སྐྱབས་ཆེན་བདེ་གྲོལ། (ཁྲིན་ཏུའུ།)
ནོར་བཟང་མཁས་གྲུབ་ནི་སྤྱི་ལོ་༡༩༧༩ལོར་མདོ་སྨད་བླ་བྲང་དུ་སྐྱེས་པ་དང་། ཆུང་ངུའི་དུས་སུ་མར་འཚོང་མཁན་ཡིན་པའི་ཁོའི་པཱ་ལགས་དང་འགྲོགས་ཏེ་ལྷ་སར་ཕྱིན་ཅིང་༡༩༨༥ལོར་གསང་སྟབས་ཀྱིས་རྒྱ་གར་དུ་བྲོས། ༢༠༠༩ལོར་ཕྱིར་ཕ་ཡུལ་དུ་ལོག་པ་དང་དེ་དུས་ཁོའི་སྐྱེད་ཡུམ་གྲོངས་ཤིང་པཱ་ལགས་ནི་བུད་མེད་གཞན་དང་འགྲོགས་པར་མ་ཟད་མར་འཚོང་རྒྱག་མཁན་མིན་པར་སྲང་མདོའི་ར་བཟི་ཞིག་ཏུ་གྱུར་ཡོད། ༢༠༡༢ལོར་ཁོ་རང་རྨ་ཆུའི་གཉེན་ཉེ་ཞིག་གི་ངོ་སྤྲོད་བརྒྱུད་དེ་གྲོང་གསེབ་ཀྱི་ལས་གནས་ངོ་མ་མེད་པའི་དགེ་རྒན་ཞིག་བྱས། ༢༠༡༥ལོར་ངེད་གཉིས་རྨ་ཆུའི་དར་ལྕོག་མགྲོན་ཁང་ནས་འཕྲད། ༢༠༡༦ལོར་ཁོ་དང་གྲོགས་པོ་དོན་གྲུབ་མིག་སེར་ཟེར་པ་གཉིས་ཀྱིས་རྨ་ཆུ་རྫོང་གི་འབྲོག་ཁྱིམ་གཏན་སྡོད་ཁུལ་གྱི་ཁང་པ་ཞིག་གླས་ཏེ་ཤོ་ཁང་ཞིག་ཕྱེ་བ་དང་། མ་རྩ་ཤོག་དངུལ་ཁྲི་གཉིས་གསུམ་ཙམ་དེ་ཤོ་འཕེན་མཁན་དག་ལ་སྐྱེད་ཆེའི་བུ་ལོན་དུ་བཞག་ཅིང་དེའི་མ་བུ་གཉིས་མཉམ་དུ་འཕེལ་ནས་ལོ་གཅིག་གི་རྗེས་སུ་ཁེ་དངུལ་ས་ཡ་གཅིག་ཙམ་རེག དེའི་རྗེས་སུ་ཁོ་རང་དགེ་རྒན་གྱི་ལས་གནས་ནས་བུད་པ་དང་དོན་གྲུབ་མིག་སེར་དང་བསྡོངས་ཏེ་མགོ་ལོག་དང་ཡུལ་ཤུལ་སོགས་ལ་རྒྱན་པོ་འགྱེད་དུ་སོང་། དེའི་རྗེས་སུ་ཁོ་དང་དོན་གྲུབ་མིག་སེར་གཉིས་འཆམ་པོ་མ་བྱུང་ཞིང་༢༠༡༨ཁོ་རང་ཆུ་དམར་ལེབ་རྫོང་ནས་ཉེན་རྟོག་པས་འཇུས་པ་དང་དོན་གྲུབ་མིག་སེར་ནི་རྒྱ་ནང་ནས་མོ་ཊ་བརྐུས་པའི་གྱོད་དོན་ཞིག་གི་རྐྱེན་པས་ཁྲིན་ཏུའུ་ཉེན་རྟོག་པས་འཇུས། ཁོང་གཉིས་ཀྱི་གསོག་དངུལ་མང་ཙམ་ཡོད་པ་སོ་སོའི་དགའ་མོའི་(དོན་གྲུབ་མིག་སེར་གྱི་དགའ་མོ་ནི་སྨད་འཚོང་མ་ཞིག་དང་ནོར་བཟང་མཁས་གྲུབ་ཀྱི་དགའ་མོ་ནི་གཞས་མ་ཞིག་ཡིན)ལག་ཏུ་ཤོར། ༢༠༢༠ལོར་ཁོ་རང་བཙོན་གྲོལ་ཐོབ་ཅིང་ཁོས་དགའ་མོར་ཁ་པར་བཏང་སྟེ་དངུལ་དེ་དག་ཕྱིར་རེག་ཐབས་བྱས་ནའང་དགའ་མོས་མོ་རང་སྐྱེས་པ་གཞན་དང་འགྲོགས་ཡོད་པ་དང་། ཁོ་གཉིས་ལས་དབང་མེད་པ་སོགས་བཤད་པས་ལོ་དེའི་ལོ་མཇུག་ཏུ་ཁོས་མགྲོན་ཁང་ཞིག་ཏུ་ཉལ་བའི་ཁོའི་དགའ་མོ་ནི་མོ་འགྲོགས་སའི་སྐྱེས་པ་དེའི་མདུན་ནས་གྲི་བསྣུན་ཏེ་བསད། དེ་ནས་ཁོ་རང་སླར་ཡང་བཙོན་ཁང་ནས་ཐེངས་གཉིས་པར་འདུག་དགོས་བྱུང་ཞིང་ཚེ་བཙོན་གྱི་ཁྲིམས་ཐག་བཅད། ༢༠༤༥ལོར་ཁོ་སླར་ཡང་བཙོན་གྲོལ་ཐོབ་མོད་ལོ་གསུམ་གྱི་རྗེས་ནས་ཡུལ་སྐོར་ལ་སོང་སྟེ་རི་རྩེ་ཞིག་ནས་མར་ལྷུང་སྟེ་ཚེ་ལས་འདས།
མཚན་མོ་དེར་ཁོས་ཁ་བའི་མེ་ཏོག་རྟགས་ཅན་གྱི་སྦི་རག་ཤེལ་དམ་འགའ་འཐུང་བཞིན་ང་ལ་སྨྲས་པ། ང་ཤི་གསོན་བྱེ་མའི་ལ་ཁར་ཐེངས་མང་པོར་འགྲིམས་མྱོང་། ཇོ་བོ་རིན་པོ། གངས་རི་བརྒྱུད་ནས་འགྲོ་དུས་ངའི་རྐང་པ་བྱིད་དེ་ཅུང་ཙམ་མིན་ན་ཆད་སོང་། ད་ལྟའང་ངའི་རྐང་བ་ཅུང་ཙམ་འཁྱག་ན་ན་ནས་ཡར་འགྱོགས་ཐབས་མེད་པར་གྱུར་འདུག གནས་དེར་སླེབས་རྗེས། ངས་རིང་པོ་མ་ལོན་པར་དབྱིན་སྐད་ཏ་མ་ཏིག་ཅིག་རྒྱག་ཤེས་སོང་། སྐབས་དེར་ངེད་ཚོའི་འཛིན་གྲྭའི་ནང་མགོ་སེར་བའི་གམ་ནས་སྐད་ཆ་ཤོད་ཐུབ་མཁན་དེ་ང་གཅིག་པུ་ཡིན། དུས་སྐབས་ཤིག་ལ། ང་དངོས་གནས་ལྟོགས་མྱོང་། ཅི་ཙམ་ལྟོགས་ནའང་ངས་སློབ་སྦྱོང་གི་མཚམས་མ་བཞག སློབ་གྲོགས་ཚོས་ང་ལ་ཨ་མདོའི་འུག་པ་ཟེར། རྒྱུ་མཚན་ཁོང་ཚོ་ཉལ་ཡོད་དུས་ངས་ཡར་ལངས་ཏེ་སློབ་སྦྱོང་ལྷག་མ་བྱེད་ཀྱིན་ཡོད། ཡ། ཆང་ཐུངས། དངོས་གནས་བཤད་ན་ང་ཕྱིར་ཡོང་མི་འོས། ཕྱིར་མ་ཡོང་ན་ང་ད་སྐབས་ཨ་རི་དང་ཡོ་རོབ་ཅིག་ན་ཡོད་ངེས། གཅིག་བྱས་ན་ཚོང་དཔོན་ཆེན་པོ་ཞིག་ཏུ་གྱུར་ཡོད་ཀྱང་སྲིད། ངེད་ཚོའི་འཛིན་གྲྭ་གོང་མའི་ནང་ན་བྲག་མགོ་ཚུལ་ཁྲིམས་ཟེར་བ་ཞིག་ཡོད། ད་ལྟ་ཉི་ཧོང་ན་ཚོང་པ་ཆེན་པོར་གྱུར་ཡོད། ཉིན་ཞིག་ང་ཁོ་སར་འགྲོ་དགོས། ཁོས་ང་ལ་ཉི་ཧོང་གི་བུ་མོ་ཞིག་ངོ་སྤྲད་བྱ་ཟེར། དྲང་མོར་བཤད་ན་ང་ནི་འཛམ་གླིང་གི་རྒྱལ་ཁབ་ཡོངས་རྫོགས་ལས་ཉི་ཧོང་ལ་དགའ། ཉི་ཧོང་བ་ཚོ་དཔའ་དགོས་དུས་དཔའ་ཡོད། ཡོན་ཏན་དགོས་དུས་ཡོན་ཏན་ཡང་ཡོད། ཁོ་ཚོས་འཁྲིག་པ་སྤྱོད་སྟངས་ཚུན་ཆད་ནའང་བསླབ་རྒྱུ་མང་པོ་ཡོད། ཇོ་བོ་རིན་པོ། ……ཡ་ཕུ་བོ། ཁྱོད་ཀྱིས་ང་ལ་དགའ་རོགས་ཤིག་ངོ་སྤྲོད་བྱོས་རེད། དགའ་རོགས་ཟེར་མི་རུང་། ཆུང་མ་ཟེར་དགོས། ངེད་གཉིས་མཐུན་སོང་ན་ངས་མོ་ཆུང་མར་བླངས་ཀྱང་ཆོག