༄༅།། ལྷ་དང་མི།

རྩིང་བ་དཀོན་བྷེ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་དཀར་རི་བོ། སྤེལ་དུས། 11-18



རྩིང་བ་དཀོན་བྷེ།
མིས་ལྷ་མི་མཐོང་བས།
མི་ལ།
ཕྱི་ནང་གི་དབྱེ་བ་བྱུང་ཞིང་།
དེ་ནས་ཉེ་རིང་གཉིས་སུ་གྱེས་མགོ་བརྩམས།
ལྷས་མི་རྣམས་གསལ་བོར་མཐོང་བས།
ད་གཟོད། ལྷ་རྣམས།
མིའི་མིག་གི་བལྟ་ས་རུ་གྱུར།
དེ་ལྟ་ཡིན་ནའང་།
མི་རྣམས་ལྷ་རུ་འགྱུར་ཕྱིར།
མི་ལ་ལས།
རིག་པ་ཧ་ཅང་ཡོད་མདོག་གིས།
སྙིང་རྗེ་ཧ་ཅང་ཆེ་མདོག་གིས།
སྐབས་རེར།
ལྷ་རྣམས་ལའང་།
མུན་ནག་གི་ནང་ནས།
ཀུ་རེ་རབ་དང་རིམ་པར་བརྩེས།
མི་རྣམས་ལྷ་རུ་འགྱུར་དགོས་ན།
མིས་དོར་དགོས་པ་ཞིག་ལ།
དེ་ནི་ནམ་ཡང་རང་ཉིད་བརླག་པའི་ཁོང་ཁྲོ།
ཁོང་ཁྲོ། ཁོང་་་ཁྲོ་་་འོ།
མཚོ་སྔོན་ཧ་ཅང་ཆེ།
མཚོ་སྔོན་ཧ་ཅང་ཆེ།
རླངས་འཁོར་ལས་ཉིན་འགར་བརྒྱུགས་ཀྱང་།
མཚོ་སྔོན་གྱི་མཐའ་མ་བརྟོལ།
ས་ཁྲར་བལྟས་ཏེ།
མཚོ་སྔོན་བཙལ་ན་རྙེད་པ་མ་གཏོགས།
མཚོ་སྔོན་གང་ན་ཡོད།
སོང་སོང་ནས་བཙལ་ནའང་།
རྩྭ་ཐང་ཡངས་པས།
བྱེ་ཐང་ཆེ་བས།
མི་རིགས་མང་བས།
མཚོ་སྔོན་པོ་ངོ་མ་ཞིག་རྙེད་མི་ཐུབ།
མཚོ་སྔོན་ཧ་ཅང་ཆེ་ནའང་།
ཞིབ་ཏུ་མཇལ་ན་མཚོ་སྔོན་ཧ་ཅང་ཆུང་།
མཚོ་སྔོན་ནི་ཞིང་ཆེན་ཞིག་ཡིན་ལ།
ཞིང་ཆེན་གྱི་མངའ་ཁོངས་སུ།
ཁུལ་རེ་རེ་དང་ཁུལ་དེའི་མངའ་འོག་ན་རྫོང་རེ་རེ་ཡོད།
རྫོང་དེའི་མངའ་ཁོངས་སུ་ཞང་དང་།
ཞང་རེ་རེའི་མངའ་འོག་ན།
སྡེ་བ་རེ་རེ་ཡོད།
སྡེ་བ་རེ་རེའི་མངའ་ཁོངས་སུ་ཁྱིམ་ཚང་རེ་རེ་ཆགས།
ཁྱིམ་ཚང་རེ་རེའི་བར་ཐག
ཉིན་ལམ་གཅིག་གིས་ཆོད་པས།

ཡང་གཅིག་བཤད་ན།

མཚོ་སྔོན་ཧ་ཅང་ཆེ་ཨང་། ཧ་ཅང་ཆེ།

ཁྱོད་གང་གི་མི་ཡིན།
ཁ་སང་། ང་བླ་བྲང་ལ་སོང་།
བླ་བྲང་གི་མིས།
ཁྱོད་གང་གི་མི་ཡིན་ཟེར།
ངས་ཁོ་ཚོར་ང་གཙོས་ཀྱི་མི་ཡིན་ཞེས་བརྗོད་ཡོད།
ཕྱིར་གཙོས་ཡོང་དུས།
གཙོས་ཀྱི་མིས་ཁྱོད་གང་གི་མི་ཡིན་ཟེར།
ངས་ང་ཀླུ་ཆུའི་མི་ཡིན་ཞེས་བཤད་ཡོད།
ཀླུ་ཆུར་སོང་ནས།
ཀླུ་ཆུའི་མིས་ཁྱོད་གང་གི་མི་ཡིན་ཟེར།
ངས་ང་རྨ་ཆུའི་མི་ཡིན་ཞེས་བརྗོད་དགོས་བྱུང་།
དོན་ལ། ང་གང་དུ་སོང་ནའང་།
ཁོ་ཚོས་ང་གང་གི་མི་ཡིན་ཟེར་དོན་ཅི་ཡིན་ནམ།
ཁ་ཕྱིར་འཁོར་ནས།
ཁྱིམ་དུ་ལོག་ན།
ད་གཟོད། ཁྱོད་གང་གི་མི་ཡིན་ཟེར་ནས་འདྲི་མཁན་མ་བྱུང་།
ལོ་འདི་གར།
ང་རང་གང་དུ་སོང་ནའང་།
ཁོ་ཚོའི་མིག་ལམ་ན།
ང་ནི་ནམ་ཡང་ཕ་ཡུལ་བོར་ཞིང་།
ཕ་གཞིས་མི་རྙེད་པའི།
འཇིག་རྟེན་འདིའི་མི་ལྷག་མ་ཞིག་ཏུ་བསམ་པ་ཡིན་ནམ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1