༄༅།། ཞི་ཧྲོང་པན་ནར་བསྐྱོད་པའི་མཐོང་ཐོས།

གཏེར་ལུང་དཔལ་ལྡན། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 12-02




ཏའེ་རིགས་ཀྱི་རྨ་བྱའི་སྐོར་གྱི་ངོ་མཚར་བའི་གཏམ་རྒྱུད།
        ཏའེ་རིགས་གླེང་སྐབས་ང་ཚོས་ཏའེ་རིགས་ཀྱི“རྨ་བྱའི་ཞབས་བྲོ”མི་གླེང་ཀ་མེད་བྱུང་བ་དང་། རྨ་བྱའི་བྲོ་འཁྲབ་སྐབས་གར་ཉམས་མཛེས་པ་དང་གྲུང་ཤ་དོད་པའི་ཁྱད་ཆོས་དམིགས་བསལ་ལྡན་ཡོད། རྨ་བྱ་ནི་ཞབས་བྲོའི་ཐད་ནས་མཚོན་གྱིན་ཡོད་པར་མ་ཟད། འཇིམ་བཟོ་དང་འཛུགས་སྐྲུན། རྒྱན་གོས། གླུ་གར། རི་མོ་སོགས་ཀྱི་ཐད་ནས་ཀྱང་མངོན་གྱིན་ཡོད། མི་ལོ1000ལྷག་ཙམ་གྱི་གོང་ལ་ཆུ་བོ་མང་པོའི་བཞུར་རྒྱུན་དུ་མེ་ཏོག་སྣ་ཁ101བཞད་ཅིང་། མུ་མཐའ་མེད་པའི་ནགས་ཚལ་ཆེན་པོའི་ནང་དུ་རྒྱལ་ཁབ101ཡོད། རྒྱལ་ཁབ101གི་ཁྲོད་དུ། ཆེས་མཛེས་པ་དང་ཆེས་འབྱོར་ཕྱུག་ལྡན་པ། བཅོས་སྐྱོང་ཆེས་བཟང་བ་ནི་མེང་པན་ཏེན་ཞེས་མི་ཚང་མས་ཡིད་སྨོན་བྱེད་སའི་རྨ་བྱའི་རྒྱལ་ཁབ་རེད། བཤད་སྲོལ་ལ་རྨ་བྱའི་རྒྱལ་ཁབ་ནི་མུ་མཐའ་མེད་པའི་ནགས་ཚལ་གྱི་མཐའ་རུ་གནས། དེ་གའི་རི་བོ་ཆེས་ལྗང་ལ་ཆུ་བོ་ཆེས་དྭངས་ཤིང་མེ་ཏོག་ཆེས་མཛེས་པ། མེ་ཏོག་ཞིམ་ཤོས་དང་མི་མཛེས་ཤོས། དེར་མ་ཟད་མི་ཚང་མར་རྨ་བྱའི་སྒྲོ་ལྭ་རེ་ཡོད་ཅིང་། ལུས་ལ་གྱོན་ན་འཕུར་ཐུབ་ཀྱིན་ཡོད། རྒྱལ་ཁབ་དེའི་ནང་མི་ཚང་མར་ཟ་མ་ཡོད་པ་དང་རྩོད་གླེང་མེད་པ། རྒན་བཀུར་གཞོན་བྱམས་ཡོད་པ། བྱིས་པའི་སྤྱོད་པ་ཚུལ་ལྡན། གྲོང་ཚོ་དང་གྲོང་སྡེ་འཆམ་མཐུན་ཅན། སྡེ་ནང་གི་མི་སེར་ཚང་མས་མི་ཕན་ཚུན་བར་གཅེས་སྐྱོང་བཅས་བྱེད་ཀྱིན་ཡོད། དེ་ལྟ་བུའི་མཛེས་སྡུག་ལྡན་པའི་ས་ཆར་སུ་ཞིག་གིས་བསྟོད་བསྔགས་མི་བྱེད་དམ། རྨ་བྱའི་རྒྱལ་པོ་དང་རྨ་བྱའི་རྒྱལ་མོ་གཉིས་ནི་བྱམས་ལྡན་གྱི་རྒན་པ་གཉིས་ཡིན་ལ། ཁོ་གཉིས་ལ་བུ་མོ་བདུན་སྐྱེས་ཡོད་ཅིང་། དེ་ལ་རྨ་བྱའི་སྲས་མོ་བདུན་ཟེར། རྨ་བྱའི་སྲས་མོ་བདུན་གྱི་སྐྱེས་གཟུགས་གཅིག་འདྲ་ཡིན་ཞིང་། ཉི་མ་བདུན་རེ་འགོར་རྗེས་ཁོ་ཚོ་གསེར་མཚོའི་ནང་དུ་གཟུགས་པོ་བཀྲུ་བར་འགྲོ་དགོས་ཞེས་རེ་བ་འདོན་པ་ཞིག་ཡིན། གསེར་མཚོ་ནི་མུ་མཐའ་མེད་པའི་