༄༅།། ཡང་འཇུག་གི་ཚུལ་ལ་ཐོག་མར་དཔྱད་པ།

སྙན་བཟང་པ་ཀུན་བཟང་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 12-10


སྙན་བཟང་པ་ཀུན་བཟང་རྒྱལ།
[ནང་དོན་གནད་བསྡུས།]  དཔྱད་རྩོམ་འདིའི་ནང་དུ་གནའ་བོའི་ཡིག་རྙིང་ལས་དཔེ་དྲངས་ཏེ་ཡང་འཇུག་ད་ས་གཉིས་མིང་དང་བྱ་ཚིག་ལ་ཇི་ལྟར་འཇུག་པ་དང་།  འཇུག་ཚུལ་གྱི་ཁྱད་ཆོས་དང་བྱེ་བྲག་གི་དབྱེ་བ་སོགས་ལ་དཔྱད་བརྗོད་བྱས་ཡོད་པར་མ་ཟད། རྗེས་འཇུག་འ་ཡིག་ལ་ཡང་འཇུག་ས་ཡིག་སྦྱོར་རུང་བའི་རྣམ་གཞག་ཡིག་རྙིང་ལས་དཔེར་དྲངས་ཏེ་དཔྱད་ཞིབ་བྱས་ཡོད།
[བརྡ་ཆད་གཙོ་བོ།] སུམ་འགྲེལ་གྱི་གཞུང་། ཡང་འཇུག མིང་དང་བྱ་ཚིག འཇུག་ཚུལ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]   H214
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག]    1002-9060(2013)0 1 -0 149-14
དང་པོ། ཡང་འཇུག་གི་གོ་དོན་དང་རྟགས་ངོས་འཛིན་ཚུལ།   
            དེ་ཡང་སུམ་ཅུ་བའི་རྩ་བ་ལས་“ཀཱ་ལི་ཕྱེད་དང་བརྒྱད་སྡེ་ནི།།  བཞི་བཞི་དག་ཏུ་ཕྱེ་བ་ལས།།  དང་པོ་གསུམ་པ་བཞི་བ་ལ།།   མས་གཉིས་དྲུག་པའི་གསུམ་པ་དང་།། བདུན་པ་ལ་ནི་ཤ་མ་གཏོགས།། རྗེས་འཇུག་ཡི་གེ་བཅུ་རུ་འདོད།། རྗེས་འཇུག་ཡི་གེ་བཅུ་ཉིད་ལས།། དང་པོ་གསུམ་པ་ལྔ་བ་དྲུག།  བདུན་པ་རྣམས་ནི་སྔོན་དུའང་འཇུག།”ཅེས་དང་།  རྟགས་ཀྱི་འཇུག་པའི་རྩ་བ་ལས་“མོ་ཡི་ཡི་གེའི་ནང་ནས་ནི།། འཇུག་པའི་ཡི་གེ་བཅུ་དབྱུང་བྱ།།འཇུག་པ་བཅུ་ཡི་ནང་ནས་ནི།།    སྔོན་འཇུག་ཡི་གེ་ལྔ་དབྱུང་བྱ།།”ཞེས་སྔོན་རྗེས་ཀྱི་ཡི་གེ་ཇི་ལྟར་དབྱུང་ཚུལ་དང་དེ་དག་གི་ཡི་གེའི་གྲངས་དང་ངོས་འཛིན་གསལ་བོར་བསྟན་པ་ལས་ཡང་འཇུག་ཅེས་པའི་ཐ་སྙད་འདི་རྩ་གཞུང་དུ་དངོས་སུ་བསྟན་མེད་ཀྱང་། ཆོས་རྗེ་ས་པཎ་གྱིས“ད་ས་དག་ནི་ཡང་འཇུག་པ་དག་གོ། ད་ནི་ན་ར་ལ་རྣམས་ཀྱིའོ།། ས་ནི་ག་ང་བ་མ་རྣམས་ཀྱིའོ།།”①   ཞེས་ཡང་འཇུག་ལ་གྲངས་གཉིས་དང་།   གཉིས་པོ་སོ་སོར་རྗེས་འཇུག་གང་དང་གང་གི་རྗེས་སུ་འཇུག་རུང་བའི་རྣམ་གཞག་དག་《བསྟན་བཅོས་མཁས་པའི་ཁ་རྒྱན་》དུ་གསུངས་པ་ལྟར་སུམ་འགྲེལ་གྱི་གཞུང་སོགས་ནའང་།    རྩ་བའི་དངོས་བསྟན་གྱི་རྗེས་འཇུག་བཅུ་ལས་གསུམ་པ་ད་དང་བཅུ་བ་ས་ཡིག་གཉིས་ནི་རྗེས་འཇུག་གི་མཐར་ཡང་བསྐྱར་འཇུག་པའི་ཕྱིར་ན་ཡང་འཇུག་ཅེས་གྲགས་པ་དང་། འཇུག་ཚུལ་ནི།  རྗེས་འཇུག་ལ་བལྟས་ཏེ་ན་ར་ལ་གསུམ་གྱི་མཐར་ད་དྲག་དང་།  ག་ང་བ་མའི་མཐར་ས་དྲག་ཐོབ་པའི་ལུགས་འདི་རྒྱུན་འཛིན་བྱས་ཏེ།  རྗེས་འཇུག་གི་འཇུག་ཚུལ་དང་ཁྱད་པར་འབྱེད་ཕྱིར་ད་དྲག་དང་ས་དྲག་ཅེས་པའི་ཐ་སྙད་གདགས་ཡོད་པ་དང་།  ཡང་འཇུག་ད་ས་གཉིས་ནི་རྗེས་འཇུག་ལས་དབྱུང་ཞིང་རྗེས་འཇུག་གི་རྟགས་ངོས་འཛིན་ཚུལ་ལ་འགྲེལ་མཛད་མཁས་པ་རྣམས་བཞེད་ལུགས་མི་འདྲ་བ་དུ་མ་ཞིག་བྱུང་ཡོད་ནའང་།    ད་ས་གཉིས་རྗེས་འཇུག་གི་ཕོ་ཡིན་པ་བརྡ་སྤྲོད་སྨྲ་བའི་མཁས་དབང་རྣམས་གཅིག་མཚུངས་སུ་གྱུར་བ་དང་།  ཁྱད་པར་དུ་བརྡ་སྤྲོད་སྨྲ་བའི་དབང་བོ་རྗེ་སི་ཏུ་པཎ་ཆེན་གྱིས་“རྗེས་འཇུག་ནང་འཕྲད”②ཅེས་ཡང་འཇུག་ཞུགས་མ་ཞུགས་ཀྱི་ཁྱད་པར་ལ་བརྟེན་ནས་རྗེས་འཇུག་གི་ཕོ་མོ་མ་ནིང་དེ་ལའང་ནང་གསེས་ཀྱི་དབྱེ་བ་བརྒྱད་དུ་བགར་བ་དང་།   དབྱེ་བ་དེ་དག་གི་ཁྱད་པར་གཙོ་བོ་རྗེས་འཇུག་གང་དག་གི་རྗེས་སུ་ཡང་འཇུག་ཞུགས་མིན་གྱིས་འབྱེད་པའི་ཕྱིར་ན།    ཡང་འཇུག་དེ་གང་ལ་ཞུགས་པའི་སྒྲ་གདངས་ཀྱི་ང་རོའི་རྣམ་པ་ནི་《མུ་ཏིག་ཕྲེང་མཛེས་》ལས་“གྲོགས།  བཞུགས།  གཟིགས།” ལྟ་བུའི་རྗེས་འཇུག་ག་ཡིག་ལ་ཡང་འཇུག་ས་ཡིག་ཞུགས་པ་ནི་སྐྱེས་བུ་རབ་དང་“མཁས།  ཁྲག  འགས།” ལྟ་བུའི་ཡང་འཇུག་མ་ཞུགས་པ་ནི་སྐྱེས་བུ་ཐ་མ་ཞེས་རབ་དང་ཐ་མའི་ཁྱད་པར་ཡང་འཇུག་ཞུགས་མིན་གྱིས་དབྱེ་བ་དང་།  མོ་ལ་“བསྐངས།   ཁམས།   གངས།”ལྟ་བུའི་ཡང་འཇུག་ས་ཡིག་ཞུགས་པ་ནི་སྒྲ་ཞན་པའི་དྲག་པར་འགྱུར་བས་མོ་ཙམ་དང་། མ་ནིང་ལ་“འཛིནད། གྱུརད། འབྱོརད། ལྟ་བུའི་མིང་གཞི་མོ་ཡིག་ལ་ཡང་འཇུག་ད་དྲག་ཞུགས་པ་ནི་མིང་གཞི་ཞན་ཅིང་ཡང་འཇུག་དྲག་པའི་བར་དུ་ཚུད་པས་སྒྲ་དྲག་ཞན་གཉིས་ལྡན་དུ་གྱུར་བ་མཚན་གཉིས་མ་ནིང་སོགས་ཀྱི་དབྱེ་གཞི་འདི་དག་ལས་ཡང་འཇུག་ད་ས་གཉིས་གང་རུང་ཞུགས་པའི་སྒྲ་རྩོལ་ནི་དྲག་ཅིང་གྲུམ་པས་ན། ཡང་འཇུག་ད་ས་གཉིས་ནི་རྗེས་འཇུག་གི་རྟགས་ངོས་ལྟར་ཕོ་ཡིན་པ་དོན་གྱིས་གསལ་བར་བསྟན་པ་ལྟར་རོ།།  
གཉིས་པ། ཡང་འཇུག་ད་ཡིག་གི་འཇུག་ཡུལ།   
            རྟགས་ཀྱི་འཇུག་པ་ནས་བསྟན་པའི་བྱ་བའི་མིང་གི་དུས་ཀྱི་ཁྱད་པར་རྣམས་གསལ་བར་འབྱེད་པ་དང་། སུམ་ཅུ་བ་ནས་བསྟན་པའི་ཚིག་ཕྲད་ཀྱི་རྣམ་གཞག་སྟེ་རྗེས་འཇུག་མ་ཡིན་པ་ལས་གྲུབ་པའི་ཚིག་ཕྲད་ཏོ་ཏུ་ཏེ་ཏམ། ཀྱི་ཀྱིས་ཀྱང་ཀྱིན།  ཅིང་ཅེས་ཅེའོ་ཅེ་ན་ཅིག་སོགས་མིང་མཐའ་སྔ་མའི་རྗེས་སུ་ཇི་ལྟར་སྦྱོར་དགོས་པ་རྣམས་ཇི་བཞིན་རྟོགས་པར་བྱ་བ་ལ། ཡང་འཇུག་ད་ཡིག་གི་འཇུག་ཚུལ་འདི་ཤིན་ཏུ་གལ་ཆེ་ནའང་། ཁྲི་སྲོང་ཡབ་སྲས་སྐབས་སུ་བོད་ཡིག་སྔ་ཕྱིར་བཀས་བཅད་ཐེངས་གཉིས་མཛད་པའི་སྐབས་སུ་གནའ་བོའི་ཡིག་སྲོལ་གྱི་ཕྱག་ལེན་ལས་ཡི་གེ་འགའ་ཞིག་བསྡུས་པ་《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས་“ཡིག་གེ་ཉུང་བའི་ཆེད་དུ་མ་མྱ་ད་དྲག་རྐྱང་བའི་འ་བརྟེན་སོགས་དོར”③ཞེས་གསུངས་པ་དང་།  ཡིག་གེ་ཉུང་བ་སྟེ་ཟོར་ཡང་བའི་ཆེད་དུ་ཡིག་འབྲུ་འགའ་ཞིག་དོར་ཏེ་བསྡུས་པའི་ཁྲོད་དུ་ད་དྲག་གི་སྦྱོར་བ་འདིའང་ཚུད་པས་ན། ད་ལྟའི་ཡིག་སྲོལ་གྱི་ཕྱག་ལེན་དུ་ད་དྲག་དོར་ནས་མི་འབྲི་བས་བྱ་ཚིག་གང་ཞིག་ལ་ད་དྲག་ཐོབ་པ་དང་ཐོབ་ན་བྱ་བའི་དུས་ཀྱི་ཁྱད་པར་ཅི་ཞིག་འབྱུང་བ་དང་།  ན་ར་ལ་གསུམ་རྗེས་འཇུག་ཏུ་གྱུར་བའི་མིང་གང་ཞིག་ལ་ད་དྲག་དོན་གྱིས་ཐོབ་མིན་གྱི་ཁྱད་པར་རྣམས་གསལ་བོར་ཤེས་དགོས་ན།  བཙན་པོའི་སྐབས་སུ་བཞེངས་པའི་རྡོ་རིང་ཡི་གེ་དང་ཏུན་ཧོང་བྲག་ཕུག་ནས་ཐོན་པའི་ཡིག་རྙིང་སོགས་ནི་ད་དྲག་གི་འཇུག་དོན་དངོས་གསལ་བར་བྱེད་པའི་དཔྱད་གཞི་ཉག་གཅིག་ཡིན་པས། འདིར་ད་དྲག་གི་འཇུག་ཚུལ་དང་ཁྱད་པར་ལ།   
གཅིག    ད་དྲག་དུས་གསུམ་ལ་འཇུག་ཚུལ།
            ཞོལ་རྡོ་རིང་གི་བྱང་ངོས་སུ་བརྐོས་པའི་ཡིག་ཕྲེང་སོ་བདུན་པ་ལས་“དངུལ་གྱྀ་ཡི་གེ་ཆེན་པོ་གཡུང་དྲུང་དུ་སྩལད་པར་གནང་ངོ་།”ཞེས་དང་།   ཀོང་པོ་གཡུང་དྲུང་འཛིན་གྱི་རྡོ་བསྐོས་ཡིག་ཕྲེང་བཅུ་བཞི་བ་ལས་“ཀར་པོ་མང་པོ་རྗེའི་བུ་ཙ་འཕེལ་རྒྱུད་ལས་སྩལད་པར་གནང་ངོ་།”ཞེས་པ་ལྟ་བུའི་སྩལད་དང་།  སྩལད་གཉིས་ནི་བྱེད་པ་པོ་དང་འབྲེལ་བའི་ལས་ཚིག་འདས་པ་ཚིག་གྲོགས་ཕྱི་མ་“གནང་ངོ”ཞེས་པའི་ཐ་སྙད་འདིའི་བསྟན་འདུག་ལ། ད་ལྟ་བ་དང་མ་འོངས་པ་གཉིས་ལ་སྐབས་འདིའི་བརྗོད་འབྲེལ་གྱིས་“གནང་ངོ་ཞེས་པ་མི་ཐོབ་སྟེ། འདས་པ་སྟོན་པའི་ཚིག་གྲོགས་ཡིན་པར་གསལ་ལོ།།   
            སྟོད་ལུང་མཚུར་ཕུ་དགོན་པའི་རྡོ་རིང་གི་ཡིག་ཕྲེང་བཅུ་གཉིས་དང་བཅུ་གསུམ་པ་ལས་“ཞང་ཉ་སྟོ་ལ་ཆེད་སྩལད་པས་བཀའ་དྲོན་ཆེན་པོ་བསབ་པའོ་ཕྱིར།།”ཞེས་དང་།  ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་དེབ་(4)པའི་(ཡིག་ཚོགས་སྤོང་ཕྱིར་ཞོལ་ནས་ཡིག་ཚགས་ཞེས་འགོད་རྒྱུ་)ཐེག་པ་ཆེན་པོའོ་སྨོན་ལམ་ལས་“བསམ་གཏན་ཕ་རོལ་ཕྱྀན་པ་ཡྀས།།  འཁྲུག་ལོང་རྣམ་རྟོག་ལམ་ལས་བསྒྲལད།།”ཞེས་པ་ལྟ་བུའི་སྩལད་དང་།   བསྒྲལད་གཉིས་ཀྱིས་བྱེད་འབྲེལ་ལས་ཚིག་འདས་པ་སྟོན་པ་ཡིན་ནོ།།   
            ཡིག་ཚགས་དེབ་(2)པའི་མདོ་ཁ་ཐོར་ལས་“འཇམ། དཔལ: གཞོན: ནུརད: གྱུརད: པས: བཅོམ:ལྡན: འདས:ལ འདྀ: སྐད: ཅེས: གསོལད: ཏོ།།”④ཞེས་དང་། འཕགས་པ་ནོར་གྱི་རྒྱུན་གྱྀ་གཟུངས་ལས་“བཅོམ་ལྡན་འདའས་ལ་ཁྱིམ་བདག་ཟླ་བ་བཟང་པོས་འདྀ་སྐད་ཅེས་གསོལད་ཏོ།།”⑤ཞེས་པ་ལྟ་བུའི་གསོལད་དང་།  གསོལད་གཉིས་ཀྱིས་བྱ་བར་ཞུགས་ཟིན་ཙམ་སྟོན་པ་ལས་བྱ་བའི་མཇུག་རྫོགས་པའི་དོན་མི་སྟོན་པས་ན།    ཞུགས་ཟིན་འདས་པར་འཇུག་པ་ཡིན་ལ།  དེའི་དོན་ནི་《བརྡ་སྤྲོད་དོན་འགྲེལ་ཟབ་གནད་ཀུན་གསལ་》ལས་“བརྗོད་བྱའི་བྱ་བ་ལ། མགོ་(འགོ་)མཇུག་བར་གསུམ་དུ་ཕྱེས་པའི་མགོ་(འགོ་)ཡི་ཆ་ལ་དམིགས་གཏད་ཅིང་རྗོད་པའི་གནས་སྐབས་དེར་མགོ་(འགོ་)བརྩམས་ཟིན་པའམ་ཞུགས་ཟིན་ཀྱང་བྱ་བའི་རྒྱུན་མ་རྫོགས་པས་ད་ལྟ་བའི་ཁོངས་སུ་གཏོགས་པའི་བྱ་བ་ཞིག་སྟེ།”⑥ཞེས་གསུངས་པའི་ཕྱིར་རོ།།   
            རྒྱལ་སྡེ་དཀར་ཆུང་ལྷ་ཁང་གི་རྡོ་རིང་གི་ཡིག་ཕྲེང་སོ་གསུམ་པ་ལས་“ཆེ་ཆུང་སུས་གསོལད་ཀྱྀས་ཀྱང་།  དེ་ལྟར་མྱི་མཛད་དོ།།”ཞེས་དང་།  དབོན་ཞང་འདུམ་པའི་བཀའ་གཙིགས་རྡོ་རིང་གི་ཤར་ངོས་ཀྱི་ཡིག་ཕྲེང་སོ་བདུན་པ་ལས་“མཐའ་བཞྀ་རྒྱལ་པོ་ཀུན་དང་ཡང་མཇལད་ཅྀང་འདུམ་པར་མཛད་ན།།”ཞེས་དང་།  ཡིག་ཚགས་དེབ་(5)པའི་བསིལ་བའི་ཚལ་ཆེན་པོའི་མདོ་ལས་“མྱྀའི་འཇྀག་རྟེན་བདེ་བགྱྀད་པའྀ་།། རྀགས་སྔགས་འདྀ་ནྀ་བརྗོད་པར་འཚལད་།།”⑦ཞེས་པ་ལྟ་བུའི་གསོལད་དང་།  མཇལད། འཚལད་བཅས་ཀྱིས་བརྗོད་པའི་གནས་སྐབས་ཀྱི་བྱ་བ་མ་འོངས་པ་ཞིག་སྟོན་པའོ།།  
            ཡིག་ཚགས་དེབ་(10)པའི་བཀའ་ཁྲིམས་ཀྱི་གཡག་དང་འབྲིའི་འོག་ཏུ་ཆུད་པ་ལ་གཅིག་གིས་གཅིག་ཕྱུང་བ་དང་མ་ཕྱུང་བའི་ཁྲིམས་ལས་“སྲིང་མོ་འམ་བུ་ཚ་མ་མཆིས་སམ:།སྩལད་དེ་མྱི་འཆལད་ན:།སྲང་བརྒྱའ་སྩོལད་ཞིག:།”ཅེས་དང་“གཡག་གི་འོག་ནས་ཕྱུང་ན་།   ཕྱུང་བའྀ་བད་གར་མོ་དབངོ་། བུ་མོ་མ་མཆིས་ན་སྲིང་མོ་དབངོ་། སྲིང་མོ་མ་མཆིས་སམ་། སྩལད་དེ་ཁོ་མ་འཆལདེ་། སྲང་ཉིས་ཤུ་སྩོལད་ཞིག:།”⑧  ཅེས་པ་ལྟ་བུའི་སྩལད་དང་སྩལད་གཉིས་ཀྱིས་བྱུང་ཟིན་པའི་བྱ་བ་མ་འོངས་པ་ཞིག་གི་དོན་སྟོན་པ་དང།   སྩོལད་དང་སྩོལད་གཉིས་ལ་“ཞིག་ཞེས་སྐུལ་བའི་ཚིག་གྲོགས་སྦྱར་ཡོད་པས་བྱ་ལས་མ་འོངས་པ་སྟོན་པར་གསལ་བ་དང་།   འཆལད་དང་འཆལདེ་ཞེས་པའི་བྱ་ཚིག་གཉིས་ཀྱིས་བརྗོད་པའི་གནས་སྐབས་ཀྱི་བྱ་བ་མ་འོངས་པ་ཞིག་སྟོན་པ་དང་།   འཆད་དེ་ཞེས་པ་རྗེས་འཇུག་དང་མིང་མཐའ་ཕྱི་མ་འདྲ་བའི་ཡི་གེ་གཉིས་ཚེག་ཁྱིམ་གཅིག་ཏུ་བསྡུས་ནས་“འཆདེ”ཞེས་བྲིས་པ་དང་།  འདི་ལྟ་བུའི་སྐུང་ཡིག་ནི་གནའ་ཡིག་ཁྲོད་ཧ་ཅང་མང་བ་དཔེར་ན། རིགས་སོ་ལ་རིགསོ་དང་། སྩལད་དོ་ལ་སྩལདོ་དང་།  བདག་གི་ལ་བདགི་དང་།  སྲིད་དོ་ལ་སྲིདོ་དང་། དབང་ངོ་ལ་དབངོ་སོགས་དང་། སྔ་མའི་རྗེས་འཇུག་དང་ཕྱི་མའི་མགོ་ཅན་འདྲ་བའི་ཡི་གེ་གཉིས་ཚེག་ཁྱིམ་གཅིག་ཏུ་བསྡུས་བ།   སྐལ་ལྡན་ལ་སྐལྡན་དང་།   དར་རྒྱས་ལ་དརྒྱས།   དཔལ་ལྡན་ལ་དཔལྡན་སོགས་དང་།།   རྗེས་འཇུག་མིང་གཞི་དང་ཡང་འཇུག་རྗེས་འཇུག་གི་འོག་ཏུ་བྲིས་པ། མང་པོ་ལ་མྔ་པོ་དང་། བཙན་པོ་ལ་བཙྣ་པོ་དང་།  བཞུགས་ལ་བཞུགྶ་དང་།   ཕྱུགས་ལ་ཕྱུགྶ་དང་།  བཀའ་དྲིན་ལ་བཀཱ་དྲིན་སོགས་སྐུང་བསྡུས་བྱ་ཚུལ་ཅི་རིགས་ཤིག་ཡོད་པ་ལྟར་རོ།།   
