ཟུང་ཆུ་རྫོང་གིས་ཚུལ་མཐུན་གྱིས་སྨན་རྫས་སྤྱོད་དགོས་པའི་བྱེད་སྒོ་སྤེལ།

གསང་བདག་སྒྲོལ་མ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-19




     མང་ཚོགས་ཀྱིས་ཚུལ་མཐུན་གྱི་སྨན་རྫས་སྤྱོད་པའི་འདུ་ཤེས་དང་རང་ངོས་སྲུང་སྐྱོང་ནུས་པ་སྔར་བས་ཆེ་རུ་གཏང་སྟེ་ཚུལ་མཐུན་གྱིས་སྨན་རྫས་སྤྱོད་པའི་རྣམ་པ་བཟང་པོ་ཞིག་སྐྲུན་ཆེད། ཟླ་11ཚེས་13ཉིན། ཟུང་ཆུ་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཚུལ་མཐུན་གྱིས་སྨན་རྫས་སྤྱོད་དགོས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཅིང་། རྒྱུན་གཏན་གྱི་ལྟ་སྐུལ་ཞིབ་བཤེར་ལས་དོན་དང་ཚན་རྩལ་བྱེད་སྒོའི་གཟའ་འཁོར་དང་ཟུང་འབྲེལ་བྱས་ཏེ་སྨན་རྫས་གཉེར་སྐྱོང་ཁེ་ལས་དང་དེ་བཞིན་མང་ཚོགས་ལ་ཚུལ་མཐུན་གྱིས་སྨན་སྤྱོད་དགོས་པའི་འདུ་ཤེས་དང་དེའི་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་བྱས།
      ཟུང་ཆུ་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་ཁྲིམས་འཛིན་ལས་བྱེད་པ་དང་སྨན་རྫས་རིག་པའི་ཆེད་ལས་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་གནའ་གྲོང་ཁྲོམ་གཞུང་དུ་བློ་འདྲི་དྲིལ་བསྒྲགས་ས་ཚིགས་བཙུགས་ཤིང་། ཁྲག་ཤེད་མཐོ་བའི་སྨན་སྤྱོད་རྒྱུན་ཤེས་ཀྱི་དྲིལ་བསྒྲགས་ཡིག་ཆ་བཀྲམ་པ་དང་། ཡུལ་དངོས་སུ་ཚུལ་མཐུན་གྱིས་སྨན་སྤྱོད་པའི་བློ་འདྲི་དང་སྲིད་ཇུས། ཁྲིམས་སྲོལ་དང་ལེན་བྱས་ལ། སྨན་སྤྱོད་ཐད་ཀྱི་ནོར་འཁྲུལ་དང་བྱིས་པའི་སྨན་སྤྱོད་རྒྱུན་ཤེས། སྨན་རྫས་ཀྱི་རིགས་ཇི་ལྟར་དབྱེ་འབྱེད་བྱེད་པ། ལུས་ཁམས་བདེ་སྲུང་གི་བཟའ་བཅའ་ཇི་ལྟར་ཉོ་བ་སོགས་ཀྱི་ཐད་ལ་དབྱེ་ཞིབ་བྱས་ཏེ་མང་ཚོགས་ལ་ཡང་དག་པ་དང་ཚུལ་མཐུན་གྱིས་སྨན་སྤྱོད་རྒྱུར་ཁྲིད་སྟོན་བྱས། དེ་དང་ཆབས་ཅིག་གླ་གཏོང་རླངས་འཁོར་གྱི་གློག་རྡུལ་བརྙན་ཤེལ་སྤྱད་དེ་ཚུལ་མཐུན་གྱིས་སྨན་རྫས་སྤྱོད་པའི་དྲིལ་བསྒྲགས་ཐ་སྙད་འགྲེམ།  མིག་སྔའི་བར། ཟུང་ཆུ་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་དྲིལ་བསྒྲགས་ཡིག་ཆ་500ལྷག་བཀྲམ་པ་དང་། ཡུལ་དངོས་སུ་བློ་འདྲི་ཐེངས་70དང་ལེན་ཞུས་ལ། གླ་གཏོང་རླངས་འཁོར་གྱི་གློག་རྡུལ་བརྙན་ཤེལ་སྤྱད་དེ་དྲིལ་བསྒྲགས་ཚིག་སྦྱོར་300ལྷག་འགྲེམ། དྲིལ་བསྒྲགས་འདི་བརྒྱུད་རྒྱ་ཆེའི་མང་ཚོགས་ཀྱི་དོ་སྣང་དང་གདེང་འཇོག་ཆེན་པོ་ཐོབ་ཡོད། རྗེས་ཕྱོགས་ཟུང་ཆུ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ད་དུང་རླུང་འཕྲིན་བརྙན་འཕྲིན་དང་སྐད་འཕྲིན་གྱི་སྤྱི་རྟགས་སོགས་སྨྱན་སྦྱོར་རྣམ་པ་སྣ་ཚོགས་སྤྱད་དེ་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ་ཚུལ་མཐུན་གྱིས་སྨན་རྫས་སྤྱོད་དགོས་པའི་དྲིལ་བསྒྲགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་མཐོ་རུ་གཏོང་རྒྱུ་ཡོན་ནོ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1