༄༅།། བཀྲ་ཤིས་རྡོ་རྗེ།

འཇམ་དབྱངས་ཆོས་སྒྲོན་དང་དཀོན་མཆོག་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-22




        པར་དཔོན་བཀྲ་ཤིས་རྡོ་རྗེ་ནི། ཁམས་སྡེ་དགེ་བ་རིང་མདའ་ཞེས་པར། ཡབ་འགུ་རེ་དཔལ་ལྡན་དང་། ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ་ས་སྟག་སྤྱི་ལོ་1938ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་སྐུ་འཁྲུངས། རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་བཀྲ་ཤིས་རྡོ་རྗེ་ཞེས་མིང་གནང་། དེ་ནས་དགུང་ལོ་བདུན་གྱི་ཐོག་གྲྭ་སར་ཞུགས་པ་དང་། སྤྱི་ལོ་1954ལོར་སྡེ་དགེ་དགོན་ཆེན་དགོན་པའི་བཤད་གྲྭར་ཞུགས་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་སྦྱོང་པ་དང་ཐོས་བསམ་མཛད།
        སྤྱི་ལོ་1978ལོར། སི་ཁྲོན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་བོད་རྒྱ་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་བྱེད་སྐབས། སྡེ་དགེ་པར་ཁང་ཆེན་མོའི་པར་རྒྱུས་ཡོད་མཁན་དཀོན་པ་དང་ནང་ཁུལ་གྱི་དཀར་ཆག་དང་སྤར་ཤིང་ཆ་མེད་ཡ་ཐོར་དུ་གནས་པའི་གནས་ཚུལ་འོག་བཀྲ་ཤིས་རྡོ་རྗེ་མཆོག་ནས་སྡེ་དགེ་རྫོང་ཨུའི་བཀོད་སྒྲིག་དང་དུ་བླངས་ནས་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོར་ཕྱག་ལས་གནང་འགོ་ཚུགས། དེ་ནས་སྤྱི་ལོ་1979ལོའི་ཟླ་5པར། སྡེ་དགེ་རྫོང་གིས་རྫོང་རིག་དངོས་བདག་གཉེར་ཁང་བཙུགས་ཤིང་། ཁོང་མུ་མཐུད་གཡར་སྤྱོད་བྱས་ཤིང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེས་གཙོས་དཔེ་རྒྱུན་གཙོ་རིགས་པར་འདེབས་ཞུས།
        སྤྱི་ལོ་1980ལོའི་ཟླ་5པར། བཀྲ་ཤིས་རྡོ་རྗེ་རིག་དངོས་བདག་གཉེར་ཁང་དུ་དངོས་སུ་ལས་སྒྱུར་བྱས་པ་མ་ཟད་རིག་དངོས་བདག་གཉེར་ཁང་གི་འགོ་འཛིན་གཞོན་པའམ་པར་དཔོན་གཞོན་པར་བསྐོ་བཞག་བྱས། ཐོག་མར་ཁོང་གིས་སྡེ་དགེའི་པར་ཁང་རིག་གནས་ཀུན་འདུས་གཞལ་མེད་ཁང་ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་གི་དཀར་ཆག་རྩོམ་འབྲི་གནང་ནས་སྤྱི་ལོ་1981ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས། དེ་ནས་ཁོང་གིས་མི་ཤུགས་དང་དངོས་ཤུགས་སྒྲིག་འཛུགས་གནང་ནས་པར་ཁང་ཆོས་མཛོད་ཆེན་མོའི་ཐོག་ཁང་དུ་གསེར་ཟངས་ལས་གྲུབ་པའི་གདུག་རྒྱལ་མཚན་དང་། ཆོས་འཁོར་རྨ་བྱ་དང་། གཎ་ཛི་ར་སོགས་ཡོངས་སུ་ཉམས་གསོ་མཛད་པ་དང་ཆབས་ཅིག་པར་ཁང་ཆོས་མཛོད་ཆེན་མོའི་ཕྱིའི་བཟོ་བཀོད་ཉམས་གསོ་དང་ནང་གི་རྟེན་གསུམ་བསྐྱར་བཞེངས། པར་ཤིང་རྩིས་བཤེར་སོགས་ཀྱི་འཆར་འགོད་དང་ལས་དོན་སྤེལ་འགོ་བརྩམས།
        དེ་ནས་མི་ཕམ་བཀའ་འབུམ་གྱི་ཆད་ལུས་པོད་བདུན་དང་རིན་ཆེན་གཏེར་མཛོད་སོགས་ཤིང་པར་བརྐོ་ཆེད། ཁོང་གིས་ཕྱོགས་གང་ས་ནས་པར་བརྐོའི་ལག་རྩལ་མི་སྣ་བཙལ་ཞིང་། མཐར་འཇོ་མདའ་ཀུ་སེ་ཤང་ནས་པར་བརྐོའི་ལག་རྩལ་མི་སྣ་ལྔ་གདན་འདྲེན་ཞུས་ཤིང་། སྤྱི་ལོ་1981ལོའི་སྤྱི་ཟླ་2པར་འཇམ་མགོན་མི་ཕམ་པའི་མཁས་འཇུག་སོགས་པར་བརྐོ་རྒྱུའི་དབུ་བཙུགས། དེ་དང་ཆབས་ཅིག་ཁོང་གིས་འཇོ་མདའ་ཀུ་སེ་ཤང་ནས་གདན་འདྲེན་ཞུས་པའི་ཚེ་བཀྲ་དང་ཚེ་འཕེལ་སོགས་སྤར་བརྐོ་མཁན་རྣམས་ལ་ཕྱོགས་གཅིག་ནས་པར་བརྐོ་རུ་འཇུག་པ་དང་ཕྱོགས་གཅིག་ནས་སློབ་མ་གསོ་སྐྱོང་བྱེད་དུ་བཅུག་པས་སྔ་ཕྱིར་སྡེ་དགེ་རྫོང་ཁོངས་སུ་པར་བརྐོའི་ལག་རྩལ་མི་སྣ་བརྒྱ་ལྷག་ཙམ་གསོ་སྐྱོང་བྱས།
        སྤྱི་ལོ་1981ལོའི་ཟླ་5པར། པར་ཁང་དུ་ལྷ་བཅའ་རྒྱུའི་དབུ་བཙུགས་ཤིང་། ནང་ཆེན་ལྷ་བཟོ་དཔོན་གཡོག་བརྒྱད་དང་། ལྕགས་ར་བློ་གྲོས་དང་རབ་བརྟན་བུ་གཡང་། སྤྲུལ་སྐུ་ཐུབ་བསྟན་ཚེ་རིང་སོགས་ལས་གྲྭ་སུམ་ཅུ་སོ་གཅིག་སྒྲིག་འཛུགས་གནང་ནས་ཆོས་ལོངས་སྤྲུལ་གསུམ་དང་སྟོན་པ། སྒྲོལ་མ། འཇམ་དབྱངས། ཕྱག་རྡོར་བཅས་ཀྱི་འདག་སྐུ་བཞེངས།
        སྤྱི་ལོ་1981ལོའི་དགུན་དུས་སུ་ཁོང་མུ་མཐུད་མཚོ་སྔོན་དང་། ཀན་སུའུ་སོགས་ས་གནས་ཀྱི་གྲོང་ཚོར་ཕེབས་ནས་དཀའ་བ་ཚད་མེད་སྤྱད་མཐར་བླ་བྲང་བཀྲ་ཤིས་འཁྱིལ་ནས་བསྟན་འགྱུར་ནང་ཆད་པའི་པར་ཤིང་གི་མ་ཡིག་འཚོལ་རྙེད་བྱུང་ནས་བཀའ་བསྟན་གྱི་པར་ཤིང་ཡོངས་སུ་ཚད་ལྡན་འཐུས་ཚང་དུ་གྲུབ། སྤྱི་ལོ་1985ལོར་ཁོང་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་རིག་དངོས་དངོས་མང་གཤམ་སྟོན་ཁང་ཁོངས་གཏོགས་སྔོན་ཐོན་མི་སྒེར་གྱི་གསེར་གྱི་རྟགས་མ་ཐོབ།