ནགས་ཚལ་དུ་འཁྱིལ་ཡོད་ལ་མཚེའུ་ཡི་མཁའ་དབྱིངས་སུ་སྤྲིན་སྨུག་ལང་ལོང་དུ་འཁྲིགས་ཤིང་། ཉི་འོད་འོག་ཏུ་འོད་མདངས་ཆེམ་ཆེམ་དུ་འཕྲོ་བ་སོགས་ཀྱིས་རྨ་བྱའི་སྲས་མོ་བདུན་པོས་གསེར་མཚོ་འདིའི་ནང་དུ་གཟུགས་པོ་འཁྲུ་ཐེངས་རེར་ཧ་ཅང་སྐྱིད་ཅིང་རྒྱུན་དུ་རྩེད་འཇོར་རོལ་ཏོ་ཞེས་ཟེར་རོ།།

ཏའེ་རིགས་ཀྱི་གླང་ཆེན་སྐོར་གྱི་ངོ་མཚར་བའི་གཏམ་རྒྱུད།
        ཏའེ་རིགས་ལ་གླང་ཆེན་ལ་དད་གུས་བྱེད་པའི་གོམས་སྲོལ་ཡོད་ཅིང་། ཏའེ་རིགས་མི་དམངས་ཀྱི་འཚོ་བའི་ཁྲོད་དུ་རྨ་བྱ་ནི་བཀྲ་ཤིས་བདེ་ལེགས་དང་། གླང་ཆེན་ནི་འབྲུ་རིགས་སྣ་ལྔ་ལོ་ལེགས་འབྱུང་བའི་མཚོན་རྟགས་བྱས་ཡོད་ཅིང་། ལྷག་པར་དུ་གླང་ཆེན་དང་ཁོ་ཚོའི་འཚོ་བར་འབྲེལ་བ་དམ་ཟབ་ཡོད་པས་གནའ་དུས་ནས་བཟུང་གླང་ཆེན་གསོ་བའི་ལོ་རྒྱུས་ཡོད། དེ་བས་ང་ཚོས་མཉམ་དུ་ཏའེ་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་རྒྱུས་ལོན་ཞིག་བྱེད། བཤད་སྲོལ་ལ་ཏའེ་རིགས་ཀྱི་མེས་པོ་རྫ་ཆུའི་འབབ་རྒྱུད་དུ་གནས་སྤོས་རྗེས།གྲོང་སྡེའི་ནང་གི་མི་དང་ཕྱུགས་རིགས་ལ་རྟག་ཏུ་སྟག་གིས་གནོད་འཚེ་ཕོག་གིན་ཡོད། སྤྱང་གྲུང་ལྡན་པའི་རྒན་པོ་ཞིག་གིས་གྲོང་སྡེའི་མཐའ་འཁོར་དུ་སྨྱུག་མ་དང་ཆུ་ཤིང་མང་པོ་བཏབ་པ་དང་། སྨྱུག་མ་དང་ཆུ་ཤིང་བཟའ་རྒྱུར་དགའ་བའི་གླང་ཆེན་དག་རྟག་ཏུ་གྲོང་སྡེའི་ཉེ་འགྲམ་དུ་ལྟོ་འཚོལ་བར་ཡོང་གིན་ཡོད། སྟག་གིས་གླང་ཆེན་ལ་འཐབ་མི་ཐུབ་པར། ས་ཐག་རིང་པོར་མི་འགྲོ་ཐབས་མེད་བྱུང་པས་དེ་ལས་གྲོང་ཚོ་བདེ་ལ་འགོད་ཐུབ་པ་བྱུང་། གླང་ཆེན་དད་གུས་ནི་ཏའེ་རིགས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། ལོ་རྒྱུས་ཐོག་ཞི་ཧྲོང་པན་ན་ནི“གླང་ཆེན་རྒྱལ་ཁབ”“གླང་ཆེན་ཞིང་འདེབས”“གླང་ཆེན་དམག་འཐབ”“གླང་ཆེན་སྒྱུ་རྩལ”“གླང་ཆེན་གླུ་གར”བཅས་ལ་བརྟེན་ནས་མིང་དུ་གྲགས་པ་རེད། དུས་རབས་རིམ་བྱུང་གི་ནང་དུ་བ་སོའི་རིན་ཐང་གིས་ས་གནས་འདི་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་མཛད་རྗེས་བསྐྲུན་ཡོད་ཅིང་། གོ་ཐོས་སུ་ལྷ་དཀར་གླང་བོ་དང་གྲོག་རོང་གི་རྣམ་ཤེས་གཉིས་མཉམ་དུ་བསྡད་ཡོད་པས་ལས་འབྲེལ་དམ་པོ་ཡོད་ཟེར། པའེ་ཧྲེན་གྱི་གླང་ཆེན་གང་དུ་མཐོང་རྒྱུ་ཡོད་ན་དེ་གར་འཕེལ་རྒྱས་ཆེ་ཞིང་མི་རྣམས་ལ་བདེ་སྐྱིད་ཡོང་གི་ཡོད། རྔོན་རྒྱག་པའི་དུས་ཚིགས་ནས་སོ་ནམ་བྱེད་པའི་དུས་སྐབས་བར། ཏའེ་རིགས་ཀྱི་ཚོ་བ་ཁག་གིས་རྔོན་ཁུལ་དང་ཆུ་ཁུངས། ས་ཞིང་བཅས་འཕྲོག་རྩོད་བྱེད་ཆེད་རྟག་པར་དམག་འཁྲུག་རྒྱག་གིན་ཡོད། འོན་ཀྱང་ཚོ་བ་གང་ཞིག་ཡིན་རུང་ལྷ་དཀར་པོ་ནི་མི་རྣམས་ཀྱི་འགྲན་ཟླ་བྲལ་བའི་སྲུང་མར་བརྩི་བ་ཡིན་ལ། ཏའེ་རིགས་མི་དམངས་ཀྱིས་གླང་ཆེན་ནི་བརྗིད་ཉམས་ཆེ་བ་དང་། བབ་ཆགས། བརྟན་པོ་བཅས་ཡིན་པའི་མཚོན་རྟགས་ཤིག་ཏུ་བརྩི། ཁོ་ཚོའི་རྩོམ་རིག་དང་སྒྱུ་རྩལ་གྱི་བརྩམས་ཆོས་སྣ་ཚོགས་ནང་གླང་ཆེན་དེ་བརྗོད་བྱ་གཙོ་བོ་བྱས་ཡོད། ཞི་ཧྲོང་པན་ན་ནས་ཡུལ་སྐོར་པ་དག་གླང་ཆེན་དང་རྨ་བྱའི་མཛེས་སྡུག་གི་ཁྲོད་ན་མགོ་འཁོར་གྱིན་ཡོད། ངས་ཀྱང་ཚ་མོ་ལོ་གཅིག་ཅན་དེ་ལ་ས་འདིའི་གོན་པ་ཁ་ཤས་ཤིག་དང་། དབྱིབས་གླང་ཆེན་གྱི་རྐང་ལག་ཐོགས་པ་དང་རྒྱབ་ངོས་བྱའི་སྒྲོ་མདོངས་ཀྱི་རྣམ་པ་ཡིན་པའི་རྒྱབ་ཁུག་ཅིག་ཉོས་པ་ཡིན།

སངས་རྒྱས་དགོན་པ།
        སངས་རྒྱས་དགོན་པར་ཆས་དུས་སྒོ་ཆེན་བརྒྱུད་ནས་དགོན་པ་འདིའི་ནང་ལོགས་སུ་ཐོན་དུས་སྨན་ལུང་དགོན་པའི་གྲྭ་བ་ཉེར་གཅིག་སླེབས་པ་དང་འཕྲད་བྱུང་། ངས་ཕར་ངོ་ཤེས་པ་གཅིག་ཀྱང་མི་འདུག་མོད། ཁོང་ཚོ་ཁ་ཤས་ཀྱིས་ང་ངོ་ཤེས་ནས་སྐད་ཆ་དྲིས་བྱུང་། ལབ་གླེང་ཅུང་ཙམ་བྱས་རྗེས་གྲྭ་པ་ཞིག་ལ་ང་ཚོ་མཉམ་པར་ཞིག་བསྒྲོན་དུ་བཅུག དགོན་པའི་འདབས་ནས་རྩེ་ལ་རླངས་འཁོར་བགྲོད་ཀྱང་ཆོག་མོད། ང་ཚོ་ཆེད་དུ་དུས་ཚོད་གཅིག་ཡས་མས་སུ་རྐང་ཐང་དུ་སོང་སྟེ་དགོན་པའི་མགོ་མཇུག་བར་གསུམ་ལ་ཞིབ་མཇལ་ཞིག་བྱས། དགོན་པ་འདི་ནི་ལྷོ་བརྒྱུད་ནང་བསྟན་གྱི་དགོན་པ་ཆེ་ཁག་ཅིག་ཡིན་ལ། མིང་རྒྱལ་རབས་ཀྱི་སྐབས་སུ་ཏའེ་རིགས་ཀྱི་རྒྱལ་པོ་པ་ལུང་གི་བཙུན་མོ་ནན་ཧྲ་ཝེ་ཕེན་ཆོས་དད་མཁན་ཞིག་ཡོད་པ་དེར་ན་ཚ་བྱུང་བས་དེའི་དགེ་རྩར་བཞེངས་པར་བཤད། དགོན་མིང་ལ་ཅིང་ཕིའོ་ཧྥོ་ཞེས་བཏགས་ལ།བཙུན་མོ་འདི་ནི་མི་ཚེ་གང་བོར་ཆོས་ལ་དད་ཞེན་མ་བཏང་བ་ཞིག་ཡིན་འདུག