༄༅།། ཨ་རིག

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 12-10


རི་གྲོང་ནས་ཐོན་པའི་ལས་གཏོད་པ་ཨ་རིག

       “ངས་རང་ཉིད་ནི་བུད་མེད་འཇོན་ཐང་ཅན་ཞིག་ཡིན་པར་མི་འདོར། རང་གི་སེམས་ཀྱི་འདོད་ཚུལ་ལྟར་རྒྱུན་འཁྱོངས་བྱས་པ་ཙམ་ཡིན། འཚོ་བར་དཀའ་ངལ་ཆེན་པོ་ཡོད་ཀྱང་ད་དུང་ཨུ་ཚུགས་བྱས་ཏེ་འབད་བརྩོན་བྱེད་དགོས།” ཨ་རིག་ནི་རི་གྲོང་ནས་ཐོན་པའི་གྲོང་གསེབ་ཀྱི་བུད་མེད་ཅིག་ཡིན་ཏེ། མོས་གྲོང་ཁྱེར་ནས་དཀའ་བ་བརྒྱ་ཕྲག་གདོང་གིས་བསུས་མཐར་རང་ཉིད་ཀྱི་འདོད་པ་དང་མཐུན་པའི་འཚོ་བ་སྐྱེལ་ཐུབ་པ་བྱུང་ཡོད། 

རི་གྲོང་ནས་ཐོན་པའི་ལས་གཏོད་པ་ཨ་རིག

       “ང་རང་རི་གྲོང་ནས་ཕྱི་ལ་འགྲོ་དགོས།”

       1969ལོར། ཨ་རིག་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རོང་བྲག་རྫོང་གི་རི་གྲོང་ཆུང་ཆུང་ཞིག་ཏུ་སྐྱེས་པ་དང་ཁྱིམ་གྱི་བུ་མོ་གཅིག་པུ་དེ་རེད། “ངའི་ཕ་མ་གཉིས་ཀ་བྱམས་སེམས་ཅན་གྱི་ཞིང་པ་ཤ་སྟག་ཡིན་ཞིང་། ང་ལ་ད་དུང་ཕུ་བོ་གཅིག་དང་ནུ་བོ་གཅིག་ཡོད། རི་ཁུལ་དུ་འཚོ་བ་སྐྱེལ་ན་དཀའ་ཚེགས་ཆེ་ལ། ཕ་མས་ས་ཞིང་བཏབ་ནས་ང་ཚོའི་ཁ་གསོ་ཐབས་བྱེད་དགོས། ཕུ་བོ་ལ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཞིག་བྱུང་ནས་ལག་གཡོན་པར་རྨས་སྐྱོན་བྱུང་བ་དང་། དེ་ནས་བཟུང་ལས་ཀ་ལྕི་མོ་ལས་མི་ཐུབ། ནུ་བོ་ལོ་ན་ཆུང་བས་ ངས་ཆུང་དུས་ནས་ཕ་མར་རོགས་རམ་བྱེད་ཀྱི་ཡོད།”ཨ་རིག་གི་ཁྱིམ་ནི་གྲོང་ཚོ་དང་ཁ་ཐག་རིང་བའི་ལུང་ཁུག་ཏུ་ཡོད་པས་ཕལ་ཆེར་མི་གཞན་དང་ཐུག་མི་ཐུབ། དེར་བརྟེན།  ཁོ་མོ་ཆུང་དུས་ནས་སྐད་ཆ་ཤོད་རྒྱུར་མི་དགའ་བ་དང་། མི་རྒྱུས་མེད་འཕྲད་ཚེ་གཡོལ་ནས་འགྲོ་བ་དང་ངོ་ཚ་ཆེན་པོ་བྱེད་ཀྱི་ཡོད།

