འཇམ་དབྱངས་ཆོས་སྒྲོན་དང་དཀོན་མཆོག་རྡོ་རྗེ།
སྡེ་དགེའི་པར་ཁང་ནི་སྡེ་དགེའི་ས་གནས་ཙམ་དུ་མ་ཟད་བོད་གངས་ཅན་ལྗོངས་དང་འཛམ་གླིང་གི་སྤྱི་ནོར་ཞིག་ཡིན་པས་དེ་ལ་ཞབས་ཞུ་དང་དོ་དམ་བྱེད་མཁན་ནི་སྤྱི་བཏང་བའི་དོ་དམ་པ་ཞིག་གིས་མི་འཐུས་པར་བོད་ཀྱི་རིག་གནས་ཀྱི་ཆུ་ཚད་མཐོན་པོ་དགོས་པ་དང་དེ་ལས་གལ་ཆེ་བ་ནི་པར་ཁང་ལ་ཆ་རྒྱུས་ཡོད་པ་དང་དེའི་རིན་ཐང་ཤེས་པ། དེ་ལ་ལྷག་བསམ་རྣམ་པ་དག་པས་ཞབས་ཞུ་བསྒྲུབ་འདོད་པའི་མི་ཞིག་འདེམས་པ་ནི་སྡེ་དགེ་རྫོང་གི་ངོས་ནས་བཤད་ན་གལ་ཆེའི་ནང་གི་དོན་ཆེན་ཞིག་ཡིན།
2012ལོར་སྡེ་དགེ་རྫོང་གིས་བརྒྱ་ནང་གཅིག་འདེམས་ཀྱིས་ཚང་བཀྲ་སྡེ་དགེ་པར་ཁང་གི་པར་དཔོན་གྱི་དམིགས་བསལ་བའི་ལས་གནས་སུ་བསྐོ་བཞག་བྱས། ཚང་བཀྲའི་ངོས་ནས་བཤད་ན་དེ་ནི་ལྗིད་ཏིག་ཏིག་གི་ལས་འགན་དམིགས་བསལ་བ་ཞིག་ཡིན་པས་ཁོང་གིས་འོས་འགན་དེ་ཕྲག་ཐོག་ཏུ་བབ་པའི་ཉིན་དེ་ནས་བཟུང་ལྷག་བསམ་རྣམ་པར་དག་པས་པར་ཁང་གི་སྲུང་སྐྱོབ་དང་འཕེལ་རྒྱས་ལ་སྲི་ཞུ་ཅི་ནུས་བསྒྲུབ་པ་ནི་རྙེད་དཀའ་བའི་མི་ཚེའི་རིན་ཐང་ཞིག་ཏུ་བརྩིས་ནས་དེ་ལ་རང་ནུས་ཡོད་དགུ་བཏོན་པའི་དམ་བཅའ་བཞག
སྤྱིར་ཚང་བཀྲ་ནི་སྤྱི་ལོ་1986ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་སློབ་ཐོན་བྱུང་ཞིང་། དགེ་རྒན་དམ་པ་ཐུབ་བསྟན་ཉི་མ་དང་། མཁན་པོ་པན་ཚེ། དིས་ཆུང་བློ་ཆོས། ར་སྐོར་ཐུབ་ནོར། བསོད་རིག །བློ་བཟང་དོན་འགྲུབ་སོགས་དགེ་བའི་བཤེས་གཉེན་དུ་མ་ལ་བརྟེན་ནས་བོད་ཀྱི་གནས་ལྔ་རིག་པ་ལ་སྦྱོང་བརྩོན་གྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་ལྷོ་ནུབ་མི་རིགས་སློབ་གྲྭ་རུ་ལས་བགོས་བྱས་རུང་། ཁོང་ཕ་ཡུལ་ལ་བརྩེ་བ་ཆེ་བས་ཕ་ཡུལ་གྱི་འཕེལ་རྒྱས་ལ་ཞབས་ཞུ་བསྒྲུབ་འདོད་ཀྱི་ལྷག་བསམ་བཟང་པོའི་མཐུ་ལ་བརྟེན་ནས་ལོ་ཤས་རྗེས་སུ་ཕྱིར་ཕ་ཡུལ་དུ་ལས་གནས་སྤོས། སྔོན་རྗེས་སུ་རྫོང་ཆོས་ལུགས་ཅུས་དང་། རྫོང་སྲིད་གྲོས་ཁང་སོགས་སུ་ཕྱག་ལས་གནང་ཞིང་། སྡེ་དགེ་རྫོང་གི་དགོན་སྡེ་ཁག་གི་ལོ་རྒྱུས་འཚོལ་སྡུད་བྱས་པ་དང་། སྡེ་དགེའི་པར་ཁང་གི་དཀར་ཆག་རྒྱས་པ་སྒྲིག་པའི་འགན་ཁུར་བས་ད་ལྟ་དགོན་སྡེའི་ལོ་རྒྱུས་དང་པར་ཁང་དཀར་ཆག་དེབ་བརྒྱད་ཙམ་པར་དུ་བསྐྲུན་ཟིན།
ཚང་བཀྲས་པར་ཁང་གི་པར་དཔོན་གྱི་འགན་ཁུར་བའི་ཉིན་དང་པོ་ནས་བཟུང་པར་ཁང་སྲུང་སྐྱོབ་ཐད་ཀྱི་མེ་འགོག་བྱ་བ་དེ་དོ་དམ་ཐད་ཀྱི་ལས་ཀ་ཨང་དང་པོ་བརྩིས་ནས་དེང་རབས་སྔོན་ཐོན་གྱི་གློག་མིག་བཙུགས་ནས་ཉིན་མཚན་ཀུན་ཏུ་འཆར་ཤེལ་གཅིག་གི་ངོས་སུ་པར་ཁང་ཆེན་མོའི་ཕྱི་ནང་ཚང་མ་མཐོང་ཐུབ་པ་བྱས་ཏེ་དུས་ཚོད་ཉེར་བཞི་ལྟ་སྲུང་བྱས་པ་དང་། མེ་སྐྱོན་སྔོན་འགོག་གི་ཆེད་དུ་དྲོད་ཚད་མཐོན་པོར་གྱུར་དུས་གློག་གིས་ཉེས་བརྡ་གཏོང་བའི་དེང་རབས་འཕྲུལ་ཆས་བཙུགས་ཏེ་པར་ཁང་གི་མེ་སྐྱོན་ལ་སྔོན་འགོག་བྱས། དེ་དང་ཆབས་ཅིག་པར་ཁང་གི་ཁོར་ཡུག་རྒྱ་སྐྱེད་གཏོང་བའི་ལས་མགོ་བརྩམས་ཏེ། མདུན་གྱི་རླངས་འཁོར་འགྲོ་སའི་གཞུང་ལམ་དེ་ཆུ་ཕ་རིའི་རི་ཁུག་ཏུ་སྤོས་ནས་པར་ཁང་མདུན་གྱི་སྐོར་ལམ་རྒྱ་ཆེ་རུ་བཏང་།
སྡེ་དགེའི་པར་ཁང་འཛུགས་སྐྲུན་བྱས་ནས་ཧ་ལམ་མི་ལོ་སུམ་བརྒྱའི་རིང་གི་ལོ་རྒྱུས་ཀྱི་རྒྱུད་རིམ་ཁྲོད་དུ་པར་ཤིང་རྣམས་པར་གྲངས་མང་ཆེ་བའི་དབང་གིས་ཟད་སོང་བ་དང་། མང་ཆེ་བ་བྱི་བས་ཟོས་ནས་པར་ཤིང་ལྡེབ་གྲངས་སུམ་སྟོང་ལྷག་ཙམ་ལ་ཉམས་གོད་ཚབས་ཆེན་བྱུང་ཡོད་པ་གཟིགས་འཕྲལ་སྤྱི་ལོ་2013ལོ་ནས་བཟུང་མི་ལོ་ལྔའི་རིང་ལ་པར་བརྐོས་མི་གྲངས་བཞི་ཙམ་ཞིག་ལ་བྱི་བས་ཟོས་པའི་པར་ཤིང་རྣམས་ཉམས་གསོ་བྱེད་དུ་བཅུག་པ་དང་། ལྷ་པར། སྲུང་འཁོར། བརྩེགས་འཁོར། ཇོ་པར། འཕྲེད་པར། ཀླུང་རྟའི་པར་སོགས་སྡེ་ཚན་སོ་སོར་ཕྱེས། རིགས་མཐུན་གཅིག་ཏུ་བསྡེབས། ཆེ་ཆུང་མཐུན་པར་བསྒྲིགས། པར་ཤིང་ཡོངས་རྫོགས་ལ་མཚན་བྱང་དང་ཨང་རིམ་བཀོད།