ནང་བའི་དུས་ཆེན་ཁག་ཏུ་རྒྱལ་པོ་སྐུ་དངོས་སུ་དགོན་པ་འདིར་ཕེབས་ནས།ཆོས་ཚོགས་འཚོགས་པ་སོགས་ཀྱིས་བཙུན་མོར་དྲན་གསོ་བ་དང་ནང་ཆོས་དར་སྤེལ་དཀྱུས་གཅིག་ཏུ་བྱེད། སྤྱི་ལོ1848དེ་ཆིན་རྒྱལ་རབས་ཀྱི་སྐབས་སུ་ས་འདིར་དམག་འཁྲུག་གི་དོན་རྐྱེན་ཡ་ང་བ་བྱུང་བར་བརྟེན་དགོན་པ་འདི་ལ་གོད་ཆག་ཆེན་པོ་བྱུང་། 2003ལོར་དགོན་པ་འདི་བསྐྱར་བཞེངས་བྱེད་མགོ་བརྩམས་ལ།2007ལོར་མཇུག་ལེགས་པར་གྲུབ་སྟེ་རྒྱལ་ཁབ་ཕྱི་ནང་གི་བླ་མ་གྲྭ་པ་ཆེ་ཁག་བརྒྱ་དང་བརྒྱད་གདན་དྲངས་ནས་རབ་གནས་ཀྱི་ཆོ་ག་རྒྱས་པ་སྤེལ། རྒྱལ་ཁབ་ཀྱི་ངོས་ནས་ཀྱང་དགའ་སྟོན་རྒྱ་ཆེན་པོ་བྱས་ནས་མི་ཚོགས་འབུམ་དྲུག་དང་ཁྲི་ལྔ་འཛོམས་པར་བཤད། ལྷོ་བརྒྱུད་ནང་བསྟན་གྱིས་ཁོ་ཚོའི་མི་རིགས་ཀྱི་ཆབ་སྲིད། དཔལ་འབྱོར། རིག་གནས་སྒྱུ་རྩལ་སོགས་ལ་ཤུགས་རྐྱེན་ཟབ་མོ་བཞག་ཡོད། དེ་བས་དགོན་པ་འདི་ནི་ལྷོ་བརྒྱུད་ནང་བསྟན་རིག་གནས་ཀྱི་ལྟེ་གནས་གལ་ཆེན་ཞིག་ཏུ་གྱུར། དགོན་པ་འདིར་ཏ་ལའི་ལོ་མར་བྲིས་པའི་ཆོས་ཕུང་མང་པོ་ཡོད་པས་ལོ་མའི་བཀའ་འགྱུར་ཞེས་ཀྱང་གྲགས། ས་འདིའི་མི་ཕལ་ཆེ་བ་ཏའེ་རིགས་ཡིན་ལ།སྲོལ་རྒྱུན་ལྟར་ཁོང་ཚོས་ད་དུང་བྱིས་པ་ལོ་བརྒྱད་ཀྱི་སྐབས་སུ་དགོན་པར་རབ་ཏུ་བྱུང་དུ་བཅུག་སྟེ་ཆོས་དང་ཡི་གེ་སློབ། དུས་ཡུན་ལོ་གཅིག་ནས་ལྔའི་བར་དགོན་པར་བསྡད་རྗེས་ཁྱིམ་ཏུ་ལོག་ཆོག རང་ལོ་ཉི་ཤུའི་སྟེང་ནས་ཀྱང་ཁྱིམ་ལ་ལོག་པའི་གདམ་གསེས་བྱེད་ཆོག ལོ་སུམ་ཅུའི་སྟེང་ནས་ཀྱང་གདམ་གསེས་བྱེད་ཆོག་མོད། དེ་ནི་ཆེས་མཐའ་མཇུག་གི་གདམ་གསེས་དེ་ཡིན་པས་སློབ་སྦྱོང་གི་ཟབ་ཚད་དང་ཀུན་སྤྱོད་ཀྱི་ཚད་ཐིག་བཅས་ཚད་མཐོན་པོ་དགོས་པར་བཤད། མི་ཚེ་གང་བོའི་སྡོམ་པ་ཁས་བླངས་ཕྱིན་སྤྱི་ཚོགས་དང་ལས་སྒོ་སོ་སོ་ནས་ཁྱེད་ལ་གདེང་འཇོག་ཚད་མཐོན་པོ་བྱེད།ན་བཟའི་སྟེང་ནས་ཀྱང་གྲྭ་པ་བྱས་པའི་ལོ་ཚད་བགར་ཐུབ་ཀྱིན་འདུག