            བསམ་ཡས་དགེ་རྒྱས་གཙུག་ལག་ཁང་གི་དྲིལ་བུའི་ཁ་བྱང་ལས་“བླ་ན་མེད་པའོ་བྱང་ཆུབ་དུ་གྲུབ་པར་སྨོནད་ཏོ།།་ཞེས་དང་། ཡིག་ཚགས་དེབ་(4)པའི་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ཁྱད་པར་བརྗོད་པ་ལས་“འཁྲུག་ལོང་ནང་དུ་མངོན་ཞུགས་ཀྱང་།།   བདུད་བཞི་རྟག་ཏུ་ཐུལད་པར་ཤོག”⑨ཅེས་དང་།  འཕགས་པ་རིམས་ནད་རབ་ཏུ་ཞི་བར་བྱེད་པའི་གཟུངས་ལས་“རིམས་ནད་ཏམས་ཅད་རབ་ཏུ་ཞི་བར་གྱུརད་ཅིག།”⑽   ཅེས་དང་། ཡིག་ཚགས་དེབ་(1)པའི་མར་མེ་འབུལ་བའི་སྨོན་ལམ་ལས་“ལྷང་ངེར་གསལ་ཞིང་མཛེས་པར་གྱུརད་ཅིག”⑾ཅེས་དང་།   སྨོན་ལམ་ལས་“སྒྲིབ་བའི་ལྀང་ཏོག་ཐམས་ཅད་རྣམ་པར་སྦྱོང་བར་གྱུརད་ཅིག།།”⑿ཅེས་པ་ལྟ་བུའི་སྨོནད་ནི་རེ་འདུན་ཞིག་མངོན་པར་འགྱུར་བའི་དོན་ལ་སྨོན་པ་གསལ་ཡང་། ཐུལད་དང་། གྱུརད་དང་། གྱུརད་དང་།  གྱུརད་བཅས་ལ་ཚིག་གྲོགས་“ཤོག་”དང་“ཅིག”གཉིས་སྦྱར་བས་སྨོན་པའི་དོན་དུ་གོ་བ་དང་།  སྨོན་པའི་ཚུལ་ནི་བྱང་ཆུབ་འགྲུབ་པར་སྨོན་པ་དང་། བདུད་བཞི་སྟེ་ཕུང་བོའི་བདུད་དང་།    ཉོན་མོངས་པའི་བདུད་དང་། འཆི་བའི་བདུད་དང་།   ལྷའི་བུའི་བདུད་བཅས་འཐུལ་བར་སྨོན་པ་དང་།  གསལ་ཞིང་མཛེས་པར་སྨོན་པ་དང་། རིམས་ནད་ཐམས་ཅད་ཞི་བར་སྨོན་པ་དང་།   སྒྲིབ་པ་ཐམས་ཅད་བྱང་བར་སྨོན་པའི་དོན་དེ་མ་འོངས་པར་འཇུག་པ་ལས། ད་ལྟའི་མངོན་གྱུར་ལ་སྨོན་མི་དགོས་ཤིང་། འདས་ནས་ཐལ་ཟིན་པ་ལ་སྨོན་པའི་དགོས་པ་ཅི་ཡང་འགྲུབ་རྒྱུ་མེད་པའི་ཕྱིར་རོ།།
            ཀོང་པོ་གཡུང་དྲུང་འཛིན་གྱི་རྡོ་བསྐོས་ཡིག་ཕྲེང་གསུམ་པ་ལས“བློན་པོ་གྱའྀ་རུང་ཙྀས་གསོལད་བའ།།”ཞེས་དང་། ཡིག་ཚགས་དེབ་(4)པའི་ལི་ཡུལ་ཀྱི་ལོ་རྒྱུས་ཀྱི་དཔེ་ལས་“བཅོམ་ལྡན་འདཱས་ཀྱིས་བང་ཕྱོགས་ཀྱྀ་རྒྱལ་པོ་།  བེ་ཤ་ར་མ་ནེ་དང་།། དགེ་སློང་ཤ་རིའི་བུ་གཉིས་ལ་བཀའ་སྩལད་པ།།”⒀   ཞེས་དང་། ཡིག་ཚགས་དེབ་(6)པའི་བྱང་ཅུབ་ཀྱི་སྙིང་པོའི་གཟུངས་ཀྱི་ཆོ་ག་ལས་“ཕྱག་གསེར་གྱྀ་མདོག་ཅན་བརྒྱང་སྟེ།     སྤྱྀ་བོར་འཇོག་པ་མཛད། དབུགས་འབྱིནད་པར་མཛད།  ལེགས་སོ་ཞེས་བྱ་བ་ཡང་སྩོལད་ཏེ།”⒁  ཞེས་པ་ལྟ་བུའི་གསོལད་དང་།  སྩལད་དང་།  འབྱིནད་དང་།  སྩོལད་བཅས་ནི་བརྗོད་འབྲེལ་དབང་གིས་བྱེད་ཚིག་ད་ལྟ་བའི་དུས་སྟོན་པར་གསལ་བ་ལྟར་རོ།།   
            ཡིག་ཚགས་དེབ་(3)པའི་སྨོན་ལམ་ལས་“སེམས་བསྐྱེད་ཚུལ་ཁྲིམས་སྒོ་བསྲུངས་ན།། རྣམ་དག་ཞིང་དེར་སྐྱེ་བར་འགྱུརད།།”ཅེས་དང་“ཡོད་དང་མྱེད་པ་རྣམ་སྤངསྟེ།། བསམ་རྟོགས་འདའས་པའི་ཆོས་བསྒོམས་ན།།  རྣམ་དག་ཞིང་དེར་སྐྱེ་བར་འགྱུརད།།”⒂ ཅེས་དང་། རྡོ་རྗེ་སེམས་དཔའ་ལ་བསྟོད་པ་ལས་“ཤེས་རབ་སྟོབས་ཀྱི་སངས་རྒྱས་ཡང་དག་འཕགས།།    མྱྀའི་སེང་གེས་ཤེས་རབ་སྟོབས་རྟོགསྟེ།། སྙིང་རྗེའྀ་གྲོང་ཁྱེར་དུ་ཡང་འཇུག་པ་ན།། ཤེས་རབ་སྟོབས་ཀྱིས་སྒྲ་ནོ་གྲགས་པར་འགྱུརད།།”ཅེས་དང་། ཡིག་ཚགས་དེབ་(1)པའི་འཕགས་པ་བཟང་བོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་བོ་ལས་“དེ་དག་རྟག་ཏུ་ནད་མྱེད་བདེ་བར་འགྱུརད།།”⒃ཅེས་དང་། ཡང་དེ་ཉིད་ལས་“དེ་དག་རྒྱ་ཆེར་ཡོངས་སུ་དག་པར་འགྱུརད།།”⒄ ཅེས་པ་ལྟ་བུའི་བྱ་ཚིག་འགྱུརད་ཅེས་པའི་ཐ་སྙད་ལྔ་ཡོད་པ་འདི་དག་གི་སྔ་མ་གསུམ་གྱི་བསྟན་བྱ་ནི། སེམས་བསྐྱེད་ཚུལ་ཁྲིམས་ཀྱི་སྒོ་བསྲུངས་ན་དང་བསམ་རྟོགས་འདས་པ་སྟེ་བདག་མེད་ཀྱི་ཆོས་བསྒོམས་ན་ཞེས་པའི་དེང་ཕྱིན་ཆད་ཀྱི་བྱ་བ་ཞིག་ལ་གཉེར་གཏད་ནས་བཤད་པ་དང་།  རྗེས་ནས་དེ་ལྟར་བསྲུངས་བསྒོམས་བྱས་ན་རྣམ་དག་ཞིང་དེར་སྐྱེ་བར་འགྱུརད་ཞེས་བརྗོད་འབྲེལ་དབང་གིས་“བསྲུངས་བསྒོམས་གཉིས་མ་འོངས་པ་ལས་འདས་པར་མི་གོ་བ་དང་།  