        པར་དཔོན་བཀྲ་ཤིས་རྡོ་རྗེ་མཆོག་གིས་ད་དུང་མཁས་དབང་ཐང་བླ་ཚེ་དབང་གདན་འདྲེན་ཞུས་ནས་པར་གཞི་བྲིས་པའི་རིན་ཆེན་གཏེར་མཛོད་དང་། ཙཀླི། དཀྱིལ་འཁོར། འབུམ་ཆ་གཅིག ། སྒྲུབ་རྒྱུད་ཤིང་རྟ་བརྒྱད་ཀྱི་ཐང་ག་ཆ་བརྒྱད། གུ་རུ་མཚན་བརྒྱད་དགུ་ཐང་ཆེ་བརྒྱད། རྣམ་སྲས་རྐྱ་བརྒྱད། ཐུགས་སྒྲུབ་རྣམ་གཉིས་ཀྱི་ཞལ་ཐང་། གེ་སར་ཐང་ག །ཆོ་འཕྲུལ་བསྟོད་ཐང་བཅོ་ལྔ། འཇམ་དཔལ་མཚན་བརྗོད། བཀའ་འགྱུར་དང་བསྟན་འགྱུར་འཐོར་བརླགས་སོང་བ་བསྐྱར་གསོ་མཛད་པ་བཅས་སྔོན་མེད་ཤིང་པར་གསར་དུ་བརྐོས། གཞན་ཡང་ཆོས་མཛོད་ཁང་དང་། མགོན་ཁང་གཉིས་སུ་ཆོས་ལོངས་སྤྲུལ་གསུམ་དང་། རིགས་གསུམ་མགོན་པོ། དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན། བོད་ཀྱི་འཇམ་དབྱངས་རྣམ་གསུམ། རྗེ་བཙུན་མི་ལ། ཐང་རྒྱལ། ཆོས་རྒྱལ་བསྟན་པ་ཚེ་རིང་བཅས་སྔར་ལས་ལྷག་པ་གསར་བཞེངས་མཛད། གཞན་ཡང་དགོན་པའི་འདོན་ཆའི་སྐོར་དང་། མཚན་བརྗོད་སུམ་ཕབས་བཅས་སྔ་ཕྱིར་པར་ཤིང་300ལྷག་གསར་དུ་པར་བརྐོས་མཛད། ལོ་རེའི་དཔྱིད་དུས་དང་དབྱར་དུས་ཟླ་བ་རེ་ལ་རིག་གནས་འཛིན་གྲྭ་བཙུགས་ནས་ཉེ་སྐོར་ཞིང་འབྲོག་མང་ཚོགས་ཀྱི་ན་ཆུང་གཞོན་ནུ་རྣམས་ལ་བྲིས་དང་། ལྷ་རིས། པར་རྐོ་བཅས་སློབ་སྦྱོང་བྱེད་དུ་བཅུག་ནས། སྔ་ཕྱིར་པར་བརྐོའི་ལག་རྩལ་མི་སྣ་བརྒྱ་ལྷག་ཙམ་དང་ལྷ་བྲིས་བཞི་བཅུ་ཙམ་གསོ་སྐྱོང་གནང་ཡོད།
        སྤྱི་ལོ་1984ལོའི་བོད་ཟླ་4པར་ཁོང་གིས་ཁྲོ་སྟོད་མཎྜལ་དགོན་དུ་མཆོག་སྤྲུལ་དབང་རྒྱལ་རྡོ་རྗེ་དང་གསོ་རིག་མཁས་དབང་སྨན་ཤོད་བློ་གྲོས་ཕུན་ཚོགས་དང་ཚེ་གྲུབ་རྡོ་རྗེ་སོགས་གདན་འདྲེན་ཞུས་པ་དང་པར་ཁང་ལས་གྲྭ་བཞི་བཅུ་ཙམ་སྒྲིག་འཛུགས་གནང་ནས་དངུལ་ཆུ་བཙོ་བཀྲུའི་ལག་ལེན་བྱས། དངུལ་ཆུ་ལེགས་གྲུབ་ཐོབ་རྗེས་རིན་ཆེན་མང་སྦྱོར་དང་གཡུ་རྙིང་ཉེར་ལྔ་། བཙོ་བཀྲུ་ཟླ་ཤེལ། བྱུ་དམར་ཉེར་ལྔ་སོགས་བསྡུ་སྒྲུབ་མཛད་ནས་པར་ཁང་ཆོས་མཛོད་ཆེན་མོར་གདན་འདྲེན་ཞུས།
        སྤྱི་ལོ་1985ལོར་མཁན་ཆེན་ཁྲོ་རུ་ཚེ་རྣམ་རིན་པོ་ཆེ་ཆེད་དུ་གདན་འདྲེན་ཞུས་ནས། དགོན་ཆེན་མཛེས་ཕུ་གོང་དུ། རིན་ཆེན་གྲང་སྦྱོར་དང་། མང་སྦྱོར། མུ་ཏིག་བདུན་ཅུ། གཡུ་རྙིང་ཉེར་ལྔ། བྱུར་དམར་ཉེར་ལྔ་སོགས་རིན་ཆེན་རིགས་ཆ་ཚང་ཚད་ལྡན་ལྡེབས་སྦྱོར་མཛད།