དེས་གྲྭ་པའི་གྲལ་རིམ་འཇལ་བའི་སྲོལ་ད་ལྟའི་བར་དུ་གནས་ཡོད། སྡེ་བ་རེ་ལ་དགོན་པ་རེ་ཕལ་ཆེར་ཡོད། ས་ཆ་འདིར་བསྡོམས་ན་དགོན་པ་ལྔ་བརྒྱ་དང་མཆོད་རྟེན་ཉིས་བརྒྱ་ཡོད་པར་བཤད། སངས་རྒྱས་དགོན་པ་འདི་ནི་ཁོང་ཚོར་མཚོན་ན་ང་ཚོའི་ལྷ་ལྡན་གཙུག་ལག་ཁང་ལྟ་བུ་ཞིག་ཏུ་སེམས་ཀྱིན་ཡོད། ལྷ་ཁང་མང་པོ་ཡོད་ལ། ལྷ་ཁང་ཆེས་ཆེ་བའི་ཞབས་སུ་སྟོན་པའི་སྐུ་ཁྲུ་གང་ཅན་ཁྲི་གཅིག་བཞུགས། སྐུ་ཚང་མ་ཁོང་ཚོའི་བཞེངས་ལུགས་ལྟར་བཞེངས་ཏེ་བཞུགས། ལྷ་ཁང་དེའི་ཀླད་ཀྱི་གཙོ་སྐུ་རྒྱུ་ཟངས་ལས་གྲུབ་པའི་སྟོན་པའི་སྐུ་དེ་ནི་ལྷོ་བརྒྱུད་ནང་བསྟན་ལུགས་ཀྱི་འཛམ་གླིང་གི་སྟོན་པའི་སྐུའི་ཆེས་མཐོའི་ཟིན་ཐོ་བསྐྲུན་ཡོད་སྐད། མཐོ་ཚད་ལ་སྨི་ཞེ་ལྔ་ཡོད་ཟེར། ཞལ་གྲོང་ཁྱེར་ལ་ཕྱོགས་ནས་ཆེས་དུལ་བའི་དཔལ་གྱིས་བཞུགས་འདུག མཇལ་གྱིན་མཇལ་གྱིན་སེམས་སུ་སིམ་པའི་བདེ་བ་ཞིག་སྤྲད་ཡོང་ལ།ལྷ་ཁང་ནང་གི་བཀོད་པ་ཡང་ང་ཚོའི་ལྷ་ཁང་དང་མི་འདྲ་བའི་ཁྱད་པར་མང་པོ་འདུག དགོན་པ་འདིར་དུས་རྒྱུན་སྔ་དྲོའི་ཆུ་ཚོད11:30དང་། ཕྱི་དྲོའི་ཆུ་ཚོད15:30ཚང་མར་གཟུགས་པོ་འཁྲུ་བའི་བྱེད་སྒོ་ཡོད། མེང་ལི་སངས་རྒྱས་དགོན་པ་ནི་མེང་གི་ལམ་ཆེན་གྱི་རྩེ་མོར་གནས་པ་དང་ཅིང་ཧུང་གྲོང་ཁྱེར་གྱི་ལྟེ་བ་དང་བར་ཐག་སྤྱི་ལེ4ཙམ་ཡོད་པས། སྤྱི་སྤྱོད་རླངས་འཁོར་བཞི་པར་བསྡད་ན་སླེབས་ཀྱིན་ཡོད། ཆུ་རྩེད་དུས་ཆེན་ནི་ཁོང་ཚོ་ཆེས་སྤྲོ་སྣང་ལྡན་པའི་དུས་ཆེན་ཞིག་ཡིན། སྟོན་པའི་ཕྱག་གཡས་མཛུབ་མོ་གནམ་ལ་ཀེར་ནས་བཞུགས་པའི་དབུ་ལ་ཉིན་མཚན་དབྱེར་མེད་དུ་རང་འབབ་ཆུ་གཏོར་གྱིན་འདུག མི་འདི་ཚོས་ཚ་བ་མ་ཐེག་པའི་སྡུག་བསྔལ་སྟོན་པ་ལའང་ཡོད་སྙམ་གྱིན་འདུག་ཅེས་ངས་གྲོགས་པོ་གཉིས་ལ་ཀུ་རེ་རྩེས། རྒྱ་གར་ཟླ་བ་ལ་དགའ་བ་དང་ཡུན་ནན་ཆུ་རྩེད་ལ་དགའ་བ་གཉིས་ཚ་བའི་སྡུག་བསྔལ་མ་ཐེག་པའི་འདུ་བྱེད་ཅིག་ཏུ་ངེས།
        ང་ཚོས་གླ་གཏོང་རླངས་འཁོོར་ཞིག་གླས་ནས་ཆེད་དུ་ཡེ་ཞང་ལུང་བར་སོང་། ལམ་བར་དུ་གྲོང་སྡེ་ཞིག་གི་ནང་དུ་འཛུལ་ནས་ནར་མའི་འཚོ་བ་ལ་རྟོག་ཞིབ་ཅིག་བགྱིས། ཁོ་ཚོའི་ཁང་པ་ཕལ་ཆེར་ཤིང་ཁང་ཉིས་ཐོག་རེད། ནང་ཡོངས་སུ་སྨྱུག་གདན་བཏིངས་ནས་གཙང་སྦྲ་བྱས་པ་བཟང་བས་ཁང་པའི་ནང་འོད་ལམ་ལམ་བྱེད། སྐྱེས་པ་མང་ཤོས་ཀྱིས་སྟོད་ལྭ་མེད་པར་དམར་ཧྲེང་ངེར་ཕར་འགྲོ་ཚུར་འོང་བྱེད། བུད་མེད་ཚོས་རང་གི་ཆ་ལུགས་ཡིད་དུ་འོང་བ་དག་སྤྲས་ལ་དངུལ་མགར་ཡང་མང་དུ་མཐོང་། ལུང་བ་འདི་ལ་འགྲོ་བའི་དུས་ཚོད་བཟང་ཤོས་ནི་ལོ་རེའི་ཟླ་དང་པོ་དང་གཉིས་པ། ཟླ་བརྒྱད་པ་དང་དགུ་པ་བཅས་ཡིན་ལ། དེའི་སྐབས་སུ་རི་དྭགས་དང་གླང་ཆེན་འགྲོ་འོང་མང་ཞིང་། བདག་ཏུ་མ་བཟུང་བའི་གླང་ཆེན་གྱིས་མི་ལ་རྨས་སྐྱོན་བཟོ་བའི་དོན་རྐྱེན་ཡང་ཐོན་གྱིན་ཡོད་ཟེར། ཡེ་ཞང་ལུང་བའི་ཉེ་འཁོར་དུའང་བདག་ཏུ་མ་བཟུང་བའི་གླང་ཆེན་གྱིས་ལམ་འགྲམ་དུ་རླངས་འཁོར་བཀག་པའི་གནས་ཚུལ་བྱུང་མྱོང་ཡོད། དེར་བརྟེན། ཡེ་ཞང་ལུང་བའི་མཐའ་འཁོར་གྱི་གྲོང་སྡེར་ཡུལ་སྐོར་དུ་བསྐྱོད་སྐབས་བདག་ཏུ་མ་བཟུང་བའི་སྲོག་ཆགས་གླང་ཆེན་འགྲོ་འོང་ལ་གཟབ་གཟབ་བྱེད་དགོས་པར་སྐུལ། 2011ལོའི་ཟླ7པར་དེ་ཉིད་རྒྱལ་ཁབ་ཀྱི་རིམ་པ་མཐོ་ཤོས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གྱུར་ཡོད་ཟེར། གདོད་མའི་ཚ་ཁུལ་གྱི་ནགས་ཁྲོད་འདི་རུ་ངོ་མཚར་ཆེ་བའི་མེ་ཏོག་དང་ཤིང་འབྲས། ཤིང་གི་འབྲས་བུ། སྡོང་པོ། ཁམ་བུ། མིང་མི་ཐོགས་པའི་སྐྱེ་དངོས་ཀྱིས་མིག་ལ་བསླུ་བྲིད་ཡང་ཡང་གཏོང་། སྨྱུག་མའི་ཚིང་ཚིང་འཁྲིགས་ནས་ནམ་མཁའ་མི་མཐོང་བའི་ཚོད་དུ་གདའ། སྡོང་རྒན་ལ་ལར་མི་ལོ་སྟོང་འགོར་ཡོད་པར་སྨྲ་ལ། སྡོང་རྒན་དེ་ཚོས་ཡུལ་འདིའི་དར་རྒུད་ཀྱི་ལོ་རྒྱུས་མང་དུ་སྦྲུམ་ནས་ཁུ་སུམ་མེར་ང་ཚོ་ལ་འགྱིང་ཉམས་སྟོན་པ་དང་འདྲ། དེ་ལས་ཁྱད་མཚར་བ་ཞིག་ནི་མི་རྒོད་དུ་སྐད་པ་དེ་དག་རེད། དེ་ཚོ་སྡོང་མགོ་ནས་ཐག་པར་འཇུས་ཏེ་ཡུལ་སྐོར་པའི་མགོ་ནས་ཕར་འགྲོ་ཚུར་འོང་བྱེད། གོས་སུ་ཤིང་ལོ་གྱོན། མདོག་ནག་ལ་སོ་ཡང་ནག་པོ་བྱས་ནས་ཡུལ་སྐོར་པར་མཚར་སྣང་སྟེར། ཁག་དང་ཁག་བྱས་ནས་འདུག དེའི་ནང་གི་བུད་མེད་ཚོས་ཡུལ་སྐོར་པ་རྣམས་དང་ལག་རྡང་སྦྲེལ་ནས་བྲོ་ཡང་འཁྲབ། ཁག་གཅིག་ཏུ་མི་རྒོད་བུ་ཕོ་གཉིས་འདུག ཕར་བཤད་ཀྱི་སྐད་ཆ་མི་གོ་ལ་ཚུར་བཤད་ཀྱི་སྐད་ཆ་མི་གོ ཤེལ་ཆག་ནང་རྐང་རྗེན་དུ་མཆོང་ལྡིང་བྱེད་ཅིང་། རལ་གྲི་རྣོན་པོ་ཞིག་གིས་ཤེད་ཀྱིས་ལྕེ་ཐོག་ལ་བསྣུན་པ་སོགས་སྒྱུ་མ་མཁན་གྱི་འཁྲབ་སྟོན་ལྟ་བུ་ཡང་བྱེད། དེས་དེར་ཡོད་པའི་ཡུལ་སྐོར་པ་ཀུན་ལ་ཧ་ལས་སུ་བཅུག་སོང་། ལུང་བ་འདིར་དུས་ཚོད་གཉིས་ལྷག་ཟད་རྗེས་ཕྱིར་གྲོང་ཁྱེར་དུ་ཡོང་ནས་ངལ་གསོས། དགོང་མོར་