སེར་ཤུལ་རྫོང་གི་ནོར་གནག་སྣོད་བཅུད་ལམ་བུ།
རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-14
སྟོན་མཇུག་ཏུ་གསར་འགོད་པ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་སེར་ཤུལ་རྫོང་སེར་ཤུལ་གྲོང་རྡལ་སྟག་ལུང་གྲོང་ཚོར་བཅར་འདྲིར་བསྐྱོད། སྟག་ལུང་གྲོང་ཚོའི་མུ་མཐའ་མེད་པའི་གངས་རིའི་མུ་ཁྱུད་དང་རྩྭ་ཐང་ཆེན་པོ་དེ་ནི་ནུབ་ཁའི་ཉི་ཟེར་གྱི་འོག་ཏུ་གསེར་འོད་ལམ་ལམ་འཕྲོ་བཞིན་ཤིན་ཏུ་མཛེས།
“དཀོན་མཆོག་འཕྲིན་ལས་ཀྱི་ནོར་660ལས་ཕྱེད་ཀ་ལྷག་ཙམ་བཙོངས་ཟིན”ཞེས་གསར་འགོད་པ་གྲོང་ཚོར་སླེབས་མ་ཐག་གྲོང་སྡོད་ལས་བྱེད་པས་དེ་ལྟར་ངོ་སྤྲོད་བྱས།
ས་གནས་དེ་གའི་འབྲོག་པ་ཚོས་ཕ་མེས་ཡང་མེས་ནས་བཟུང་ནོར་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། ནོར་ག་ཚད་མང་ན་རྒྱུ་ནོར་ག་ཚད་མང་བར་བརྩི་བས། སྤྱིར་བཏང་གྲོང་མི་ཚོས་ནོར་འཚོང་ཕོད་ཀྱི་མེད། དཀོན་མཆོག་འཕྲིན་ལས་ཀྱིས་ཀྱང་འཚོང་ག་ལ་ཕོད།
དཀོན་མཆོག་འཕྲིན་ལས་འདི་ལོར་ལོ་43ཡིན་ཞིང་། ངོ་གདོང་ནག་ཅིང་གཟུགས་སྟོབས་ཆེ་བས་བལྟས་པ་ཙམ་གྱིས་ཁམས་པའི་ཕོ་གསར་ཞིག་ཡིན་པ་ཤེས་ཐུབ། ཁོང་གིས་ལག་བརྡ་སྟོན་ཞོར་ཁམས་སྐད་བསྲེས་པའི་སི་ཁྲོན་གྱི་སྐད་བརྒྱབ་ནས། རང་ཉིད་1997ལོར་གཉེན་བསྒྲིགས་རྗེས་ནོར་འཚོ་སྐྱོང་བྱས་པ་ཡིན། དང་ཐོག་ནོར་23ལས་མེད། མང་ཤོས་སྐབས་600ལྷག་ཙམ་ཟིན་ནས་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར་མྱོང་། ད་ཆ་ནོར་བཙོངས་ནས་འཆར་གཞི་གཞན་འདིང་བཞིན་ཡོད་ཅེས་བརྗོད་པ་རེད།
ཁོང་གིས་སྒོ་ཁའི་རྩྭ་ར་དེར་མཛུབ་མོ་བཙུགས་ནས། ལོ་ཤས་གོང་རྩྭ་ཐང་ཧ་ཅང་ཉམས་ཞན་དུ་གྱུར་ཏེ། འདི་གར་ས་ནག་ཐང་ཞིག་ཏུ་གྱུར་པས། རླུང་ལྡང་ཐེངས་རེར་ཐལ་རླུང་ཆེན་པོ་འཚུབ་ཀྱི་འདུག་ཅེས་བརྗོད་པ་རེད།
སེར་ཤུལ་རྫོང་གི་རྫོང་དཔོན་བློ་ལྷུན་གྱིས། སེར་ཤུལ་ནི་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་རྩ་གསོ་འཁྱོངས་ཁུལ་གཙོ་བོ་ཞིག་ཡིན་ལ། རྒྱལ་ཁབ་ཀྱི“ལྷོ་ཆུ་བྱང་འདྲེན”ལས་གྲྭའི་ལམ་ཐིག་ནུབ་མ་འགོ་འཛུགས་ས་ཡང་ཡིན། ཉག་ཆུའི་འབྱུང་ཁུངས་ཀྱང་འདི་ག་ཡིན་ལ། འབྲི་ཆུ་ཡང་སེར་ཤུལ་བརྒྱུད་དེ་བཞུར་གྱི་ཡོད་ཅེས་གསར་འགོད་པར་བརྗོད་པ་རེད།
འདི་ག་ནི་རྒྱལ་ཡོངས་ཀྱི་འབྲོག་ཁུལ་ཆེན་པོ་ལྔའི་ཡ་གྱལ་སི་ཁྲོན་ནུབ་བྱང་གི་འབྲོག་ཁུལ་གྱི་གྲུབ་ཆ་གཙོ་བོ་ཡིན། རྫོང་ཡོངས་ཀྱི་རང་བྱུང་རྩྭ་ས་མུའུ་ཁྲི་3216གིས་སི་ཁྲོན་ཞིང་ཆེན་གྱི་རྩྭ་སའི་རྒྱ་ཁྱོན་གྱི་དྲུག་ཆ་གཅིག་ཙམ་ཟིན་པས། གངས་ལྗོངས་ས་མཐོའི་མིང་དོན་མཚུངས་པའི་རྩྭ་ཐང་ཆེན་པོ་ཞིག་རེད།
ཡུལ་ཕྱོགས་གཅིག་གི་དམངས་འཚོ་ནི་རྩྭ་སའི་སྣོད་བཅུད་མ་ལག་ལ་བརྟེན་དགོས་པས། དེ་ནི་རྩ་ཆེན་པོ་ཡིན།
དཀོན་མཆོག་འཕྲིན་ལས་ཀྱིས། ལོ་ལྔའི་གོང་ནས་བཟུང་། ས་གནས་དེ་གའི་སྲིད་གཞུང་གིས་རྩྭ་ས་ཞན་འགྱུར་བཅོས་སྒྲིག་ཡག་པོ་བྱས་པ་དང་། རྫོང་དཔོན་བློ་ལྷུན་དང་ལས་བགོས་འགན་འཁུར་བ་རྫོང་དཔོན་གཞོན་པ་ཉི་ཁེ་ཡུའེ་ཧ་ཡིས། ལོ་ཕྱེད་ལྷག་ཙམ་རིང་ས་ནག་ཐང་དུ་གུར་ཕུབས་ནས་གྲང་ཞིང་བཤེར་བའི་རྩྭ་ཐང་དུ་འགག་སྒྲོལ་རྩྭ་འདེབས་བྱས་ནས་བསྡད་པས། བློ་ལྷུན་གྱི་གྲུམ་བུའི་ནད་གཞི་སྡུག་ཏུ་ཕྱིན་ནས་ད་ཆ་སྐར་མ་ཁ་ཤས་ལངས་བསྡད་ཀྱང་རྐང་པར་ན་ཟུག་རྒྱག་གི་ཡོད་པ་རེད། ཚང་མས་ཁོང་ལ་རྫོང་དཔོན་ཞེས་མི་འབོད་པར་རྩྭ་ཐང་གི་ཕྲུ་གུ་ཞེས་འབོད་ཀྱི་ཡོད་པ་རེད།
ཉི་ཁེ་ཡུའེ་ཧ་ནི་སི་ཁྲོན་ནུབ་བྱང་གི་བཀྲ་ཤིས་ཁ་རྩྭ་ཐང་ཆེ་མོར་ཡོང་ནས་གཞིས་ཆགས་དབྱིས་རིགས་ཀྱི་ཕོ་གསར་ཞིག་རེད། ཁོང་གིས་དཀོན་མཆོག་འཕྲིན་ལས་ལ“ས་མཐོའི་སྔོ་ཁེབས་སླར་གསོ་བྱེད་ཧ་ཅང་ཁག་པོ་ཡོད། ཨ་བྲས་ས་འོག་ནས་ཁུང་བྲུས་ཏེ་རྩྭའི་རྩ་བ་གཅོད་ཀྱི་ཡོད་པས། ཐོག་མར་ཨ་བྲ་མེད་པར་བཟོ་དགོས། ང་ཚོས་ཨ་བྲ་མེད་པར་བཟོ་བར་གཅིག་ནས་བྱ་གླག་གི་ཚང་བཟོ་དགོས། གཉིས་ནས་རྩྭ་ཡག་པོ་འདེབས་དགོས། རྒྱུ་མཚན་ནི་རྩྭ་ཡག་པོ་སྐྱེས་ན་ཨ་བྲ་རང་ཤུགས་ཀྱིས་ཉུང་དུ་འགྲོ་བ་དང་། རྩྭ་ཐང་ཞན་དུ་ཇི་ཙམ་གྱུར་ན་ཨ་བྲ་དེ་ཙམ་མང་དུ་འགྲོ་གི་རེད”ཅེས་བརྗོད་པ་རེད།