       སློབ་གྲྭར་འགྲོ་བའི་ན་ཚོད་ལ་སླེབས་སྐབས། ཁྱིམ་གྱི་ཆ་རྐྱེན་ཞན་སྟབས། ཨ་རིག་གིས་གྲོགས་པོ་གཞན་དག་སློབ་གྲྭར་འགྲོ་བར་བལྟ་བ་ལས་ཐབས་གཞན་མེད། “ང་ངོ་མ་སློབ་གྲྭར་འགྲོ་འདོད་ཡོད།  དུས་རྒྱུན་དུ་གཞན་པ་སློབ་གྲྭར་འགྲོ་བ་མཐོང་སྐབས། ང་གཅིག་པུ་ལྐོག་ནས་ངུས་ནས་སྡོད་བཞིན་ཡོད།” དེའི་རྗེས་སུ་ཕ་མས་རང་གི་བུ་མོ་འདི་འདྲ་སེམས་སྡུག་བྱེད་བཞིན་པ་མཐོང་ནས་སེམས་ཀྱིས་མ་བཟོད་པར། ཨ་རིག་ལོ་10ལོན་སྐབས་སློབ་ཆུང་ལོ་རིམ་དང་པོ་འདོན་པར་བསྐྱལ། “སློབ་གྲྭར་བསྐྱོད་པའི་དུས་ཚོད་ནི་ངའི་ངོས་ནས་བརྗོད་ན་སྤྲོ་སྣང་དཔག་ཏུ་མེད་པ་ཞིག་རེད། ལོ་འདི་འདྲ་མང་པོ་འགོར་རུང་ད་དུང་ངའི་སེམས་ན་གསལ་ལེར་ཡོད། སློབ་གྲྭ་གྲོལ་རྗེས་ཁྱིམ་དུ་ལོག་ནས་ཕ་མར་རོགས་རམ་བྱེད་དགོས་པས། ངས་ཅི་ནུས་ཀྱིས་ཁྱིམ་དུ་ལོག་པའི་ལམ་བར་དུ་ལས་བྱ་འགྲུབ་ཐབས་བྱེད་དགོས། གཅིག་ནས་ཁྱིམ་དུ་ལོག་རྗེས་དུས་ཚོད་མེད་ལ། གཉིས་ནས་གལ་ཏེ་དགོང་མོར་དུས་ཚོད་ཡོད་ནའང་ཕ་མ་གཉིས་ལའང་ངར་ལཱ་སྒྲོན་བཀར་ནས་ལས་བྱ་འབྲི་རུ་འཇུག་པའི་ཆ་རྐྱེན་མེད། སྐབས་རེར་ངས་ཉིན་གཉིས་པའི་ཞོགས་པའི་ནམ་ལངས་མ་ཐག་པའི་སྐབས་དང་བསྟུན་ནས་ལས་བྱ་འབྲི་དགོས། སྐབས་འགར་ཨ་མ་དང་མཉམ་དུ་ཞིང་ནང་དུ་ལས་ཀ་བྱེད་དུ་སོང་ཚེ། ངས་ལྐོག་ཏུ་མུ་འབྲེལ་རི་མོ་ཁྱེར་ཏེ་ངལ་གསོ་བའི་སྐབས་དང་བསྟུན་ནས་ལྟ་ཐབས་བྱེད།” ཨ་རིག་ལ་མཚོན་ནས་བཤད་ན། དེ་འདྲའི་དཀའ་ཚེགས་ཆེ་རུང་ད་དུང་དེ་བདེ་སྐྱིད་ཡིན་པའི་སྣང་བ་ཤར་ཡོད།