གནས་འདིར་སླེབས་མ་ཐག་ངས་འབྲོག་མོ་ཞིག་ངོ་ཤེས། ད་ལྟ་བསམ་ན་ངས་མོ་ཆུང་མར་མ་བླངས་པ་དེ་ནོར་འདུག ད་ལྟ་མོ་མི་གཞན་གྱི་ཆུང་མ་རེད། ཐེངས་སྔོན་མར་ངས་མོ་ལ་ལྐོག་ནས་འབྲེལ་བ་བྱས་པས་མོའི་ཁྱོ་ཀས་ང་རང་ཅུང་ཙམ་མིན་ན་བསད་སོང་། ཇོ་བོ་རིན་པོ། ངས་ཁོ་ལ་ཡ་ལན་མ་བྱས། ཇོ་བོ་རིན་པོ། ངས་ཡིག་རྨོངས་པ་ཞིག་ལ་ཡ་ལན་བྱེད་མི་སྲིད། ཡ། ཕུ་བོ། གཞས་ཤིག་གཏོང་རོགས། ཁྱོད་ཀྱིས་གཞས་མི་གཏོང་ན་ངས་གཅིག་གཏོང་། ག་རེ། གང་བཏང་ན་འགྲིག་གམ། ལྷ་སའི་མཚན་མོ་ཡུལ་ལྗོངས་ག་འདྲ་འདུག ……རྗེས་མ་ངས་གནས་འདི་ནས་ཀོ་ལྷམ་བཟོ་གྲྭ་ཞིག་འཛུགས་ཀི་ཡིན། ངའི་སྔོན་གྱི་སློབ་གྲོགས་དེ་ཚོ་ད་ལྟ་ཕྱི་གླིང་གི་ཡུལ་གྲུ་ག་ས་ག་ན་ཡོད་པས་ཁོ་ཚོས་དྲིལ་སྒྲོག་བྱས་ན་ངས་བཟོས་པའི་ཀོ་ལྷམ་དག་འཛམ་གླིང་ཡོངས་ལ་བཙོང་ཐུབ། ཡུལ་འདིའི་འབྲོག་པ་ཚོའི་འཚོ་བའི་ཡོང་སྒོའང་ཇེ་མང་དུ་གཏང་ཐུབ། ཇོ་བོ་རིན་པོ། ཕུ་བོ། ཁྱོད་ལ་མ་རྩ་གཏོང་མཁན་གྱི་སྦྱིན་བདག་རེ་ཡོད་ན་ང་ལ་ངོ་སྤྲོད་བྱོས་དང་། ངེད་གཉིས་ཀྱིས་མཉམ་དུ་ཚོང་རྒྱག་ཆོག ད་ལྟའི་ཚོང་པ་མང་པོར་སྒོར་མོ་ཡོད་ཀྱང་ཀླད་པ་མེད། ཝ་ཡེ། ཁྱོད་སུ་ཡིན་ནམ། ཨོ། བཀྲ་ཤིས་ཡིན་ནམ། ཁྱོད་གང་ན་ཡོད། གམ་ན་སུ་ཡོད། བུ་མོ་རེ་རོགས་ན་ཨེ་ཡོད། ཁྱོད་བུ་རྒོད་ཡིན་ན་དངོས་གྲུབ་སྒྲོལ་མ་བོས་ཤོག ཡ། ང་ཅུང་ཙམ་གྱི་རྗེས་ནས་ཡོང་། ཕུ་བོ། ངའི་གྲོགས་པོ་ཞིག་རེད། འུ་གཉིས་ཁོ་སར་འགྲོ ཁོ་ཆང་ཁང་སྐྱིད་པོ་ཞིག་ན་འདུག གམ་ན་གསར་མོ་རེའང་ཡོད་ཚོད་འདུག ……ཕུ་བོ། ཡར་ལོངས། མ་གཉིད། འུ་གཉིས་བཀྲ་ཤིས་ཀྱི་གམ་དུ་འགྲོ
པད་མ་ལྷ་མཛེས་ནི་སྤྱི་ལོ་༡༩༨༨ལོར་སྡེ་དགེའི་རྫོང་སར་དུ་སྐྱེས་པ་དང་། ༢༠༠༨ལོར་དཀར་མཛེས་དགེ་འོས་སློབ་གྲྭ་ནས་ཐོན། ༢༠༡༢ལོར་ཟི་ཁྲོན་གྱི་མཛེས་རྩལ་སློབ་གྲྭ་ག་གེ་མོ་ནས་མཐར་ཕྱིན། ༢༠༡༣ལོར་མོ་དང་གྲོགས་པོ་འགས་ཁྲིན་ཏུའུ་ནས་བོད་མོ་རི་མོ་བ་གྲགས་ཅན་མང་བཟའ་པད་དཀར་དང་ལྷན་ཅིག་མིང་ལ་བླ་ཤིང་དུ་འབོད་པའི་བོད་ཀྱི