣ་དགུ་ལས)
⑤མཁས་པ་ཡིག་ཚངས་མ་བསྟོད་ན། ། ཕྱིན་ཆད་མཛངས་ངན་ཤན་མི་ཕྱེད། ། (དེབ་ཐེར་མཁས་སྟོན་ལས)
⑥རང་དོན་འཁྲི་བ་མ་ཆོད་པར། ། གཞན་དོན་སྒྲུབ་
པ་རྫུན་དུ་གདའ། ། (རྫུན་པ་ཉི་ཤུའི་གཏམ་སྦྱོར་ལས)
⑦ཤོག་ཁུད་མེ་མི་ཐུམ། ། གངས་འོག་རོ་མ་འཁུང་། །
(གེ་སར་སྒྲུང་ལས)
⑧ལྐུགས་པས་གཏམ་མི་ཤོད། ། ལོང་བས་གཟུགས་མི་མཐོང་། ། (གེ་སར་སྒྲུང་ལས)
⑨ལྗོན་ཤིང་གཅོད་པ་དཀའ་ན་ཡང་། ། སྦྱར་བའི་ཚེ་ན་འབྱོར་ལ་ལྟོས། ། (དགེ་ལྡན་ལེགས་བཤད་ལས)
⑩སྡིག་པ་ཆུ་ཡིས་མི་ཁྲུས། ། སྡུག་བསྔལ་ལག་པས་མི་ཕྱོག།། (ཐུའུ་བཀྭན་གྱི་ཆབ་ཤོག་ལས)
བུ་བཟང་པོ་ཁ་བཤད་དོན་ལ་གནས། ། མཚོན་རྣོན་པོ་ཤ་ཆོད་རུས་པ་ཐུབ། ། (གཏམ་དཔེ)
བསྒྲུབས་ན་ལྷ་ཡང་འགྲུབ་འགྱུར་ལ། ། བཅོམ་ན་བྲག་ཀྱང་ཞིག་པའི་ཕྱིར། ། (རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ལས)
གང་ལ་བདེ་སྐྱིད་འཛོམས་པ་དེར། ། མ་བསྡུས་པར་ཡང་སྐྱེ་བོ་འདུ། (ཤིང་གི་བསྟན་བཅོས་ལས)
རྐང་བྱིན་པའི་གྱད་ཟུང་སྟོབས་བསྐྱེད་ཀྱང་། ། ཁུར་ལུས་པོ་མི་ཐེག་ལིང་ལིང་འདར། ། (དབྱངས་ཅན་དགའ་བློའི་གསུང)
ལག་ཡས་མི་དོབ། ། རྐང་ཡས་མི་འཕོ། ། (གཏམ་རྒྱུད་རིན་ཆེན་ཕྲེང་བ་ལས)
ལོངས་སྤྱོད་འདི་བློ་ཡིས་མ་ཐོང་ན། ། གཞན་ཕན་གྱི་ཐུགས་རྗེ་འབྱུང་བ་དཀའ། ། (འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར་ལས)
མཁས་པར་གྱུར་པ་གང་ཞེ་ན། ། བྱེ་བྲག་ཇི་བཞིན་ཕྱེད་པ་འོ། །(སློབ་དཔོན་དོན་ཡོད་འཆར་གྱི་གསུང)
ལག་པས་སྒྲོན་མེ་ཐོགས་ན་ཡང་། ། ལོང་བས་ལམ་ནི་མི་མཐོང་ངོ་། ། (ཚིགས་བཅད་མཛོད་ལས)
རྒྱལ་སྲས་སྤྱོད་པ་ཀུན་བསྡུས་ན། ། ཚུལ་ཁྲིམས་རིན་ཆེན་གསུམ་དུ་འདུས། ། (རླུང་གི་བསྟན་བཅོས་ལས)
གསུམ་པ། བདག་གཞན་གང་ལའང་མ་འབྲེལ་བའི་བྱ་བ།
བདག་གཞན་མ་འབྲེལ་བྱ་བ་ནི། ། རང་གི་ངང་གིས་བྱུང་བ་ཡིན། །
བརྩེགས་མ་ཉུང་ལ་རྐྱང་བ་མང་། ། གཟུགས་འགྱུར་ཉུང་ལ་མི་འགྱུར་མང་། །
མི་ལ་འཇུག་རུང་མ་གཏོགས་པ། ། སྐུལ་ཚིག་སྤྱིར་བཏང་མེད་པའོ། །
(ཡིག་གཟུགས་གཅིག་པ་ལ རྟགས་དང་། ཡིག་གཟུགས་འགྱུར་བ་གཉིས་ཅན་ལ རྟགས་དང་། འགྱུར་བ་གསུམ་ཅན་ལ རྟགས་དང་། སྐུལ་ཚིག་ཐོབ་པ་ལ རྟགས་ཀྱིས་མཚོན་པའོ། །)
ན་ཡང་སྨན་ལ་མཇེད་ནས་གཉིད། ། ཉལ་བ་མང་ན་ལས་མགོ་འཆོར། ། མེ་དཔུང་འབར་ས་བྲོས་ནས་ཐར། ། གཞུང་ལ་རེམ་ནས་རང་དོན་ཡལ། ། ལྟོ་ཚེ་ཕྱིད་ནས་དགའ་ཞིང་མགུ། ། བྱ་རྒོད་བབས་ནས་ཐེད་ལ་རུབ། ། ལུག་ཁྱུ་འདྲོགས་ནས་ཞོགས་ཤིང་བྱེར། ། འཕུར་ཏེ་ལྷུང་ནས་འདམ་ལ་ཟུག། ། ཆུ་ནང་འཛུལ་ནས་ཕྱི་ལ་བུད། ། མགྱོགས་པར་བརྒྱུགས་ཀྱང་དབུགས་མ་སྔམ། ། ཐན་པ་བྱུང་ནས་རྩི་ཤིང་སྐམ། ། བསྡད་ནས་མ་འགྲིགས་ཤིན་ཏུ་སྐྱོ། ། ལྟ་བུ་སོགས་སོ། །
བཞི་བ། བྱ་བ་རིགས་གསུམ་རྟེན་ཅིང་འབྲེལ་བ།
བྱ་བའི་མིང་ལ་རིགས་གསུམ་ཡོད། ། རྟེན་ཅིང་འབྲེལ་བར་བྱུང་བ་ཡིན། །
གསུམ་གའི་མིང་གཞི་གཅིག་པའམ། ། མིང་གཞི་སྡེ་བ་གཅིག་པ་སྟེ། །
སྒྲ་གདངས་མི་འདྲ་གོ་རིམ་བཞིན། ། དྲག་ཞན་བར་མ་གསུམ་དུ་མངོན། །
(བྱེད་པའི་རྩོལ་བ རྟགས་དང་། ལས་ཀྱི་འགྱུར་བ རྟགས་དང་། ངང་གིས་བྱུང་བ རྟགས་ཀྱིས་མཚོན་པ།)
བཀྱིགས་ནས་འཁྱིགས་ཀྱང་མ་གྱིགས་ཁ་ནས་སྡིག། ། མདུད་པ་བཀྲོལ་ཀྱང་མི་འཁྲོལ་ཅི་ཕྱིར་གྲོལ། །བཀབ་ནས་ཁེབས་པའི་འོག་ཏུ་གབ་ནས་འདུག།། བཀང་ནས་ཁེངས་པའི་ཆང་ནི་ཅན་གང་འཐུང་། ། ཁྱི་ངན་བཀག་ནས་མ་ཁོག་སྐད་ཀྱང་འགག།། རྒས་ནས་མ་གུམ་དགྲ་ཡིས་བཀུམ་ནས་ཁུམ། ། རྭ་ཅོ་གུག་པ་བཀུག་ནས་ཁུག་པ་མིན། ། བཀས་ནས་ཁོས་པ་མང་ལ་གས་པའང་འདུག། ། བཀྱགས་ཀྱང་མི་ཁྱོག་ཁུར་ནས་ཁྱག་ས་མེད། ། ལུས་ལ་རྨ་འགྲམས་བཀྲམ་ནས་ཁྲེམས་པ་མིན། ། བཅག་ནས་མ་ཆོག་ངང་གིས་ཆག་པ་མཚར། ། ཐག་པ་བཅད་ཀྱང་མ་ཆོད་ཆད་མི་དཔེ། ། བལ་འཇམ་གཅུས་ནས་འཆུས་པའི་འཇུ་རིས་མང་། ། སྣོད་ཞབས་ཞོམ་པ་བཅོམ་ནས་ཆོམ་པ་མིན། ། ནང་དུ་ཞུགས་པ་བཅུག་ནས་ཆུག་པ་མིན། ། གདུལ་བྱ་བཏུལ་ནས་ཐུལ་བས་དུལ་བར་གནས། ། ཤོག་བུ་ཐང་ལ་བཏིང་ལ་ཐིངས་པ་མིན། ། བཏུམས་ནས་ཐུམ་པའི་དུམ་པ་བཅུ་གཉིས་བྱུང་། ། བརྟོལ་ནས་བརྡོལ་བའི་ཁུང་ནས་ཐོལ་གྱིས་བྱུང་། ། བསྟིམས་ནས་མ་ཐིམ་རྐང་བ་བྱེ་མར་དིམ། ། དཔྲུལ་ནས་ཕྲུལ་བའི་གོར་བྲུལ་སྐམ་པོ་ཟ། ། འབེལ་བ་གང་མང་སྤེལ་ནས་འཕེལ་བ་མིན། ། མེ་ཏོག་ཁ་བྱེ་ཕྱེ་ནས་ཕྱེད་པ་མིན། ། གྱང་ལ་སྦྱར་ནས་འབྱོར་བ་འབྱར་ནས་འདུག།། ལག་རྩལ་སྦྱངས་ནས་འབྱོངས་པ་རབ་ཏུ་བྱང་། ། བཙུགས་ནས་མ་ཚུགས་འདམ་ལ་ཟུག་པར་འགྱུར། ། བསླབ་པ་ལྡོབས་པ་སྐྱེན་པས་ཅི་ཡང་ལོབ། ། གཅིག་ཏུ་འདོམ་ཡང་བསྡམས་ནས་དོམ་པ་མིན། ། སློད་ནས་ལྷོད་པ་མིན་ཡང་ཁྱི་ལས་ལོད། ། ཕྱི་ལ་དོན་པ་བཏོན་ནས་ཐོན་པ་མིན། ། ལྟ་བུ་ལ་སོགས་པའོ། །
ལྔ་བ། བྱ་བ་རིགས་གསུམ་མཐའ་གཅིག་ཏུ་ངེས་པ་མེད་ཚུལ།
བྱེད་པའི་རྩོལ་བ་བདག་འབྲེལ་བྱ་བ་ཡིན། ། བྱེད་པོ་མེད་ན་བདག་གཞན་བྱ་བ་མེད། །
ལས་ཀྱི་འགྱུར་བ་གཞན་འབྲེལ་བྱ་བ་ཡིན། ། ལས་གཟུགས་བསྐྲུན་པར་གཞན་འབྲེལ་བྱ་བ་མེད། །
རང་གི་ངང་གིས་བྱུང་བའི་བྱ་བ་ལ། ། བདག་གཞན་གང་ལའང་འབྲེལ་བ་མེད་པའོ། །
གོང་གསལ་བྱ་བའི་མིང་ལ་རྟེན་ཅིང་འབྲེལ་བའི་རིགས་གསུམ་གྱི་དབྱེ་བ་མངོན་སུམ་དུ་ཡོད་ཀྱང་། གསུམ་གསུམ་དུ་འཛོམས་པའི་ངེས་པ་མེད་དེ། ལས་ཀྱི་དངོས་པོ་སྔར་མེད་པ་གང་། རྩོལ་བ་ལས་ཆོས་ཅན་ཞིག་ཏུ་གྲུབ་པ་ལ། བདག་འབྲེལ་གྱི་བྱ་བ་ཙམ་ལས་གཞན་འབྲེལ་གྱི་བྱ་བ་མེད་པ། སྐུ་འདྲ་བཞེངས་པ། ཡི་གེ་འབྲི་བ། གྱང་བརྡུངས་པ། རྩམ་པ་བརྫི་བ། ལྟ་བུ་སོགས་སོ། ། ལས