སྙིང་རྗེའི་གྲོང་ཁྱེར་དུ་ཡང་འཇུག་པ་ན་ཞེས་བྱེད་ཚིག་“འཇུག་”ཞེས་པ་ཕྱིན་པའི་དོན་འདི་ཡང་གོང་ལྟར་ཚིག་གྲོགས་ཀྱིས་མ་འོངས་པར་གོ་བ་དང་། གྲོང་ཁྱེར་དེར་འཇུག་པའམ་ཕྱིན་པ་ན་ཤེས་རབ་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུརད་ཞེས་པ་ལྟ་བུའི་བྱ་ཚིག་“འགྱུརད་འདི་གསུམ་ནི་བརྗོད་དོན་སྔ་མའི་བྱེད་འབྲེལ་ལས་ཚིག་“བསྲུངས་བསྒོམས་འཇུག་གསུམ་ལ་བལྟས་ན་མ་འོངས་པའི་མ་འོངས་པར་དོན་གྱིས་འཇུག་ལ།   འགྱུརད་ཕྱི་མ་གཉིས་ནི་འཕགས་པ་བཟང་བོ་སྤྱོད་པའི་སྨོན་ལམ་གྱི་མཐུ་ལ་བསྟེན་ནས་ནད་མེད་བདེ་བ་དང་སྒྲིབ་གཉིས་ཡོངས་སུ་དག་པར་འགྱུརད་ཅེས་མ་འོངས་པའི་དོན་ཞིག་མངོན་ཏུ་འགྱུར་བར་བསྟན་ཡོད་པས།  ད་དྲག་ཐོབ་པའི་བྱ་ཚིག་“འགྱུརད”ཅེས་པ་མ་འོངས་པའི་དོན་ལ་འཇུག་ཚུལ་འདྲ་ནའང་།   བརྗོད་འབྲེལ་དབང་གིས་མ་འོངས་པའི་དོན་སྟོན་ཚུལ་དེ་ལ་མི་འདྲ་བའི་ཁྱད་པར་ཅུང་མཆིས་པ་གོང་དུ་བཤད་པ་ལྟར་རོ།།   
            གཉིས།  ད་དྲག་མིང་ལ་འཇུག་ཚུལ།  ཞོལ་རྡོ་རིང་གི་ལྷོ་ངོས་སུ་བརྐོས་པའི་ཡིག་ཕྲེང་དོན་གཉིས་དང་དོན་གསུམ་པ་ལས་“ཀླུ་ཁོང་གློ་བ་ཉེ་ཞིང་ཆབ་སྲྀད་ལ་དཔེནད་པའྀ་སེམས་དགའ་བ་བྱས་སོ།”ཞེས་དང་།   ཁྲི་སྲོང་ལྡེ་བཙན་རིང་ཆོས་མི་བསྣུབ་པའི་ཕྱིར་རྗེ་བློན་མནས་བསྒགས་པའི་བཀའ་གཙིགས་ཡི་གེ་དང་པོ་ལས་“དཀོནད་ཅོག་གསུམ་གྱི་སྐུ་བསླུས་སམ་མནའ་ཁ་དབུད་བགྱིས་ན།”ཞེས་དང་།   དབོན་ཞང་འདུམ་པའི་བཀའ་གཙིགས་རྡོ་རིང་གི་ཡིག་ཕྲེང་སོ་བརྒྱད་པ་ལས་“དབོན་ཞང་དགྱེས་པའི་བཀའ་ཕྲིནད།།”  ཞེས་དང་།  ཡིག་ཚགས་དེབ་(9)པའི་ལི་ཡུལ་ཀྱི་ལོ་རྒྱུས་ཀྱི་དཔེ་ལས་“དེ་ནས་རྒྱལ་པོ་བྱི་ཛ་ཡ་སམ་བྷ་བ་དགེ་བའྀ་བཤེས་ཉེན་འཕགས་པ་འཇམ་དཔལ་གྱིས་སྤྲུལད་པ་།། དགེ་སློང་བེ་རོ་ཙ་ནའོ་སླད་དུ་།།”⒅ཞེས་དང་།   ཡིག་ཚགས་དེབ་(6)པའི་སའི་རྣམ་གཞག་མདོར་བསྡུས་ལས་“བསྐལད་པ་བརྒྱའ་སྟོང་དུ་ཐོག་མའྀ་མཐའ་དང་མཐའ་མའྀ་མཐའར་ཡང་འཇུག”⒆ ཞེས་དང་།  མྱ་ངན་ལས་འདའས་པ་ཆེན་པོ་ཆོས་གྱྀ་ཡི་གེ་བམ་པོ་དྲུག་ལས་“རྒྱུ་རྐྱེནད་དེ་ལྟ་བས་ན་ངས་ཀྱང་སློབ་མ་ཉནད་ཐོས་པའྀ་མྱིའི་ཕྱིར་མ་ཡིན་གྱི།”⒇ཞེས་དང་། མྱ་ངན་ལས་འདས་པ་ཆེན་པོ་ལས་“ལུང་བསྟནད་པའི་སྡེ་ལ་ཞེས་བྱ་བ་ནི། མདོ་སྡེ་དང་འདུལ་བ་ལས། ཡ་རབས་ཆེན་པོའི་རྣམས། སངས་རྒྱས་ཀྱི་ལུང་བསྟནད་པ་སྟེ།”(21) ཞེས་དང་། ཡིག་ཚགས་དེབ་(3)པའི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའ་རྡོ་རྗེ་གཅོད་པ་ལས་“རབ་འབྱོརད་ཆོས་ཀྱི་རྣམ་གྲངས་འདྀ་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ཞེས་བྱ་སྟེ།” (22) ཞེས་དང་། དེ་ཉིད་ལས་“སེམས:ཅན:རྣམས:ལ:ཉོན:མོངས:པར:བྱེད:པ:མ:ཡྀན:ནོ།།  ཕྱྀ:རོལད:ནས:ཀྱང:མ:ཡྀན:ནོ།།”(23)ཞེས་པ་ལྟ་བུའི་ཕན་པ་ལ་དཔེནད་པ་དང་། དཀོན་མཆོག་ལ་དཀོནད་ཅོག་དང་། བཀའ་འཕྲིན་ལ་བཀའ་ཕྲིནད་དང་། སྤྲུལ་བ་ལ་སྤྲུལད་པ་དང་།   བསྐལ་བ་ལ་བསྐལད་པ་དང་།   རྒྱུ་རྐྱེན་ལ་རྒྱུ་རྐྱེནད་དང་། ཉན་ཐོས་ལ་ཉནད་ཐོས་དང་། ལུང་བསྟན་ལ་ལུང་བསྟནད་དང་། རབ་འབྱོར་ལ་རབ་འབྱོརད་དང་། ཕྱི་རོལ་ལ་ཕྱྀ་རོལད་ཅེས་ཡིག་རྙིང་དུ་མིང་གི་ཆ་ཤས་ཁག་ཅིག་གི་རྗེས་འཇུག་“ན་ར་ལ་”གསུམ་མཐར་ད་དྲག་ཐོབ་ཡོད་པ་དང་། དེ་མིན་མིང་གི་ཆ་ཤས་མ་ཡིན་པའི་མིང་ལ་འཇུག་ཚུལ་ནི། ཡིག་ཚགས་དེབ་(2)པའི་འཕགས་པ་ཤེས་རབ་ཀྱྀ་ཕ་རོལ་ཏུ་ཕྱིན་པའི་ཚུལ་བརྒྱ་ལྔ་བཅུ་པ་ལས་“ཆོས་ཐམས་ཅད་ཀྱྀ་ངོ་བོ་ཉིད་རྣམ་པར་དག་པའྀ་སྒོ་བསྒྲུབ་པ་ཤེས་རབ་ཀྱྀ་ཕ་རོལད་ཏུ་ཕྱྀནད་པའི་ཚུལ་འདི་ལན་ཅིག་ཐོས་ན་ཡང”(24)ཞེས་དང་།   འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་གདུགས་དཀར་པོ་ཞེས་བྱ་བ་ལས་“བཅོམ་ལྡནད་འདས་དེ་བཞིན་གཤེགས་པའ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའྀ་སངས་རྒྱས་ས་ལའི་མེ་ཏོག་ཀུནད་ཏུ་རྒྱས་པའྀ་དབང་པོ་རྒྱལ་པོ་ལ་ཕྱག་འཚལ་ལོ།།”(25)ཞེས་དང་།   མདོ་ཁ་ཐོར་ལས་“འཇམ:དཔལ: གཞོན: ནུརད: གྱུརད: པས: བཅོམ:ལྡན: འདས:ལ:འདྀ:སྐད:ཅེས:གསོལད:ཏོ།།”(26)ཞེས་པ་དང་།  P. T.1073ཁྱི་རྦོད་ནས་མི་བསད་པའི་སྐོར་གྱི་ཁྲིམས་ཡིག་གི་ཡིག་ཕྲེང་ཉེར་བདུན་པ་ལས་“བང:ཟ:པྱུགས:ནོར།   ཀུནད:ནྀ:ཞང:ལོན:
            གུམ།   བའྀ:སྟོང: དུ:བསྩལད:དོ།”(27)ཞེས་དང་།          P. T. 1288དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་ལས་“སྤྲེའུ་ལོ་ལ་བབ་སྟེ།  བཙན་པོ:དབྱརད་བལ་བོ:ཤ་རུ:མཁར་ན་བཞུགས།”(28)ཞེས་པ་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཤེས་རབ་ཀྱྀ་ཕ་རོལད་ཏུ་ཕྱྀནད་པ་དང་།   བཅོམ་ལྡན་འདས་ལ་བཅོམ་ལྡནད་འདས་དང་།  ཀུན་ལ་ཀུནད་དང་།  འཇམ་དཔལ་གཞོན་ནུ་གྱུར་པ་ལ་འཇམ་དཔལ་གཞོན་ནུརད་གྱུརད་པ་ཞེས་ད་དྲག་ནི་སུམ་འགྲེལ་གྱི་གཞུང་ནས་བསྟན་པ་ལྟར་རྗེས་འཇུག”“ན་ར་ལ་གསུམ་གྱི་མཐར་འཇུག་པ་ཡིག་རྙིང་དང་མཐུན་ལ། ད་དྲག་དུས་གསུམ་ལ་འཇུག་ཚུལ་དང་མིང་ལ་འཇུག་ཚུལ་གཉིས་ལས་མིང་ལ་འཇུག་པ་ཉུང་ཞིང་།  མིང་གི་ཆ་ཤས་སུ་གྱུར་བ་དཔེར་ན། བཙན་ཕོ་དང་། འཇྀག་རྟེན་དང་། ཕྱིན་ཅད་དང་།   དབོན་ཞང་དང་།   འབྲི་མར་དང་།  བཀའ་དྲྀན་དང་།  མནར་གཆོད་དང་།  གཏོར་མ་དང་། གྲོས་བསྡུར་དང་། སྤུར་རྒྱལ་དང་། ཕྱག་སྦལ་དང་། བལ་བོ་སོགས་མིང་ཅི་སྙེད་ཅིག་གི་རྗེས་འཇུག་“ན་ར་ལ”གསུམ་གྱི་མཐར་ཡོད་ཚད་ལ་ཡིག་རྙིང་དུའང་ད་དྲག་འཇུག་པར་མ་བསྟན་པས་ན།  ཡང་སྙིང་རྗེས་འཇུག“ན་ར་ལ་”གསུམ་ཐོབ་པའི་མིང་དང་བྱ་ཚིག་དེ་དག་གི་མཐར་ད་དྲག་ཐོབ་པའི་རྒྱུ་མཚན་གང་ཡིན་ཞེ་ན།  ཞ་ལུ་ལོ་ཆེན་གྱིས་མཛད་པའི་《བོད་ཀྱི་བརྡའི་བསྟན་བཅོས་ལེགས་པར་བཤད་པ་རིན་པོ་ཆེའི་ཟ་མ་ཏོག་བཀོད་པ་》ལས་“ན་ར་ལ་གསུམ་རྗེས་སུ་ནི།། སྒྲ་བསྒྱུར་སྔ་མས་ད་དྲག་བཞེད།། ཕྱི་མ་རྣམས་ཀྱིས་ད་དྲག་དོར།། དེས་ན་ན་ར་ལ་གསུམ་གྱི།། རྗེས་སུ་ཞིང་ཞེས་ཞིག་ཡིན་ནའང་།།   ད་དྲག་ངེས་པར་ཐོབ་པ་དེར།། ད་དྲག་སྦྱོར་རམ་མི་སྦྱོར་ཀྱང་།། ཅིང་ཅེས་ཅིག་ཅེས་ལེགས་ཏེ་དཔེར།།  མཁས་པར་མཁྱེན་ཅིང་ཡོན་ཏན་གྱིས།།  བརྒྱན་ཅེས་ཐོས་ཀྱི་སྟོན་ཅིག་ཅེས།།  ཟེར་བཅས་མཐོང་ནས་འཚལ་ཅེས་ཏེ།།    བདག་ཀྱང་འདི་འདྲར་གྱུར་ཅིག་ཅེས།།  སྨོན་ལམ་སྩལ་ཅིང་སློབ་པར་ནི།། འཚལ་ཅེས་ཟེར་གྱིས་མྱུར་སྩོལ་ཅིག།”(29) ཞེས་སུམ་འགྲེལ་གྱི་གཞུང་སོགས་ན་རྗེས་འཇུག་ན་ར་ལ་གསུམ་གྱི་མཐར་ཞིང་ཞེས་ཞིག་ཐོབ་པའི་ལུགས་འདི་རྒྱུན་འཛིན་བྱས་ཡོད་ནའང་།  ག་ད་བ་དང་ད་དྲག་མཐར།།  ཅིང་ཅེས་ཅེའོ་ཅེ་ན་ཅིག་ཅེས་ད་དྲག་སྟེ་རྗེས་འཇུག་ན་ར་ལ་གསུམ་གྱི་མཐར་ཡང་འཇུག་ད་ཡིག་ཐོབ་པའི་སྐབས་“ཞིང་”སོགས་མི་སྦྱོར་ཞིང་“ཅིང་”སོགས་སྦྱོར་དགོས་པར་བསྟན་པ་ལྟར།  མཁྱེན་ཅིང་། བརྒྱན་ཅེས། འཚལ་ཅེས། གྱུར་ཅིག སྩལ་ཅིང་།  སྩོལ་ཅིག་ཅེས་ན་ར་ལ་གསུམ་རྗེས་འཇུག་ཏུ་གྱུར་བའི་བྱ་ཚིག་འདི་དག་གི་མིང་མཐའ་ཕྱི་མར་ཅིང་ཅེས་ཅིག་གསུམ་དྲངས་པ་ནི་ད་དྲག་ཐོབ་པའི་དབང་དུ་བྱས་པ་ཡིན་ཏེ།  བཀས་བཅད་སྔ་མ་གཉིས་ཀྱི་སྐབས་ད་དྲག་སྦྱོར་བའི་ལུགས་འདི་དོར་བ་ནས་ད་ལྟའི་ཡིག་སྲོལ་དུ་ད་དྲག་དངོས་སུ་མི་འབྲི་ནའང་།   བྱ་ཚིག་འདི་དག་ལ་ད་དྲག་སྦྱོར་རམ་མི་སྦྱོར་ཀྱང་དོན་གྱིས་ད་དྲག་ཐོབ་པ་ནི་མིང་མཐའ་ཕྱི་མའི་ཅིང་ཅེས་ཅིག་གསུམ་ལས་ཤེས་ཐུབ་ལ། འདི་ལྟར་མིང་མཐའ་རྟགས་མཐུན་དུ་དྲངས་ན་བྱེད་པ་ངག་ལ་འདྲེན་བདེ་བའི་ཕྱིར་རོ།།   