སྤྱི་ལོ་2014ལོ་ནས་དབུ་བཙུགས་ཏེ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་པར་ཤིང་གཉིས་པ་གསར་དུ་བརྐོ་བཞིན་ཡོད་པ་ལ་ཡང་ཞབས་ཞུ་གང་ལེགས་བསྒྲུབས་པ་དང་། བརྒྱད་སྟོང་སུམ་ཕབས་ཀྱི་པར་ཤིང་གསར་བརྐོ་བྱས། གཞན་ཡང་པར་ཁང་གི་གཙོ་བོའི་ལས་འགན་བཞེས་པའི་རིང་པར་ཁང་ཆེན་མོར་སྐུ་རྟེན་ཞལ་ཐང་གི་རིགས་ཤིང་པར་གསར་དུ་བརྐོས་པ་ལ། བདེ་ཆེན་ཞིང་བཀོད། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་། སྒྲོལ་མ་ཉེར་གཅིག །དབྱངས་ཅན་མ། ས་ཡི་སྙིང་པོ། རྣམ་ཐོས་སྲས། བཀའ་བརྒྱད་དགུ་ཐང་། རྗེ་འབངས་ཉེར་ལྔ། ཐང་སྟོང་རྒྱལ་པོ། སི་ཏུ་ཆོས་ཀྱི་འབྱུང་གནས། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། སྡེ་དགེའི་ཆོས་རྒྱལ་བསྟན་པ་ཚེ་རིང་། ཁམས་བརྐོས་ཀྱི་སྲོལ་འབྱེད་ལྷ་ཀླུ་དགྱེས། སྡེ་བྲིས་གསར་མའི་སྲོལ་འབྱེད་པ་སྐུ་ཚེ་གྲོང་ཉིན་ཀརྨ་ཚེ་དཔལ་བཅས་སྡོམ་ཞལ་ཐང་ཉེར་བདུན་གསར་དུ་བརྐོས།
གསུང་རྟེན་དཔེ་ཆའི་རིགས་ཤིང་པར་དུ་གསར་དུ་བརྐོས་པ་ལ་བརྒྱད་སྟོང་དང་། འཇམ་དཔལ་ལྟ་བའི་འདོད་པ་མདོར་བསྟན་པའི་མདོ། བོན་གྱི་སྟོན་པ་གཤེན་རབ་ཀྱི་གསུང་གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ། པདྨ་བཀའ་ཡི་ཐང་ཡིག སྙིང་པོའི་མདོའི་ཊིཀྐའི་སྙིང་པོ་རབ་གསལ་མེ་ལོང་། དཔལ་རྡོ་རྗེ་ནག་པོ་ཆེན་པོའི་གཏོར་ཆོག་དང་བསྐང་གསོ་སོགས་པར་ཤར་1300 ལྷག་དང་། གཟུངས་པར་གྱི་རིགས་གསར་དུ་བརྐོས་པ་ལ། གསར་གཟུངས་དང་རྙིང་གཟུངས། གཙུག་ཏོར་རྣམ་རྒྱལ་མའི་གཟུངས། དྲི་མེད་རྣམ་གཉིས་ཀྱི་གཟུངས། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་གཟུངས། འབྱུང་པོ་འདུལ་བྱེད་ཀྱི་གཟུངས་སོགས་པར་ཤར300ཙམ་དང་། གེ་སར་རྡོ་རྗེ་ཚེ་རྒྱལ་གྱི་སྲོག་འཁོར། བཀྲ་ཤིས་གཏེར་བུམ་གྱི་འབྱུང་བཞིའི་འཁོར་ལོ། བཀྲ་ཤིས་གཏེར་བུམ་གྱི་བསོད་ནམས་གླང་པོ་སྟོབས་བསྐྱེད་ཀྱི་འཁོར་ལོ་བཅས་འཁོར་ལོའི་རིགས་20ཙམ་གསར་དུ་བརྐོས་ཡོད། །