རི་གྲོང་ནས་ཐོན་པའི་ལས་གཏོད་པ་ཨ་རིག

ཨ་རིག་(གྲལ་བསྟར་གཉིས་པའི་གཡོན་གྱི་གཉིས་པ)དང་ཁོ་མོའི་ལས་བཟོ་བ་ཁ་ཤས།

       དེ་ལྟར་ལོ་གཉིས་ལ་རྒྱུན་འཁྱོངས་བྱས་མོད།  ཕ་མ་གཉིས་ཀྱིས་འགྲོ་སོང་ལྕོགས་མི་ཐུབ་པས། མཐར་ཨ་རིག་སློབ་བཤོལ་བྱས་ནས་ཡུལ་དུ་ལོག  “ངས་ཕ་མ་ལ་འཁང་ར་མི་བྱེད།  རྒྱུ་མཚན་ནི་སྐབས་དེར་ང་ཚོའི་ཕ་ཡུལ་དུ་བུ་མོ་སློབ་གྲྭར་སྐྱེལ་མཁན་ཧ་ཅང་ཉུང་། ཚང་མ་བུ་མོ་རྗེས་ཕྱོགས་གནས་ལ་འགྲོ་དགོས་པས་ཁྱིམ་གྱི་ལས་ཀ་དང་ཞིང་ནང་གི་ལས་ཀ་ལས་ཤེས་རྒྱུ་ཧ་ཅང་གལ་ཆེ་བར་འདོད་བཞིན་ཡོད།” འོན་ཀྱང་ཨ་རིག་གིས་ཆུང་དུས་ནས་བཟུང་རི་ཁུལ་ནས་བུད་དེ་གྲོང་ཁྱེར་ལ་འགྲོ་བའི་ཕུགས་བསམ་བཅངས་ཡོད།

       བུ་མོའི་ཆེད་དུ་གྲོང་ཁྱེར་དུ་ཡོང་བ།

       དུས་རབས་སྔོན་མའི་ལོ་རབས་80པའི་དུས་འགོར་ཨ་རིག་གི་ཕུ་བོ་དམའ་རིམ་སློབ་འབྲིང་མཐར་ཕྱིན་རྗེས། གྲོགས་པོ་དང་མཉམ་དུ་རི་གྲོང་ནས་ཐོན་ཏེ་ཁྲེན་ཏུའུ་རུ་ཚོང་རྒྱག་པར་སོང་། ཁྱིམ་དུ་སྡོད་པའི་ཨ་རིག་གིས་ཧ་ཅང་ཡིད་སྨོན་བྱེད་བཞིན་ཡོད། མོས་རྒྱུན་པར་ཕུ་བོར་ཡི་གེ་བསྐུར་ནས་མོ་རང་ཉིད་རི་གྲོང་ནས་ཐོན་འདོད་ཆེན་པོ་ཡོད་རབས་བཤད། ཕུ་བོའི་འཕྲིན་ལན་ནང་ཨ་རིག་ལ་རྒྱུན་པར་སྐུལ་མ་བཏང་བ་མ་ཟད། གོ་སྐབས་བྱུང་ཚེ་རི་གྲོང་ནས་ཁྲིད་པའི་ཁས་ལེན་བྱས། འོན་ཀྱང་ཡུན་རིང་མ་འགོར་བར་ཕ་མ་དང་རྒན་པ་ཚོས་ཨ་རིག་ལ་གཉེན་རྟགས་བརྒྱབ། ཕ་མ་གཉིས་ལ་སེམས་ཁུར་བྱེད་དུ་མི་འཇུག་པའི་ཆེད་དུ། ཨ་རིག་གིས་ཁས་ལེན་བྱས་པ་དང་གཉེན་སྒྲིག་བྱས་རྗེས་བུ་མོ་ཞིག་ཀྱང་སྐྱེས། སྐབས་དེར་ཁོ་མོ་རི་གྲོང་ནས་ཐོན་འདོད་ཀྱི་འདུན་པ་སྔར་ལས་ཇེ་དྲག་ཏུ་ཕྱིན།