་སྒྱུ་རྩལ་ལྟེ་གནས་ཤིག་གཟུགས་རྩིས་བྱས་ཀྱང་ལམ་དུ་མ་ལྷོངས། ༢༠༡༤ལོར་མོར་དབྱིན་ཇིར་སློབ་གཉེར་དུ་འགྲོ་བའི་འདུན་མ་ཨེ་འགྲུབ་བལྟས་ཀྱང་ཐོངས་མཆན་གྱི་རེའུ་མིག་ཞིབ་ཚགས་མ་ཡིན་པས་རྐྱེན་བྱས་ཏེ་དེའང་སྟོང་ཟད་དུ་གྱུར། འགལ་རྐྱེན་དེ་དག་གིས་མོའི་སེམས་མི་སྐྱིད་པར་བྱས་པས་ལྷོ་ཁ་གྲ་ནང་གི་ཡིན་པའི་དགའ་རོགས་ལའང་ཁ་བྲལ། ༢༠༡༥ལོར་ངེད་གཉིས་ལྷ་སའི་སྐྱིད་ཆུ་མགྲོན་ཁང་ནས་འཕྲད། ༢༠༡༦ལོར་མོ་དང་རྒྱ་མོ་ཀྲང་ལེན་ཟེར་བ་གཉིས་ཀས“དག་པའི་ཞིང”ཟེར་བའི་ལས་སྒྲུབ་ཁང་ཆུང་ཆུང་ཞིག་ཕྱེ་སྟེ་བོད་ནང་དུ་ཡོང་བའི་ཡུལ་སྐོར་བ་དག་ལ་བཙོང་བྱའི་སྣུམ་ཚོན་རི་མོ་བྲིས། ཚོང་དེ་ཅུང་ཙམ་བྲིན་པོ་བྱུང་བས་༢༠༢༠ལོར་མོས་དེ་མ་རྩར་བཞག་སྟེ་ལྷ་ས་ནས་སྡོད་ཤག་ཅིག་ཉོས་པར་མ་ཟད་མོ་རང་ལས་ལོ་བརྒྱད་ཀྱིས་ཆུང་བའི་ཕོ་གཞོན་ཞིག་ནང་དུ་བསུས། ༢༠༢༡ལོར་མོར་བུ་མོ་བསོད་ནམས་གཡང་འཛོམས་སྐྱེས། ༢༠༢༢ལོར་ཕོ་གཞོན་དེ་མོ་དང་བྲལ། ༢༠༢༥ལོར་ཕ་ཡུལ་གཅིག་པའི་ཚོང་པ་དབང་ཕྱུག་དང་གཉེན་བསྒྲིགས། ༢༠༢༨ལོར་དབང་ཕྱུག་རྟག་པར་ཟུར་མོ་འགའ་དང་འགྲོགས་པས་མོ་རང་བུ་མོ་ཁྲིད་ནས་པེ་ཅིང་དུ་སོང་བ་དང་། དེ་ནས་ཟླ་བ་འགར་བསྡད་རྗེས་ཨ་རིའི་གྲོང་ཁྱེར་སི་ཡ་ཐོལ་དུ་སོང་། ༢༠༣༡ལོར་མོས་མི་རྒྱུད་ཨི་ཐ་ལི་ཡིན་པའི་ཨ་རི་བའམ་རི་མོ་བAntonioདང་གཉེན་བསྒྲིགས། ༢༠༣༥ལོ་ནས་བཟུང་མོའི་སེམས་ལ་འཆར་སྒོ་སྣ་ཚོགས་བྱུང་སྟེ་ཁྱོ་ཀའི་རོགས་རམ་འོག་རི་མོ་སྣ་ཚོགས་བྲིས་ཤིང་དེ་དག་ལས《དྲན་པའི་ཀློང་གི་ལྷ་ས།》ཞེས་པའི་སྣུམ་ཚོན་རི་མོ་ཆེ་ཤོས་བྲིས་པ་དེ་མཁའ་སྐྱོད་པ་གྲགས་ཅན་ཞིག་གིས་ཉོས་ནས་སྐར་མ་མིག་དམར་སྟེང་ཁྱེར་བས་མོ་ལ་སྐད་གྲགས་ཆེན་པོ་རྒྱས། ༢༠༤༡ལོར་དཔྱད་བརྗོད་པ་འགས་མོའི་བརྩམས་ཆོས་ནི་ཁྱོ་ཀའི་བརྩམས་ཆོས་ཡིན་པར་བསྙད་པས་མོས་དཔྱད་བརྗོད་པ་དེ་དག་ཁྲིམས་ངོར་གཏུག་སྟེ་ཁོ་ཚོ་ཕམ་པར་བཏང་། ༢༠༤༨ལོར་མོས་བོད་ཀྱི་ཚོང་པ་སྐད་གྲགས་ཅན་ཞིག་དང་མཉམ་དུ་ལྷ་ས་ནས་སྣུམ་ཚོན་རི་མོའི་སློབ་གླིང་ཞིག་བཙུགས། ༢༠༥༠ལོར་མོ་དུས་ཡུན་རིང་པོར་ཆང་རག་བསྟེན་དྲགས་པས་མཆིན་པའི་ནད་ཀྱིས་ཕ་ཡུལ་སྡེ་དགེ་ནས་ཚེ་ལས་འདས།