            ཀུན་མཁྱེན་གོ་རམས་བསོད་ནམས་སེང་གེས་མཛད་པའི་《རྟགས་འཇུག་གི་ཊཱི་ཀ་》ལས་“སུམ་ཅུ་པར་བདག་པོའི་ས་ཞེས་པས་བསྟན་པའི་མཁྱེནད་པ།    རོལད་པ། ནོརད་པ་ཞེས་སོགས་རྣམས་ནི་མོ་ཡིག་གི་མཐའ་ཅན་ཡིན་ཀྱང་ཕོའི་རྟགས་ཡིན་པས་ཕོ་ཡིག་གིས་མིང་མཐའ་དྲང་བ་བྱའོ།།  སྔོན་གྱི་མཁས་པ་སྐ་ཅོག་ལ་སོགས་པ་རྣམས་ཀྱིས་འདི་རྣམས་ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་བར་བྱ་བ་ཡིན་ལ། མོ་ཡིས་མོ་ཡི་མིང་མཐའ་དྲངས་སུ་དོགས་ནས་ད་དྲག་སྦྱར་བར་མཛད་དོ།།   ཇི་ལྟར་ཞེ་ན།   མཁྱེནད་ཀྱང་། མཁྱེནད་ཅིང་།  མཁྱེན་ཏོ།།  མཁྱེན་པ་ཞེས་པ་ལྟ་བུ་ན་མཐར་ད་དྲག་ཅན་དང་།  སོ་ཐརད་ཀྱི་སྡོམ་པ།  རྣམ་ཐརད་ཅི་བཞིན། ཐརད་ཏོ།། ཐརད་པ་ཞེས་པ་ལྟ་བུ་ར་མཐར་ད་དྲག་ཅན་དང་།    དོན་འགྲེལད་ཀྱིས་བཤད། བཀའ་འགྲེལད་ཇི་བཞིན། འགྲེལད་ཏོ།། འགྲེལད་པ་ཞེས་པ་ལྟ་བུ་ལ་མཐར་ད་དྲག་ཅན་རྣམས་ཤེས་པར་བྱའོ།། མདོར་ན་ཀ་ཅ་ཏ་པ་ཙ་རྣམས་ཀྱིས་ན་ར་ལ་གསུམ་གྱི་མིང་མཐའ་དྲང་བའི་ཚེ་ད་དྲག་སྦྱར་བར་བྱའི། ན་ར་ལ་གསུམ་གཞན་རྣམས་ལ་སྦྱར་བར་མི་བྱའོ།།”(30)ཞེས་པའི་མཁྱེནད་པ། རོལད་པ། ནོརད་པ་རྣམས་ནི་མོ་ཡིག་གི་མཐའ་ཅན་དུ་བཞེད་པའི་དོན་ནི།   སྤྱིར་བོད་ཀྱི་བརྡ་སྤྲོད་སྨྲ་བའི་མཁས་དབང་རྣམས་རྗེས་འཇུག་གི་རྟགས་ལ་ངོས་འཛིན་ཚུལ་མི་འདྲ་བ་དུ་མ་ཡོད་པ་དང་། དེ་ནི་རྟགས་ཀྱི་འཇུག་པའི་རྩ་བ་ལས“རྗེས་འཇུག་ཡི་གེ་བཅུ་བོ་ལ།།  ཕོ་མོ་མ་ནིང་གསུམ་དུ་དབྱེ།།”ཞེས་རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་ཙམ་ལས།  དབྱེ་བ་དེ་དག་གི་ཡི་གེ་གང་ཡིན་གསལ་བོར་མ་གསུངས་པས། འགྲེལ་མཛད་མཁས་པ་རྣམས་ཀྱིས་རང་རང་གི་སྐད་གདངས་དྲག་ཞན་གྱི་ང་རོ་ལ་དཔྱད་བསྡུར་ལེགས་པར་བཏང་སྟེ་རྟགས་ངོས་འཛིན་བྱས་པར་བརྟེན་བཞེད་ལུགས་མི་འདྲ་བ་དུ་མ་ཞིག་བྱུང་བས་ན།   ཀུན་མཁྱེན་གོ་རམས་པའི་《རྟགས་འཇུག་གི་ཊཱི་ཀ་)ལས་“རྗེས་འཇུག་བཅུ་ལ་གསུམ་དུ་དབྱེ་བའི་ཕོ་ནི་ག་ད་བ་ས་བཞིའོ།། མོ་ནི་ང་ན་མ་ར་ལ་ལྔའོ།། མ་ནིང་ནི་འའོ།།”ཞེས་རྗེས་འཇུག་གི་རྟགས་ངོས་འཛིན་ཚུལ་རྗེ་སི་ཏུ་དང་པྲ་ཏི་རྣམ་གཉིས་ཀྱི་ལུགས་གང་ཡང་མི་མཐུན་པར་ལོ་ཆེན་ནམ་མཁའ་བཟང་བོ་དང་རྣམ་གླིང་པཎ་ཆེན། སུམ་པ་ཡེ་ཤེས་དཔལ་འབྱོར་བཅས་ཀྱི་ལུགས་དང་གཅིག་མཐུན་དུ་གྱུར་ཡོད་པས།  ན་ར་ལ་གསུམ་མོ་ཡིག་ཏུ་བཞེད་པའི་ལུགས་འདི་གཞིར་བཟུང་སྟེ་“མཁྱེནད་པ། རོལད་པ། ནོརད་པ་ཞེས་སོགས་རྣམས་ནི་མོ་ཡིག་གི་མཐའ་ཅན་ཡིན་ཀྱང་ཕོའི་རྟགས་ཡིན་པས་ཕོ་ཡིག་གིས་མིང་མཐའ་དྲང་བ་”ཞེས་མིང་མཐའ་ཕྱི་མའི་ཕོ་ཡིག་“པ་”འདི་མིང་མཐའ་སྔ་མའི་ཕོ་ཡིག་“ད་དྲག་”གིས་དྲངས་པའི་ཕྱིར་ན་ཕོ་ཡིས་ཕོ་ཡིག་གིས་མིང་མཐའ་དྲང་བར་བཞེད་པ་དང་། རྗེས་འཇུག་ན་ར་ལ་གསུམ་གྱི་མཐར་ཕྲད་དང་རྣམ་དབྱེ་“ཀྱང་།  ཅིང་། ཏོ། ཅི། ཀྱི། ཀྱིས།”སོགས་འདྲེན་པ་ནི་ད་དྲག་ཐོབ་པའི་དབང་གིས་ཕོ་ཡིས་ཕོ་ཡིག་གིས་མིང་མཐའ་དྲང་བ་ཡིན་ལ།   ཡིག་རྙིང་དུ་“དཀོནད་ཅོག་དང་།   བསྐལད་པ། ཀུནད་ཏུ། ལུང་བསྟནད་པ། སྟོནད་ཅིག དཔེནད་པའྀ། སྤྲུལད་པ།    སྩལད་པས།”སོགས་མིང་གཞི་ཀ་ཏ་པ་ཙ་རྣམས་ཀྱི་རྗེས་འཇུག་ན་ར་ལ་གསུམ་མཐར་ད་དྲག་སྦྱར་བ་ཡོད་པ་ལས།  མིང་གཞི་ཅ་ཡིག་ལ་རྗེས་འཇུག་ན་ར་ལ་གསུམ་ཞུགས་པ་རྣམས་ཀྱི་མཐར་ད་དྲག་སྦྱར་བ་མ་མཐོང་ཡང་།   མིང་གཞི་ཕོ་ཡིག་ཕལ་ཆེར་ལ་ད་དྲག་ཐོབ་པའི་ཕྱིར་ན་དེ་ལྟར་གསུངས་པ་ཡིན་སྙམ་མོ།།   