        སྤྱི་ལོ་1986ལོའི་བོད་ཟླ་7པར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཨུ་ཡོན་ཀྲང་གཞོན་པ་པཎ་ཆེན་བཅུ་པ་ཆེན་པོ་སྡེ་དགེ་རྫོང་དུ་ལས་དོན་གཟིགས་ཞིབ་གནང་སྐབས། པར་དཔོན་བཀྲ་ཤིས་རྡོ་རྗེ་མཆོག་ནས་པར་ཁང་གི་ལས་དོན་སྙན་ཞུ་ཕུལ་བས་ཐུགས་དགྱེས་ཆེན་པོ་གནང་།
        མདོར་ན་ཁོང་གིས་སྤྱི་ལོ་1979ལོ་ནས་1988ལོའི་བར་ལོ་ངོ་བཅུའི་རིང་པར་དཔོན་གྱི་འགན་བཞེངས་སྐབས་པར་འདེབས་ཀྱི་ཡོང་འབབ་མི་དམངས་ཤོག་སྒོར་ཁྲི་ཆིག་སྟོང་དྲུག་བརྒྱ་ལྷག་ཡོད་པ་དང་། དཔྱ་ཁྲལ་སྒོར་ཁྲི་དགུ་བཅུ་གོ་བཞི་ལྷག་སྤྲད། ས་གནས་ནོར་སྲིད་ལ་སྒོར་ཁྲི་སུམ་བརྒྱ་ལྷག་སྤྲོད་ཡོད་པ་རེད།
        པར་དཔོན་བཀྲ་ཤིས་རྡོ་རྗེས་སྐུ་ཚེ་ཧྲིལ་པོར་རྣམ་པར་དག་པའི་ལྷག་བསམ་དང་། རྨད་དུ་བྱུང་བའི་ཐུགས་མོས་སོགས་ཀྱིས་རྒྱུན་ལེགས་པར་བསྐྱངས་ཏེ་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཐད་མཛད་རྗེས་ཆེན་པོ་བཞག་གནང་ཡོད་པ་དང་། ལྷག་པར་དུ་སྡེ་དགེ་པར་ཁང་དུ་ཕྱག་ལས་གནང་ནས་ལོ་བརྒྱད་ལྷག་གི་དུས་ཚོད་ནང་། པར་ཤིང་དཀོན་རིགས་གསར་དུ་བརྐོ་རྒྱུ་དང་། སྤྱི་ཚོགས་ཐོག་འཐོར་བརླག་སོང་བའི་རྩ་ཆེའི་རིག་དངོས་འཚོལ་བསྡུ་དང་། ཁ་གསབ་བྱ་རྒྱུ། པར་ཁང་གི་མི་རིགས་རིག་གནས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་། བོད་ཀྱི་གསོ་རིག་བྱ་བཞག་སྔོག་འདོན་གོང་འཕེལ་གཏོང་རྒྱུ་བཅས་ཀྱི་ཐད་ཕྱག་ལས་འབོར་ཆེན་གནང་བ་དང་། གྲུབ་འབྲས་ཆེན་པོ་ཐོབ་ཅིང་། མདོ་དབུས་ཁམས་གསུམ་དང་ལྗོངས་ཕྱི་ནང་གང་སར་པར་དཔོན་བཀྲ་ཤིས་རྡོ་རྗེ་ཞེས་སྙན་གྲགས་ཆེན་པོ་བྱུང་ཞིང་། སྤྱི་ལོ་2007ལོའི་ཟླ་6པར་བོད་ལྗོངས་ཆབ་མདོ་རུ་སྐུ་གཤེགས། ཁོང་ལ་རྗེས་དྲན་ཞུ་ཆེད་ཁྱིམ་མི་རྣམས་ཀྱིས་དགོན་ཆེན་དགོན་པའི་འདབས་སུ་དྲན་རྟེན་མཆོད་རྟེན་ཞིག་ཀྱང་བཞེངས། །  


རྩོམ་ཡིག་སྔོན་མ།
༄༅།། ཚང་བཀྲ།
རྩོམ་ཡིག་རྗེས་མ།
སྤྱིའི་དེབ་245པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1