རི་གྲོང་ནས་ཐོན་པའི་ལས་གཏོད་པ་ཨ་རིག

ཨ་རིག་བོད་ཟས་ཟ་ཁང་གི་ལས་བཟོ་བས་མགྲོན་པོར་བསྲུབས་ཇ་ལྡུག་བཞིན་པ། 

       “ངའི་བུ་མོ་ནི་ང་རང་རི་གྲོང་ནས་ཐོན་པའི་སྒུལ་ཤུགས་ཆེ་ཤོས་དེ་ཡིན།  ངས་མོའི་འཚོ་བ་ང་དང་མཚུངས་པར་འགྱུར་དུ་འཇུག་མི་འདོད།”1995ལོར། ལོ་ན་26ལ་སོན་པའི་ཨ་རིག་གིས་ཁྱིམ་མིའི་ཁ་ལ་མ་ཉན་པར་རང་གཅིག་པུ་ཁྲེན་ཏུའུ་ལ་སླེབས། “སྐབས་དེ་དུས་ཕ་ཡུལ་ནས་རླངས་འཁོར་ལ་བསྡད་དེ་ཁྲེན་ཏུའུ་ལ་སླེབས་པའི་བར་དུ་ཉིན་ཞག་གཅིག་གི་དུས་ཚོད་དགོས། ངའི་སེམས་སུ་དགའ་སྤྲོ་དང་སེམས་ཁྲལ་གཉིས་ཀ་ཡོད་དེ། དགའ་དོན་ནི་རང་གི་འདོད་པ་ད་གཟོད་མངོན་འགྱུར་བྱུང་ནས་གྲོང་ཁྱེར་ཆེན་པོ་ལ་འགྲོ་ཐུབ་པ་དེ་ཡིན། སེམས་ཁྲལ་བྱེད་དོན་ནི་ང་ལ་རིག་གནས་ཡོན་ཏན་མེད་ལ། རྒྱ་སྐད་ཀྱང་བཤད་མི་ཤེས་པས། ལས་ཀ་ཇི་ལྟར་བཙལ་རྒྱུ་མི་ཤེས་པ་དེ་ཡིན། ང་ལས་མིར་བསྡུ་སྲིད་མཁན་ཡོད་དམ།”དེ་ལྟར་སེམས་སུ་རེ་བ་དང་སེམས་ཁུར་ཞིག་གིས་ཁེངས་ནས་ཨ་རིག་ཁྲེན་ཏུའུ་གྲོང་ཁྱེར་ལ་སླེབས་པ་རེད།

       དེའི་རྗེས་སུ་ཕུ་བོས་རོགས་རམ་བྱས་པ་བརྒྱུད་ནས། ཨ་རིག་ཧྲང་ཧའེ་གྲོང་ཁྱེར་གྱི་གསོལ་མགྲོན་ཁང་ཞིག་གི་མགྲོན་བསུ་བ་བྱེད་པའི་ལས་ཀའི་གོ་སྐབས་ཤིག་ཐོབ། “ཕུ་བོས་ལས་ཀ་དེ་སྐད་ཆ་མང་པོ་བཤད་མི་དགོས་པ་དང་། རང་ཉིད་ལ་རྒྱ་སྐད་སློབ་སྦྱོང་བྱེད་པའི་དུས་ཚོད་ཀྱང་ཡོད་པར་འདོད། འོན་ཀྱང་ཆེས་ཐོག་མར་གྲོང་ཁྱེར་ཆ་མེད་དེ་འདྲ་ཞིག་ལ་ཐོན་སྐབས། ངའི་སེམས་པ་ཞུམ་སོང་།”ཕྱོགས་གཅིག་ནས་ཆ་རྒྱུས་མེད་པ་དང་། ཕྱོགས་གཞན་ཞིག་ནས་ཨ་རིག་གིས་ད་སོ་མར་ལོ་ན་གཅིག་ལ་སོན་པའི་རང་གི་བུ་མོ་ལ་སེམས་ཁུར་བྱེད་བཞིན་ཡོད། “ངའི་བུ་མོ་ནི་ངས་ཆེས་ཁ་འབྲལ་མི་ཕོད་པ་དེ་རེད། སྐབས་དེར་ངའི་ཀླད་པའི་ནང་དྲན་པ་ཚང་མ་ངའི་བུ་མོ་རེད། ངའི་བུ་མོ་དང་ཐག་ཉེ་བའི་ཆེད་དུ། ང་ཕྱིར་ཁྲེན་ཏུའུ་ལ་ལོག་རྒྱུར་སེམས་ཐག་བཅད་པ་ཡིན།”ཕུ་བོ་མ་གཞི་ཡིད་ཕངས་ཡོད་མོད། འོན་ཀྱང་ཁོས་མཐའ་མར་ཨ་རིག་གི་བསམ་ཚུལ་ལ་བརྩི་འཇོག་བྱས།