མཚན་མོ་དེར་མོས་ལྷ་སའི་སྦི་རག་རྟགས་ཅན་གྱི་སྦི་རག་ཤེལ་དམ་འགའ་འཐུང་བཞིན་ང་ལ་སྨྲས་པ། གྲོགས་པོ། ཁྱོད་ཀྱིས་ང་བཟི་འགི་མ་བསམ། ང་ད་དུང་བཟི་མེད། ངས་ཁྱོད་ལ་སྐྱེས་པའི་སྐད་ཆ་འདྲ་བཤད་ཡོང་ན་ཁྱོད་ཚིག་པ་མ་ཟ། མང་པོ་ཞིག་གིས་ང་རང་སྐྱེས་པ་ཞིག་དང་འདྲ། བུད་མེད་ཀྱི་གཤིས་ཀ་མི་འདུག་ཟེར། ངས་བུད་མེད་ཀྱི་གཤིས་ཀ་ཟེར་བ་དེ་གང་ལ་གོ་དགོས་མིན་མི་ཤེས། བུད་མེད་ཟེར་བ་ཟས་གཡོ་བ་དང་། གྱོན་པ་འཁྲུད་མཁན་ཞིག་ལ་ཟེར་ལེ་ཨེ་རེད། ཨ་ཁིས། ངས་ཤེས་པ་ནི་རི་མོ་བྲི་བ་ཡིན། རྗེས་སུ་ཕོ་བ་ལ་བསམ་བློ་གཏང་མི་དགོས་ན་དབེན་པའི་རི་ཁྲོད་ཅིག་ནས་རི་མོ་རྐྱང་རྐྱང་བྲིས་ཏེ་འདུག་བསམ་ཡོད། ཨ། ཁྱེད་ཀྱིས་ཅི་ཟེར། ཁྱོད་རི་མོར་ཕྲིས་ཟེར་རམ། ངས་སྨྱུ་གུ་བཟུང་མེད། སང་ཉིན་བྲི་ཨ། ཁྱོད་སྒུགས་སྡོད། ངས་སང་ཉིན་བྲི། ངས་ཁྱོད་རང་ཉིད་མི་ངོ་མ་ལས་ཀྱང་ཡག་པའི་ཁྱོད་ཅིག་བྲི། ཨ། ཁྱོད་ཀྱིས་ང་ལ་ཇོ་མོ་བྱེད་རྒྱུ་ཨེ་ཡིན་ཟེར་བ་ཡིན་ནམ། མིན། ང་ཇོ་མོ་བྱེད་རྒྱུ་མིན། དབེན་པའི་རི་ཁྲོད་འགྲིམ་མཁན་གྱི་བུད་མེད་ཚང་མ་ཇོ་མོ་ཡིན་མི་སྲིད། ཁྱོད་ལའང་མཐོང་རྒྱ་འདི་འདྲ་ལས་མེད་དམ། ང་ཕྱི་གླིང་ལ་སློབ་གྲྭར་འགྲོ་རྒྱུ། ཡིན་ཡང་ཕྱི་གླིང་ལ་སློབ་གྲྭར་འགྲོ་དཀའ་མོ་འདུག གྲོགས་པོ། ཁྱོད་ལ་ཕྱི་གླིང་ན་གྲོགས་པོ་རེ་ཡོད་དམ། དབྱིན་ཇི། ཨ་རི། ཨོ་སི་ཁྲེ་རེ་ལེ་ཡ། ཧྥ་རན་སི། དེ་དག་གང་ལའང་ཁྱད་མེད། དེ་དག་ལ་འགྲོ་མི་ཐུབ་ན་ཧང་ཀང་དང་ཐེ་ཝན་ཡིན་ཡང་ཆོག གང་ལྟར་ངས་རི་མོ་ཡིད་ཚིམས་པ་ཞིག་སྦྱང་འདོད། ཁྱོད་ཀྱིས་ཕེ་ཁ་སོ་ཨེ་ཤེས། ཕེ་ཁ་སོ་ལྟ་བུ་ཞིག་ཏུ་མ་གྱུར་ཀྱང་ཁོའི་སློབ་མའི་སློབ་མའི་སློབ་མ་ལྟ་བུ་ཞིག་ཏུ་གྱུར་ནའང་ཆོག ད་ལྟ་མི་ཚོས་བུ་མོ་ཞིག་རི་མོ་འབྲི་མཁན་རེད་ཟེར་ན་མིག་གཞན་པ་ཞིག་གིས་ལྟ་བར་འདུག ཨ་ཁིས། མིག་དེས་དངོས་གནས་ཚེར་མ་དང་འདྲ་བར་ང་ལ་ན་ཟུག་སྟེར་ཀི་འདུག ……གྲོགས་པོ། རྗེས་མ་རི་མོ་བྲི་རྒྱུ་མ་བྱུང་ན་དོན་དུ་ངས་ཅི་ཞིག་བྱ་དགོས་པ་རེད། རེད། རི་མོ་བྲི་རྒྱུ་མ་བྱུང་ན་ང་ལ་འཇིག་རྟེན་ན་བཙལ་རྒྱུ་གཅིག་ལས་མེད། དེ་གང་རེད་དམ། ཝཱུ།(སྐྱུག་མེར་ལངས་པའི་ཉམས་སྟོན་པ)དེ་གང་རེད་དམ། དེ་དངུལ་ལོར་རེད། དངུལ་ལོར་མང་པོ་རག་ཕྱིར་ངས་སྨད་འཚོང་མ་ཞིག་བྱེད་ཀི་ཡིན། དངོས་གནས་ཡིན། གྲོགས་པོ། རི་མོ་བ་ཞིག་བྱེད་རྒྱུ་མ་བྱུང་ན་ངས་སྨད་འཚོང་མ་ཞིག་བྱ་རྒྱུ་ཡིན། ངས་ང་རང་རྒས་པའི་བར་དུ་ལང་ཚོར་བརྟེན་ནས་དངུལ་བཙལ་ཀི་ཡིན། དེ་མ་གཏོགས་ངས་ཁྱིམ་ལས་གཉེར་མཁན་དང་། ཕྲུ་གུའི་ཨ་མ། ཇོ་མོ་སོགས་གང་ཡང་བྱེད་ལེ་མིན། དཀོན་མཆོག་གསུམ། ……གྲོགས་པོ། ང་འཁྱག་བྱུང་། ངའི་ལུས་སྟེང་ལ་མལ་ཐུལ་འགེབས་རོགས། ང་འཁྱག་གི་འདུག ཝཱུ།
མེ་ཏོག་མཚོ་མོ་ནི་སྤྱི་ལོ་༡༩༨༠ལོར་མཛོད་དགེའི་གླིང་པ་རུ་སྐྱེས་པ་དང་། ༡༩༩༧ལོར་དམའ་འབྲིང་ནས་ཐོན་རྗེས་སློབ་བྱོལ་བྱས་ཏེ་རྫོང་དེའི་གླུ་གར་ཚོགས་པར་ཞུགས། ༢༠༠༠ལོར《ང་ཡི་རྨི་ལམ》ཞེས་པའི་MIDIརོལ་མོ་ཅན་གྱི་དེང་གཞས་ཆེད་སྒྲིག་གི་འོད་སྡེར་ཅིག་བཀྲམ། ཡིན་ཡང་དེའི་ནང་གི《 མི་སྐྱིད་འཇིག་རྟེན་གླིང་།》ཟེར་བ་དེ་ལ་ཀུན་གྱིས་ཨ་གསར་ཅུང་ཙམ་བྱས་པ་མ་གཏོགས་འབྲས་བུ་ཆེན་པོ་མ་བྱུང་། ༢༠༠༥ལོའི་དུས་སུ་གཞས་པ་གཞས་མ་གསར་བ་འགའ་བོད་ཀྱི་གཞས་སྟེགས་སུ་བུད་པས་མོའི་གླུ་སྐད་ནི་བརྗེད་སྔ་ཤོས་ཀྱི་གྲས་སུ་གྱུར། དེའི་ཁར་གླུ་གར་ཚོགས་པའང་ཁེ་ལས་ཀྱི་ལས་ཁུངས་སུ་བསྒྱུར་བས་མོའི་དེར་བསྡད་ཚེ་མདུན་ལམ་མི་ཡངས་པ་ཤེས་ཏེ་ཁྲིན་ཏུའུ་རུ་སོང་། དེ་རྗེས་མོའི་ནང་མའི་ནང་གི་གཞས་མ་དང་། མགྲོན་ཁང་གི་ཞབས་ཞུ་མ། ཟ་ཁང་གི་སྦྱིན་བདག་སོགས་བྱས་པ་དང་། ༢༠༡༣ལོར་སླར་ཡང་གཞས་མ་གྲགས་ཅན་དུ་འགྱུར་བའི་རེ་བ་བཅངས་ཏེ་གཞས་དབྱངས་རྩོམ་མཁན་བསོད་དར་གྱི་ཟུར་མོ་བྱས། ༢༠༡༤ལོར་མོས་བཏང་བའི་གཞས《ངས་མུན་པའི་ནང་ནས་གསོལ་བ་འདེབས།》ཞེས་པ་བོད་མི་ཚོས་སྐད་འཕྲིན་ནང་ནས་ཕར་སྐུར་ཚུར་སྐུར་བྱས་པ་ཆེས་མང་པའི་གཞས་ཤིག་ཏུ་གྱུར། ༢༠༡༥ལོར་ངེད་གཉིས་ཁྲིན་ཏུའུ་ཡི་སྐར་འོད་མགྲོན་ཁང་ནས་འཕྲད། ༢༠༢༠ལོར་མོ་དང་བསོད་དར་གཉིས་ཀྱིས་འཁྲིག་པ་སྤྱོད་པའི་འགུལ་བརྙན་ཞིག་དྲ་ལམ་དུ་ཁྱབ་པས་མོ་རང་ཁྲིན་ཏུའུ་ལ་བྲལ་ཏེ་སོག་ཡུལ་དུ་ཕྱིན། ༢༠༢༥ལོར་མོ་སོག་ཡུལ་ནས་ལྷོ་ཁོ་ར་ཡར་སོང་བ་དང་། དེ་ནས་གཡང་གི་རུ་མ་ཟེར་བའི་བོད་ཟས་ཁང་ཞིག་ཕྱེ། ༢༠༢༨ལོར་མོས་དེ་གར་ཡོད་པའི་རྒྱ་མི་ལི་ཀྲི་ཟེར་བ་དང་གཉེན་བསྒྲིགས། ༢༠༣༢ལོར་ལི་ཀྲི་ཆབ་སྲིད་དོན་རྐྱེན་ཞིག་ཏུ་ཞུགས་ཏེ་འདས། ༢༠༣༨ལོར་མོ་སླར་ཡང་བོད་དུ་ལོག་ཅིང་མི་རྣམས་ཀྱིས་སྔོན་གྱི་གནས་ཚུལ་དག་བརྗེད་པར་མ་ཟད་མོ་རང་ཉིད་ཀྱང་བརྗེད་འདུག་པས་ཤིན་ཏུ་སུན་པ་ཞིག་བྱུང་། ༢༠༤༠ལོར་མོས་རང་རྣམ《སྐྱིད་ལ་སྡུག་པའི་མི་ཚེ།》ཞེས་པ་བྲིས་ནའང་དེབ་དེ་བྲིན་པོ་མ་བྱུང་།
༢༠༤༦ལོར་མོས་རེ་བ་དང་བཅས་བོད་ཀྱི་སྒྲ་སྙན་རྡུང་ལེན་གྱི་རྟེན་མཛོད་ཁང་ཞིག་བཙུགས་ནའང་དེ་ལའང་དོ་སྣང་བྱེད་མཁན་མ་བྱུང་། ༢༠༥༣ལོར་མོ་སྐབས་དེར་ཕོ་ལོ་གྱ་ལྔ་ཡིན་པའི་བསོད་དར་ལ་ཐེངས་གཅིག་འཕྲད་ཅིང་བསོད་དར་ཁོང་གཉིས་ཀྱིས་སྤྱི་གླིང་ཞིག་གི་ཤིང་གི་རྐུབ་སྟེགས་སྟེང་ནས་སྔར་གྱི་འགུལ་བརྙན་དེ་ལའང་ཐེངས་གཅིག་བལྟས། ༢༠༦༨ལོར་མོ་རང་ཁྱིམ་ནས་ཚེ་ལས་འདས།
མཚན་མོ་དེར་མོས་༡༦༦༤རྟགས་ཅན་གྱི་སྦི་རག་ཤེལ་དམ་འགའ་འཐུང་བཞིན་ང་ལ་སྨྲས་པ། ཡ། གསར་བུ། ད་ཆང་འཐུང་།
མང་པོ་མ་བཤད། བླ་མའི་སྐུ། ངས་ཁྱོད་ཀྱིས་བཤད་པའི་གནས་ལུགས་ཆེན་པོ་དེ་ཚོ་མི་ཤེས། ང་གླུ་མ་ཞིག་གི་ཚུགས་ཀ་ཡིན། གླུ་མ་ཞིག་གིས་ཅི་ཡང་མི་ཤེས་པ་ཁྱོད་ཀྱིས་ལོས་ཤེས། ཡིན་ཡང་། ངས་མུན་པའི་ནང་ནས་གསོལ་བ་འདེབས། ངས་གསོལ་བ་འདེབས་ཡ། ཧ་ཧ་ཧ། ……ཝེ། ཞབས་ཞུ་མ། ད་ལྔ་ཁྱེར་ཤོག ……དེ་རིང་འུ་གཉིས་མ་བཟི་བར་དུ་མི་འགྲོ་ཨ། ངས་ཁྱོད་ལ་བཤད་ཡ། ང་ནི་སོང་ནས་ལྷམ་ཐེད་སོང་བ་ཞིག་ལས་བསྡད་དེ་སྟན་ཐེད་སོང་བ་ཞིག་མིན། རང་ས་ལག་མཐིལ་འདྲ་བོ་དེ་ནས་བསྡད་ན་སྙིང་པོ་ཅི་ཡོད། མི་ཚེ་གང་པོར་ཟོག་གི་རྔ་མར་བལྟས་བལྟས་ནས་སྡོད་པ་མིན་ན་རྒན་པོ་དྲེད་ཕྲུག་འདྲ་ཞིག་གི་ངོ་ལ་བལྟས་ནས་འདུག་དགོས་པ་རེད། དེ་ལ་སྙིང་པོ་ཅི་ཡོད། ……ཅི་རེད། ཁྱོད་ང་ལ་སུན་པ་ཡིན་ནམ། ངས་ཁྱོད་ལ་ཨ་ཅེས་ཟེར། ཨ་ཅེར་སུན་ན་ཁྱོད་རང་ཉིད་མ་འགྲིག་པ་རེད་ཀོ ཡ་ད་ངས་ཁྱོད་ལ་མང་པོ་མ་བཤད། དེ་རིང་ཁྱོད་འདིར་འབོད་དོན་བཤད། ངེད་ཚོ་འབྲོག་པ་ཚོས་སྐད་ཆ་ཡར་སྐོར་མར་སྐོར་བྱེད་ཤེས་ནི་མ་རེད། ཁྱོད་ཀྱིས་ང་ལ་གླུ་ཚིག་ཅིག་ཨེ་འབྲི། ངའི་གྲོགས་པོ་ཞིག་གིས་བཤད་པ་ལྟར་ན་ཁྱོད་ཀྱིས་བྲིས་པ་ཧ་ཅང་བཟང་ཟེར། ཁྱོད་ཀྱིས་གླུ་ཚིག་ཡག་པོ་ཞིག་བྲིས་ན་ངས་དེ་ལ་འཕྲོད་པའི་དབྱངས་ཡག་པོ་ཞིག་ཀྱང་བརྩམ་དུ་འཇུག ང་ལ་ཀུན་གྱིས་ཧ་གོ་བ། སུས་ཀྱང་ལེན་ཐུབ་པ་དེ་འདྲ་ཞིག་དགོས། ང་ལ་ལ་རྒྱའི་སྐོར་མི་དགོས། མི་རིགས་ཀྱི་ལ་རྒྱ་སུ་ལའང་ཡོད་སྲིད། ཡིན་ཡང་གླུ་དེ་ལྟར་བླངས་ན་ཅུང་མི་བདེ་བ་ཞིག་རེད། རབ་ཡིན་ན་ང་ལ་བརྩེ་དུང་གི་གླུ་ཞིག་དགོས། ……ཁྱོད་ཀྱིས་ཅི་ཟེར་རམ། ང་རང་གི་བརྩེ་དུང་གི་གཏམ་རྒྱུད་ཅིག་ཤོད་ཟེར་རམ། དངོས་གནས་བཤད་དགོས་སམ། ཁྱོད་རང་གིས་བསམ་ནི་ཞིག་བྲིས་བཞག་ན་མི་ཆོག་གམ། ཡ། ཁྱོད་ཀྱིས་ཨུ་ཚུགས་བྱ་ན་ངས་གཅིག་བཤད། དེ་ནམ་ཞིག་གི་ལོ་རེད་ཀོ ཨོ་རེད། ༢༠༡༡ལོ་རེད། ང་འབར་ཁམས་སུ་སྨན་པར་སྟོན་དུ་སོང་བ་ལ། ཉིན་ཞིག་ངས་ཟ་ཁང་ཞིག་གི་ནང་ནས་ཧ་ཅང་རྒྱུས་ཡོད་ཡིན་པ་ལྟ་བུའི་མི་ཞིག་མཐོང་སོང་། ངས་དེ་ལ་ཞིབ་མོར་བལྟས་པས་ང་རང་གི་ཆུང་འདྲིས་རེད་འདུག སྐབས་དེར་ཁོ་ཁོའི་ཆུང་མ་དང་མཉམ་དུ་ཟ་ཁང་དེ་ནས་སྒོར་བུད་སོང་། ངས་གྲོགས་མོར་ཁ་ཡ་མ་བྱས་པར་ཁོའི་རྗེས་སུ་གོམ་པ་འགའ་བརྒྱུགས་ཏེ་ཁོའི་རྒྱབ་གཟུགས་ལ་བལྟས་བསྡད། རིམ་གྱིས་ཁོ་ངའི་མིག་ལམ་ནས་ཡལ་སོང་། ངས་རྫུན་བཤད་པ་ཡིན་ན་ཡུམ་དུམ་པ་བཅུ་གཉིས། ཁོའི་རྒྱབ་གཟུགས་ལ་ཡག་པོར་བལྟས་པས་ང་རང་སེམས་ཤིན་ཏུ་སྐྱིད་པོ་བྱུང་བ་དང་སེམས་ལ་སྐྱོ་བ་ཞིག་ཀྱང་སྐྱེས་བྱུང་། ངེད་གཉིས་༡༩༩༦ལོར་ཁ་བྲལ་པ་ནས་ཐེངས་དེ་མ་གཏོགས་ངས་ཁོ་མཐོང་མ་མྱོང་། ……
དེས་ན་ང་སུ་ཡིན་ནམ། ཁྱོད་ཀྱི་མི་ཚེའི་ནང་དུའང་ཞག་གཅིག་གམ་མཚན་མོ་གཅིག་ཙམ་སྐྱེལ་རོགས་མང་པོ་བྱུང་མྱོང་ནའང་ཁོ་ཚོའི་སྐོར་གཏན་ནས་མི་དྲན་པ་ཇི་བཞིན་ཁོ་ཚོར་མཚོན་ན་ང་ནི་བཤད་རིན་མེད་པའི་སྐྱེ་བོ་ཞིག་ཡིན།།