སྤྱི་ཟླ་༡༠པའི་ཚེས་༢༤ཉིན། ནུབ་རྒྱུད་ས་ཁུལ་ཕྱོགས་ཡོངས་ནས་གསར་སྤེལ་སྒོ་འབྱེད་བྱེད་པའི་སྒེའུ་ཁུང་གལ་ཆེན་ཏེ། སྐབས་བཅོ་ལྔ་བའི་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་བཤམ་སྟོན་འདུ་ཚོགས་ཀྱི་དབུ་འབྱེད་མཛད་སྒོ་དང་སྐབས་བདུན་པའི་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་མཉམ་འབྲེལ་གླེང་སྟེགས་གཉིས་སི་ཁྲོན་ཞིང་ཆེན་ཁྲེན་ཏུའུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་མ་ཁའེ་ཐེངས་འདིའི་དབུ་འབྱེད་མཛད་སྒོ་དང་གླེང་སྟེགས་ལ་ཞུགས་ཤིང་། 《བཅོས་བསྒྱུར་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བ་ཇེ་མགྱོགས་སུ་གཏོང་དགོས》ཞེས་པ་བརྗོད་བྱ་བྱས་པའི་གསུང་བཤད་གནང་། ཐེངས་འདིའི་ནུབ་རྒྱུད་བཤམ་སྟོན་འདུ་ཚོགས་རྩ་འཛུགས་ཨུ་ཡོན་གྱི་ཀྲུའུ་རེན། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། སི་ཁྲོན་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ཝང་ཏུང་མིང་གིས་དབུ་འབྱེད་མཛད་སྒོ་དང་གླེང་སྟེགས་ཐོག་གསུང་བཤད་གནང་། ཐེངས་འདིའི་ནུབ་རྒྱུད་བཤམ་སྟོན་འདུ་ཚོགས་རྩ་འཛུགས་ཨུ་ཡོན་གྱི་ཀྲུའུ་རེན། སི་ཁྲོན་ཞིང་ཆེན་གྱི་ཞིང་དཔོན་ཝེ་ཧུང་གིས་དབུ་འབྱེད་མཛད་སྒོ་དང་གླེང་སྟེགས་གཙོ་སྐྱོང་གནང་སྟེ། དབུ་འབྱེད་མཛད་སྒོ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།
ཐེངས་འདིའི་ནུབ་རྒྱུད་བཤམ་སྟོན་འདུ་ཚོགས་ཀྱི་སྐུ་མགྲོན་རྒྱལ་ཁབ་གཙོ་བོ་ནི་ཧྥ་རན་སི་ཡིན་ལ། རེས་བསྐོས་ཀྲུའུ་ཞིའི་ལས་ཁུངས་ནི་ཧྲན་ཞི་ཞིང་ཆེན་ཡིན། བརྗོད་དོན་གྲོང་ཁྱེར་ནི་ལུའུ་ཀྲོའུ་གྲོང་ཁྱེར་ཡིན། བཤམ་སྟོན་འདུ་ཚོགས་ཀྱི་གཞི་ཁྱོིན་ཇེ་ཆུང་དུ་གཏོང་བ་རྒྱུན་འཁྱོངས་དང་། སྤུས་ཀ་ཇེ་བཟང་དུ་གཏོང་བ། འདུ་འཚོགས་དེ་ཆེས་ཐོག་མར་ཚན་པ་གཉིས་ཕྱེ་ནས་འཚོགས་པ་རེད། ཚན་པ་དང་པོར། བཟོ་ལས་གཙོ་བོ་ཡིན་ཞིང་དངུལ་འཇོག་སྐུལ་སྤེལ་འབུར་ཐོན་རེད། ཚན་པ་གཉིས་པར། འཛད་སྤྱོད་ཐོན་རྫས་གཙོ་བོ་ཡིན་ཞིང་ཚོང་དོན་མཉམ་ལས་འབུར་ཐོན་རེད། སྤྱིའི་བཤམ་སྟོན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་24ཡོད་ལ། རྒྱལ་ཁབ་དང་ས་ཁུལ་80ཡི་ཁེ་ལས་9000བཤམ་སྟོན་འདུ་ཚོགས་ནང་ཞུགས་ཡོད། རྒྱལ་ཕྱི་ནང་གི་གདན་ཞུའི་སྐུ་མགྲོན་དང་ཚོང་ལས་སྐུ་མགྲོན་ཁྲི་6ལྷག་འདུ་ཚོགས་ནང་ཞུགས་ཤིང་། དེའི་ནང་དུ་གདན་ཞུའི་སྐུ་མགྲོན་ཁྲི་2ལྷག་ཡོད། འདུ་ཚོགས་སྤེལ་བའི་རིང་། དངུལ་འཇོག་སྐུལ་སྤེལ་དང་ཚོང་དོན་མཉམ་ལས་སྐོར་གྱི་བྱེད་སྒོ་རིགས་སྣ་ཚོགས་79ཡོད་པ་དང་། དེའི་ནང་བྱེད་སྒོ་གལ་ཆེན་8འདུས་ཤིང་། ཆེད་དམིགས་ལས་གཞིའི་རྣམ་གྲངས་42དང་། རྒྱལ་སྤྱིའི་རང་བཞིན་ཅན་གྱི་བྱེད་སྒོའི་རྣམ་གྲངས་44བཅས་ཡོད། །