       ཕྱིར་ཁྲེན་ཏུའུ་ལ་ལོག་རྗེས། ཨ་རིག་གི་ལས་ཀ་དང་པོ་ནི་ལམ་འགྲམ་གྱི་ཕྱེ་ཐུག་ཟ་ཁང་ཆུང་ཆུང་ཞིག་ཏུ་ལས་ཀ་བྱས་པ་སྟེ། མོས་དཀར་ཡོལ་འཁྲུད་པ་དང་། ཟ་མ་འདྲེན་པ་དང་ཚུར་བསྡུ་བ། གད་དར་བྱེད་པ་སོགས་ཀྱི་འགན་ཁུར་དགོས། “སྐབས་དེ་དུས་ཉིན་ལྟར་ཧ་ཅང་ཐང་ཆད།  དགོང་མོར་ཉལ་སྐབས་ལྕགས་སྐུད་ཀྱི་ཉལ་ཁྲི་ལྟེབས་མ་ཞིག་ཁ་ཕྱེ་ནས་ཇ་ཁང་དུ་ཉལ་ནས་ཟླ་བ་གཉིས་ལྷག་ལ་རྒྱུན་འཁྱོངས་བྱས་པ་ཡིན།”སྐབས་དེར་ཁྲེན་ཏུའུ་ཡི་གནམ་གཤིས་ཧ་ཅང་ཚ་བའི་སྒང་རེད། དུས་ཚོད་རིང་པོར་ལས་ཀ་བྱས་ནས་ཐང་ཆད་པའི་སྟེང་ཚ་བ་ཆེ་བས། ཐེངས་ཤིག་ཨ་རིག་གློ་བུར་ཏུ་མགོ་ཡོམས་འཁོར་ནས་ཐང་ལ་འགྱེལ།

       ཕུ་བོ་ཨ་རིག་ལ་སྙིང་རྗེ་ནས་ཕྱིར་ཁྲིད་ཡོང་ནས་ཁོ་རང་གིས་བཙུགས་པའི་སྒྲ་སྒམ་ཚོང་ཁང་དུ་ལས་ཀ་བྱེད་དུ་བཅུག དེ་ལྟར་ཨ་རིག་གིས་རང་གི་ཕུ་བོའི་ཚོང་ཁང་དུ་ལོ་5ལ་ལས་ཀ་བྱས། “དེའི་རྗེས་སུ་ངའི་སེམས་ལ་ང་རང་ལོ་རེ་ནས་ལོ་རེ་བཞིན་ལོ་ཚོད་ཀྱང་ཆེ་རུ་འགྲོ་བཞིན་འདུག ད་དུང་ཕྲུ་གུ་ཡང་གསོ་སྐྱོང་བྱེད་དགོས། ངས་རང་གི་བུ་མོར་སློབ་གསོ་ལེགས་པོ་ཞིག་མྱོང་དུ་འཇུག་ཐུབ་པའི་རེ་བ་བྱེད་བཞིན་ཡོད། འོན་ཀྱང་རྗེས་ཕྱོགས་སྒོར་མོ་བཀོལ་ས་ཧ་ཅང་མང་བས། རྟག་པར་ཕུ་བོར་བརྟེན་ནས་འདུག་མི་རུང་སྙམ།” དེ་ལྟར་རིམ་བཞིན་ཨ་རིག་ལ་ལས་གཏོད་ཀྱི་བསམ་བློ་འཁོར།