མཁར་གྲོང་འདིར་མེ་ཕུང་སྐོར་བྲོ་སོགས་མི་རིགས་བཅུ་ཕྲག་ལྷག་གི་སྒྱུ་རྩལ་འཁྲབ་སྟོན་ལྟ་བས་ཟད་མི་ཤེས་པ་ཡོད། ལོ་རེའི་ཟླ4པའི་ཟླ་དཀྱིལ་དུ་ཡུལ་སྐོར་པ་ཁྲི་ཕྲག་མང་པོ་ཞི་ཧྲོང་པན་ན་རུ་བསྐྱོད་དེ།ས་གནས་འདི་གའི་མི་དང་མཉམ་དུ་ཆུ་རྩེད་བྱས་ནས་དགའ་བོ་བྱེད་ཀྱིན་ཡོད། གལ་ཏེ་ཁྱོད་སྲང་ལམ་དུ་སོང་ཚེ། མི་ཞིག་གིས་གློ་བུར་དུ་ཁྱོད་ལ་ཆུ་གཞོང་བ་གང་བླུགས་པ་ཡིན་ནའང་ཁོང་ཁྲོ་མ་ལངས། དེ་ནི་བཀྲ་ཤིས་བདེ་ལེགས་མཚོན་པའི་དྭངས་གཙང་གི་ཆུ་ཞིག་ཡིན་ཟེར། ཅིང་ཧུང་མཁར་གྲོང་གི་ཕྱིའི་ཏའེ་རིགས་ཀྱི་ལྡུམ་རའི་ནང་དུ་ཉིན་རེའི་ཕྱི་དྲོར་ཆུ་གཏོར་བའི་བྱེད་སྒོ་འདུག ཏའེ་རིགས་དང་ཡུལ་སྐོར་པ་ཕན་ཚུན་དྭངས་གཙང་གི་ཆུ་གཏོར་རེས་བྱས་ནས་གཟུགས་པོ་ཚང་མ་རློན་པར་བྱེད། ལུས་ཡོངས་བརླན་ཐུབ་སོང་ན་ཚེ་གང་ལ་བདེ་སྐྱིད་ལྡན་པའི་བཤད་སྲོལ་མཆིས།

ཇ་རིའི་ཡུལ་སྐོར།
        ཡུན་ནན་ནི་ཇའི་ཕ་ཡུལ་ཡིན་པ་དང་། ཕུའུ་ཨེར་ཇ་ནི་ཇའི་མེས་པོ་ལྟ་བུ་ཡིན། ངའི་གྲོགས་པོ་རྒྱ་མི་ཞིག་གིས་ཇ་ནི་རྒྱལ་ཁབ་ཀྱི་ཆེད་དུ་འཐུང་དགོས། མི་རིགས་ཀྱི་དོན་དུ་འཐུང་དགོས་ཟེར། ངས་ཡུན་རིང་ཞིག་ལ་དེའི་གོ་བ་ལོན་མ་སོང་། གང་ལྟར་ངས་ནི་ལོ་མང་པོའི་རིང་ལ། ཐོག་མཐའ་བར་གསུམ་དུ་ཕུའུ་ཨེར་ཇ་ལ་དོ་སྣང་བྱས་པ་དང་ཇའི་རིག་གནས་ལ་དོ་སྣང་བྱུང་། ཇའི་བསྟན་བཅོས་སུ་བཏགས་པ་ཞིག་ཀྱང་བྲིས། རང་གཅིག་པུ་སྡོད་དུས་ཇ་དགོས་ལ་ཇ་འཐུང་དུས་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་ཀྱང་དགོས། དེ་ནི་ཇ་ལ་བརྩེ་དུང་སྤྲོད་སྟངས་ཤིག་ཀྱང་ཡིན་སྲིད། ཇ་འཐུང་བཞིན་འཐུང་བཞིན་ཇའི་དྭངས་མ་བཙལ་བ་དང་།དྭངས་མ་འཐུང་ཞོར་དཔེ་ཆའི་ནང་དོན་ལ་བསམ་གཞིགས་བྱེད་དགོས་པ་ཞིག་ཏུ་གྱུར། དཔེ་ཆ་བ་མང་པོ་ཞིག་ཇ་འཐུང་མཁན་དུ་གྱུར་བའི་སྣང་ཚུལ་ཞིག་ཀྱང་མཆིས་ཤིང་། དེ་ནི་རྒྱའི་ཇའི་རིག་གནས་ཀྱི་སིམ་འཛུལ་ཞིག་ཡིན་པ་འདྲ་ལ།ཇའི་བརྒྱུད་རིམ་ནི་གཏིང་ཟབ་མོ་བྱེད་ཆོག་ལ་ལས་སླ་མོ་ཡང་བྱེད་ཆོག་པ་འདྲ། དེ་ནི་རིན་གོང་གིས་འབྱེད་ཐུབ། ཕུའུ་ཨེར་ཇ་བག་ལེབ་གཅིག་ལ་མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་བརྒྱབ་ཡོད་ས་འདུག