་ཀྱི་དངོས་པོ་སྔར་ཡོད་པ་གང་། བྱེད་པའི་རྩོལ་བ་ལས། རྣམ་པ་གཞན་ཞིག་ཏུ་འགྱུར་བ་ལ། བདག་གཞན་བྱ་བ་གཉིས་ཀ་ཡོད་མོད། བདག་གཞན་དང་མ་འབྲེལ་བའི་བྱ་བ་མེད་དེ། བལྟས་ནས་མཐོང་། རས་གཤགས་ནས་ཤོགས་པ། གདན་དྲངས་ནས་འདྲོངས་པ། ལྟ་བུ་སོགས་སོ། ། བེམ་པོ་གང་ཞིག་རང་གི་འགྱུར་ལྡོག་མ་གཏོགས་པ། བྱེད་པོའི་ལས་སུ་མི་རུང་བ་ལ། བྱ་བ་བདག་གཞན་གང་ཡང་མེད། ཉི་མ་ཤར་བ། རླུང་གཡུག་པ། མེ་ཏོག་བཞད་པ། ལྟ་བུ་སོགས་སོ། ། སེམས་ཅན་གང་ཞིག་ལས་ལ་མ་བལྟོས་པར། རང་གི་འདུ་བྱེད་ངང་ངམ་ཤུགས་ཀྱིས་བྱུང་བ་ལ། བདག་གཞན་དང་མ་འབྲེལ་བའི་བྱ་བ་ཙམ་ལས་མེད་དེ། ང་འགྲོ། རྟ་རྒྱུག བཏགས་ཁྱི་ཤོར་སོང་། ལྟ་བུ་སོགས་སོ། །
གཞན་ཡང་། དཔེ་ཆ་བལྟས་ཚར། གོན་པ་བཟོས་ནས་གྲུབ་སོང་། ཆང་འཐུང་ནས་བཟི། ལྟ་བུ་སོགས་བྱ་བ་བདག་གཞན་མཉམ་དུ་སྦྱར་བ་མིན་ཏེ། བལྟས་པ། བཟོས་པ། འཐུངས་པའི་མཐའ་ཇི་ལྟར་འགྱུར་བ། ཁ་བསྐངས་ནས་རང་བྱུང་གི་བྱ་བ་ཚར་བ། གྲུབ་པ། བཟི་བ་ཞེས་པ་དག་གིས་གསལ་བར་བྱས་སོ། ། ཡང་། སེམས་ཅན་རང་ཤུགས་ཀྱི་བྱ་བ་དེ་བྱེད་པའི་རྩོལ་བར་བསྒྱུར་ཐུབ། དཔེར་ན། བྱིས་པ་ཉལ་བ་ལ། བྱིས་པ་ཉལ་བར་བྱེད་པ་ཞེས་པས་གྲུབ། དེ་ཡང་ཚིག་སྔ་མ་ལས། བྱིས་པ་ལས་དང་མ་འབྲེལ་བ་བྱེད་པ་ཙམ་ཡིན་ཞིང་། ཚིག་ཕྱི་མ་ལས་བྱིས་པ་བྱ་བའི་ཡུལ་དུ་འཇུག་པ་ཡིན་ནོ། ། དཔེ་དེ་བཞིན་ནོར་ལུག་འཕེལ་བར་བྱེད་པ་དང་། རྟ་རྒྱུག་གཏོང་བ། ལྟ་བུ་སོགས་སོ། །
གངས་ཅན་སྐད་ཀྱི་དགའ་ཚལ་ཕྱུག་མོ་ལས། ། བྱ་བ་རིགས་གསུམ་མེ་ཏོག་རྣམ་པར་བཀྲ། །
བདག་གཞན་རྣམ་གསུམ་རང་མདངས་སོ་སོར་གསལ། ། ངག་གི་གསོས་སུ་བདུད་རྩི་འདི་ལོངས་ཤིག །
བྱ་བ་རིགས་གསུམ་ཤེས་རབ་ཅན། ། ཐ་སྙད་མངའ་ཁོངས་ཕྱེད་ཀ་དབང་། །
འཆད་རྩོད་རྩོམ་པར་ཐོགས་པ་མེད། ། ངག་རྩལ་མཁས་པའི་དཔལ་ཤར་བ། །