       སྐབས་དེར་ཨ་རིག་ཁྲེན་ཏུའུ་གྲོང་ཁྱེར་ཝུའུ་ཧོའུ་ཚིའི་ཉེ་འཁོར་དུ་བསྡད་ཡོད་ལ། གནས་འདི་ནི་ཁྲེན་ཏུའུ་གྲོང་ཁྱེར་གྱི་མི་རིགས་མང་པོ་མཉམ་གནས་དང་རིག་གནས་སྣ་མང་མཉམ་དུ་ཡོད་པའི་ས་ཆ་ཞིག་རེད། “སྐབས་དེར་ངས་ཇི་ལྟར་ལས་གཏོད་བྱེད་དགོས་མིན་ལ་སེམས་ཁྲལ་བྱེད་དུས་ལམ་འགྲམ་གྱི་ཇ་བསྲུབས་མ་འཚོང་མཁན་གྱི་ཚོང་བས་ང་ལ་འཆར་སྣང་ཞིག་སྦྱིན་བྱུང་།  མཚོ་བོད་མཐོ་སྒང་དུ་ཇ་བསྲུབས་མ་ནི་རྒྱུན་དུ་མཐོང་བའི་དངོས་པོ་ཞིག་ཡིན་རུང་། ཝུའུ་ཧོའུ་ཚིའི་ཉེ་འཁོར་དུ་ཕལ་ཆེར་བོད་ཟས་ཟ་ཁང་མེད། ཇ་བསྲུབས་མ་འཐུང་འདོད་ན་ལམ་འགྲམ་ནས་གྲལ་བསྒྲིགས་དགོས། དེ་ནས་ང་རང་གིས་བོད་ཟས་ཟ་ཁང་ཞིག་ཕྱེ་རྒྱུ་ཐག་བཅད་པ་ཡིན།  དེ་ལྟར་བྱས་ན་ཕྱོགས་གཅིག་ནས་སྒོར་མོ་བཙལ་ཐུབ་ལ། ད་དུང་མི་མང་པོ་ཞིག་གིས་ས་ཆ་གཞན་ནས་ཀྱང་རང་གི་ཕ་ཡུལ་གྱི་ཟ་མ་ཟ་ཐུབ་པས། ས་ཕྱོགས་གཞན་ནས་ཕ་ཡུལ་གྱི་བརྩེ་བ་ཚོར་ཐུབ།” 

       2000ལོར། ཨ་རིག་གིས་ཐོག་མར་གཉེར་བའི་བོད་ཟས་ཟ་ཁང་ནི་དཀའ་ཚེགས་ཆེ་བའི་གྲ་སྒྲིག་གི་གོ་རིམ་མང་པོ་བརྒྱུད་དེ་ལས་འགོ་ཚུགས། “སྐབས་དེར་མ་རྩ་མང་པོ་མེད་པས་ཟ་ཁང་ཆེན་པོ་མེད་ལ། ནང་གི་སྒྲིག་བཀོད་བོད་ལུགས་ཀྱི་རྣམ་པ་སྟབས་བདེ་ཞིག་ཡིན་པ་དང་། ཆེས་ཐོག་མར་ཕྱེ་ཐུག་དང་ཤ་བཙོས་མ། ཇ་བསྲུབས་མ་སོགས་ཆེས་རྨང་གཞིར་གྱུར་པའི་ཟ་མ་བཟོས་ནས་བཙོངས་པ་ཡིན།”དེ་ནས་བཟུང་ཨ་རིག་ནི་ཁོ་མོའི་ལས་གཏོད་ཀྱི་ལམ་བུར་བསྐྱོད་འགོ་བརྩམས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1