ཕུའུ་ཨེར་ཇ་ནི་ཡུན་ནན་གྱི་སྐད་གྲགས་ཆེ་ཤོས་ཀྱི་ཁྱད་ཐོན་ཞིག་རེད། ཡུན་ནན་གྱི་ཞི་ཧྲོང་པན་ན་དང་ལིན་ཚང་། ཕུའུ་ཨེར་སོགས་ས་ཁུལ་ནི་ཕུའུ་ཨེར་ཇ་ཡི་ཐོན་ཁུངས་གཙོ་བོ་རེད། ཡུལ་སྐོར་བྱེད་སྟངས་ལེགས་སུ་ཕྱིན་པ་དང་བསྟུན་ནས་ཇ་རིའི་ཡུལ་སྐོར་སོགས་བྱུང་སྐད། ཇ་རིའི་ཐོག་མཁའ་རླུང་གཙང་ལ་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཟབ་པས“ཇ་རིའི་ཡུལ་སྐོར”འཁྲུག་ཆ་དོད་པ་ཞིག་རེད། ཞི་ཧྲོང་པན་ན་ལ་ཇ་རིའི་རི་རྩེ་མང་བས“ཇ་རིའི་ཡུལ་སྐོར”གྱི་དམིགས་ཡུལ་གཙོ་བོའང་དེ་རེད། དབྱི་ཝུའུ་དང་དབྱིས་པང་། ཀེ་ཏེང་། མང་ཡང། ཡུན་འཛོམས་བཅས་ནི་ཞི་ཧྲོང་པན་ན་ཡི་སྐད་གྲགས་ཆེ་ཤོས་ཀྱི་གནའ་བོའི་ཇ་རི“དབྱི་ཝུའུ་རི་བོ་ཆེན་པོ་དྲུག”(ཡུ་ལེ་ནི་ད་ལྟའི་ཅི་ནུའོ་རི་བོ་རེད།)ཡིན་མོད། འོན་ཀྱང་ལ་ལ་བེད་མེད་དུ་གྱུར་ཟིན་པ་དང་། ལ་ལ་ཡུལ་སྐོར་སྣེ་ལེན་གྱི་ཆ་རྐྱེན་ཡག་པོ་མེད་པས་འགྲོ་དཀའ་བ་ཞིག་ཡིན་པར་བཤད། ད་ཆ་ཡུན་ནན་དུ་ཇའི་གྲོགས་པོ་འགའ་ཡང་ངོ་ཤེས་པར་གྱུར། ཡུན་ནན་དུ་ཇ་རིར་འགྲོ་བ་ནི་དམིགས་བསལ་གྱི་ལོངས་སྤྱོད་ཅིག་ཏུ་བརྩི་བཞིན་ཡོད། ཇ་རི་འདིར་སྒེར་འཁོར་བཏང་ནས་འགྲོ་དགོས་ལ་དཔྱད་གཞི་ལས་མངོན་པར་གཞིགས་ན། ད་ཆ་ཡོངས་སུ་ཇ་འདེབས་རྒྱ་ཁྱོན་མུའུ་ཁྲི4ལས་བརྒལ་ཡོད་པར་སྣང་། འདི་རུ་ཀྲུང་གོའི་ཕུའུ་ཨེར་གནའ་བོའི་ཇ་ལོའི་རིག་གནས་རྟེན་རྫས་བཤམས་མཛོད་ཁང་ཆེན་པོ་དྲུག་བསྐྲུན་ཡོད་པས།དེར་དགའ་པོ་བྱེད་མཁན་གྱི་ཡུལ་སྐོར་པས་དེ་གར་ལྟ་སྐོར་བྱེད་ཆོག དེ་ལྟར་ང་ཚོས་གནང་བའི་དུས་ཚོད་ཀྱི་མཐའ་ལ་གཏུགས་ཏེ་ཉིན་དྲུག་བདུན་ཞིག་གི་ཡུན་ནན་གྱི་ཡུལ་སྐོར་མཇུག་བསྡུས་ནས་སླར་ཡང་མཁའ་ལམ་བརྒྱུད་ནས་མ་དགོན་གཏེར་ལུང་ཡིད་དགའ་ཆོས་འཛིན་གླིང་དུ་ཆས། རྗེས་མར་ཁོམ་ལོང་བྱུང་ཚེ་ངས་ཁྱེད་ཚོ་དུས་བཞིར་མེ་ཏོག་གིས་བསྐོར་བའི་ཁུན་མིང་དང་། འཕགས་པ་ཐོགས་མེད་ཀྱི་སྒྲུབ་གནས་ཏ་ལི། བོད་རིགས་ལྟེ་བ་རུ་གྱུར་བའི་བདེ་ཆེན་སོགས་ངོ་མཚར་བའི་ཡུན་ནན་གྱི་ས་ཆ་གཞན་དག་ལ་ཁྲིད་ཆོག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1