མིག་སྔར། རྔ་བ་ཁུལ་མཛོད་དགེ་རྫོང་གི་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས། ཟླ་གཅིག་རིང་གི་སྨན་རྫས་རྫུན་མ་བཟོ་ཚོང་བྱེད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་བཀག་འགོག་བྱེད་པའི་ཕྱོགས་བསྡུས་བཅོས་བསྒྲིག་གི་བྱ་འགུལ་སྤེལ་ཡོད་ལ། བཅོས་སྒྲིག་ལས་ཀ་སྤེལ་ཡུལ་གཙོ་བོ་ནི་རྒྱ་ཆེའི་མང་ཚོགས་ཀྱི་བདེ་རྩ་དང་ཐད་གར་འབྲེལ་བའི་སྙིང་ཁ་དང་ཀླད་པའི་ཁྲག་རྩ་སོགས་ནད་རིགས་ཚབས་ཆེན་དག་གི་སྨན་རྫས་རིགས་སྣ་ཚོགས་ཡིན་ཞིང་། དེ་བཞིན་ཚོང་ལས་དཔང་རྟགས་མེད་པ་དང་དཔང་རྟགས་རྫུན་བཟོ་བྱས་པ། ཁྱབ་ཁོངས་ལས་བརྒལ་ནས་ཚོང་ལས་གཉེར་བ། ཁྲིམས་འགལ་གྱི་ཐབས་ལམ་བརྒྱུད་ནས་ཚོང་གཉེར་བྱེད་པ། ཚོང་རྫས་སྐྱེལ་བ་སོགས་ཀྱི་ཚོང་གཉེར་ཐབས་ལམ་བརྒྱུད་ནས་སྨན་རྫས་རྫུན་མ་འཚོང་མཁན་དག་ལ་བཅོས་སྒྲིག་དང་གཙང་སེལ་བྱས་ཡོད། ད་ལྟའི་བར། རྔ་བ་ཁུལ་མཛོད་དགེ་རྫོང་གི་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལས་བྱེད་མི་སྣ་མི་ཐེངས་147དང་། ཁྲིམས་འཛིན་རླངས་འཁོར་ཐེངས་35མངག་གཏོང་བྱས་ནས། སྨན་རྫས་སིལ་ཚོང་ཁང་15དང་སྨན་བཅོས་ལས་ཁུངས་21བཅས་ལ་བརྟག་དཔྱད་བྱས་ཏེ། བཅོས་སྒྲིག་འགན་སྲུང་གི་བཀའ་རྒྱའི་ཡི་གེ་ཞིག་ཀྱང་བཀྲམས་ཡོད། །