བོད་རིགས་ས་ཁུལ་གྱི་མི་སེར་ཚོར་སྐུལ་སློང་བྱས་པ་དང་། རྩྭ་འདེབས་པ་དང་། ཨ་བྲ་གསོད་པ། རྩྭ་ར་བསྐོར་ནས་དོ་དམ་བྱེད་པ། ཕྱུགས་འགོག་པ་སོགས་ཀྱི་གནས་ཚུལ་གཞིར་བཟུང་ནས་དུད་ཚང་རེ་རེར་སྐར་མ་བརྒྱབ་སྟེ། རྩྭ་སའི་ཁ་གསབ་སོགས་བྱ་དགའི་རྣམ་པའི་དངུལ་སྤྲད་པ་རེད། དཀོན་མཆོག་འཕྲིན་ལས་ཀྱིས་རང་འགུལ་ངང་ནོར་180བར་ཉུང་དུ་བཏང་བ་མ་ཟད། ནོར་བཙོངས་པའི་དངུལ་ཁྲི་བརྒྱ་ཕྲག་ཁ་ཤས་དགུན་ལྷས་རྒྱག་པའི་ནང་བཏང་བ་དང་། དྲོད་ལེན་དང་གཙང་སྦྲ་ཡག་པོ་ཡོང་ཆེད། བེའུ་དང་འབྲི་མོ་ལྷས་རའི་སྦུག་ཏུ་བཅུག་པ་དང་གཡག་རྒན་ཚང་མ་མདོ་རུ་བཅུག་ནས་ཚད་ལྡན་ཅན་གྱི་གསོ་ཚགས་ལ་གྲ་སྒྲིག་བྱས་པ་རེད། རྩྭ་ས་ཉིན་རེ་བཞིན་སླར་གསོ་ཐུབ་པ་མཐོང་བས། མ་འོངས་པར་འབྲོག་ལས་མུ་མཐུད་འཕེལ་རྒྱས་ཐུབ་རྒྱུར་ཡིད་ཆེས་ཀྱིས་ཁེངས།
“ཁྱིམ་ཚང་ལ་ལར་ནོར་མང་པོ་ཡོད་པ་དང་། ཁྱིམ་ཚང་ལ་ལར་རྩྭ་ས་ཆེན་པོ་ཡོད། ངས་ཚང་མ་སྒྲིག་འཛུགས་བྱས་ནས་མཉམ་ལས་ཁང་ཞིག་བཙུགས་ཐོག་གྲོང་མི་ཚོར་ནོར་མང་ཉུང་རན་ཙམ་འཚོ་བ་དང་། རྩྭ་ཧུར་ཐག་འདེབས་པ། མཉམ་དུ་ཕྱུག་འགྱུར་བཅས་བྱ་རྒྱུའི་སྣེ་ཁྲིད་བྱེད་འདོད་ཡོད”ཅེས་དཀོན་མཆོག་འཕྲིན་ལས་ཀྱིས་བཤད།
“བཤས་ནོར་ཕུད་བཞོན་མ་རེར་ཉིན་རེར་འོ་མ་རྒྱ་མ་3བཞོ་རྒྱུ་འདུག”“སེར་ཤུལ་འབྲི་ཞོའི་སྤུས་ཚད་ཁས་ལེན་ར་འཕྲོད་བྱུང་ནས་སྐད་གྲགས་ཆགས་ཡོད། དེའི་ཁར་འབྲི་མར་དང་། ཕྱུ་ར། མི་རིགས་ཀྱི་ལག་ཤེས་བཟོ་རྩལ་སོགས་བསྣན་ན། རྫོང་ཡོངས་སུ་ཐོན་ལས་མཉམ་ལས་ཁང་134ཡོད་པས། ཕྱོགས་བསྡུས་འཕེལ་རྒྱས་ཡག་པོ་འགྲོ་རྒྱུ་རེད”ཅེས་ཉི་ཁེ་ཡུའི་བཤད། 2014ལོ་ནས་2018ལོའི་བར། ས་གནས་དེ་གས་ཁྱོན་ཕྱུགས་བཀག་རྩྭ་གསོ་མུའུ་ཁྲི་200བྱས་ནས། མ་འོངས་པར་འབྲོག་ལས་མུ་མཐུད་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་བཏིངས་པ་རེད།
བཀྲ་ཤིས་ཁ་རྩྭ་ཐང་གི་འབྲོག་པ་མང་ཚོགས་ཀྱིས་ཐོན་ལས་ཕྱུག་འགྱུར་གྱི་ཕུགས་བསམ་མངོན་འགྱུར་བྱེད་བཞིན་ཡོད་པ་རེད།