            རྗེ་དམུ་དགེ་བསམ་གཏན་གྱིས་མཛད་པའི་《བརྡ་སྤྲོད་བློ་གསལ་དགའ་སྟོན་》ལས་“ད་དྲག་རྟག་ཏུ་འཇུག་པ་ནི།  ཀུནད།  ཕར་ཕྱིནད།  འཛིནད།  འོནད་ཀྱང་།  ཤིནད་ཏུ། ཐརད་པ། འབྱོརད་པ། གྱུརད་ཅིག གསལད། འཚལད།   སྩོལད་ལྟ་བུ་སོགས་ད་དྲག་ངེས་ཅན་ཐོབ་པ་དག་ནི།  ད་ལྟའང་ཡུལ་སྐད་དག་པ་རྣམས་སུ་ཇི་བཞིན་ངག་ཏུ་ཐོན་བཞིན་པ་ཡིན་ལ།  འོན་ཀྱང་འཇུག་པ་ཉུང་བའི་རྒྱུ་མཚན་གྱིས་སྐད་གསར་བཅད་ཀྱི་སྐབས་སུ་ཡིག་ཚོགས་སྐྱུང་ཕྱིར་ཡིག་གཟུགས་ལ་དངོས་སུ་མི་མཐོང་བར་བྱས་ཤིང་།  རྟགས་མཐའ་འདྲེན་ཚུལ་དང་།  ཕྲད་རྣམ་དབྱེ་སྦྱོར་སྐབས་དོན་གྱིས་ཐོབ་པའི་དབང་དུ་བྱེད་དགོས་ཏེ།   དེ་ལྟར་མ་བྱས་ན་ཚིག་གི་སྦྱོར་བ་མི་ལེགས་ཤིང་།  རེངས་ཤིང་གྱོང་བར་འགྱུར་རོ།། དེའི་རྒྱུ་མཚན་ཡང་། ད་དྲག་ཅན་གྱི་ཚིག་སྒྲ་དག་པར་ཀློག་པ་དག་གི་ཟུར་དུ་ད་ཡིག་གི་སྒྲ་གདངས་ངེས་པར་ཐོན་པས་སོ།།”(31) ཞེས་པའི་གསུངས་ཚིག་འདི་དག་ལས་མཐོང་ཐུབ་པ་ནི། ད་དྲག་གི་སྦྱོར་བ་འདི་བྱེད་པ་ངག་ལ་འདྲེན་བདེ་ཕྱིར་ཕོ་ཡིས་ཕོ་ཡིག་གིས་མིང་མཐའ་དྲང་བ་དང་། བྱེད་པ་ངག་ལ་འདྲེན་བདེ་ཞེས་པའི་དོན་ཡང་“འོནད་ཀྱང་། ཤིནད་ཏུ། གྱུརད་ཅིག དཀོནད་ཅོག”ལྟ་བུའི་འོན་ཤིན་གྱུར་དཀོན་བཅས་གློག་པའི་སྒྲ་རྩོལ་དྲག་པོ་འབྱུང་བས་ད་དྲག་དོན་གྱིས་ཐོབ་པ་དང་།   མིང་མཐའ་སྔ་མའི་ད་དྲག་ཕོ་ཡིག་གིས་མིང་མཐའ་ཕྱི་མའི་ཕོ་ཡིག་ཀྱང་ཏུ་ཅིག་ཅོག་བཅས་དྲངས་ན་བརྗོད་བདེ་ཞིང་སྙན་ཆ་ཡོད་པའི་ཕྱིར་ཡིན་ལ།  མིང་མཐའ་སྔ་ཕྱིའི་དོན་འདི་ཡང་རྟགས་འཇུག་གི་རྩ་གཞུང་ལས་“སྔ་མ་གང་ལྟར་གྱུར་བ་དང་། ཕྱི་མ་གང་ལྟར་འགྱུར་བའོ།།”ཞེས་རྗེས་འཇུག་རྣམས་གང་ལ་ཞུགས་པའི་མིང་དེ་ཉིད་མིང་མཐའ་སོགས་ལ་ལྟོས་ནས་སྔ་མར་གྲུབ་པས་སྔ་མ་ཞེས་པ་རྗེས་འཇུག་དང་།   རྗེས་འཇུག་གི་ནུས་པས་དྲངས་པའི་མིང་མཐའ་སོགས་རྗེས་འཇུག་ལ་ལྟོས་ནས་ཕྱི་མར་གྲུབ་པས་ཕྱི་མ་ཞེས་པ་ཕྲད་དང་རྣམ་དབྱེ་སོགས་ལ་ངོས་འཛིན་དགོས་པར་བསྟན་པ་བཞིན་བརྡ་སྤྲོད་གཞུང་གི་བརྡ་ཆད་ལྟར་བརྗོད་པ་ཡིན།   
            གོང་དུ་རྡོ་རིང་ཡི་གེ་དང་ཏུན་ཧོང་བྲག་ཕུག་ནས་ཐོན་པའི་ཡིག་རྙིང་སོགས་ལས་མིང་དང་བྱ་ཚིག་དག་གི་རྗེས་འཇུག་ན་ར་ལ་གསུམ་མཐར་ད་དྲག་ཐོབ་པ་ཁག་ཅིག་དཔེར་དྲངས་པ་རྣམས་ལ་ད་དྲག་དོན་གྱིས་ཐོབ་མིན་དེ་ཡང་ཀློག་པའི་སྒྲ་གདངས་དྲག་ཞན་གྱི་ཆ་ནས་བཞག་པ་ཡིན་ཏེ། དུས་ད་ལྟ་ཡང་འབྲོག་སྐད་རྣལ་མའི་གདངས་ལ་སྔོན་རྗེས་ཡང་གསུམ་གྱི་སྒྲ་གཟུགས་མ་ཉམས་པར་ཡོད་ཚུལ་སྐད་བརྡ་རིག་པའི་ཞིབ་འཇུག་མཁན་རྣམས་ཀྱིས་བརྗོད་ལ།   དེ་ཡང་འཚོ་གནས་ཁོར་ཡུག་གི་དབང་གིས་འབྲོག་མི་རྣམས་གཞན་དང་འབྲེལ་འདྲིས་ཉུང་བས་ན་བརྗོད་པའི་སྐད་ལ་བསླད་མ་ཞུགས་པར་ཡུན་རིང་དུ་ཕ་སྐད་རྣལ་མའི་རང་སྒྲ་སྲུང་འཛིན་ཐུབ་པ་རེད།   འོན་ཀྱང་ཨ་མདོའི་འབྲོག་ཁུལ་གྱི་ཡུལ་བྱེ་བྲག་པ་འགའ་ཞིག་གི་སྐད་མ་གཏོགས་དུས་སྔ་མོ་ནས་བོད་པའི་སྐད་ལ་འགྱུར་ལྡོག་བྱུང་བས་ད་དྲག་གི་སྒྲ་ཇི་བཞིན་གསལ་བོར་མ་ཐོན་པ་ལ་རྐྱེན་བྱས་ཏེ་སྐད་གསར་བཅད་ཀྱི་དུས་སུ་ཡིག་ཚོགས་སྐྱུང་ཕྱིར་ད་དྲག་གི་སྦྱོར་བ་འདི་དངོས་སུ་དོར་བ་རེད།   
གསུམ་པ། ཡང་འཇུག་ས་ཡིག་གི་འཇུག་ཡུལ།   
            གཅིག ས་དྲག་དུས་གསུམ་ལ་འཇུག་ཚུལ།
            བསམ་ཡས་གཙུག་ལག་ཁང་གི་རྡོ་རིང་ཡིག་ཕྲེང་གསུམ་པ་དང་བཞི་བ་ལས་“དཀོན་མཅོག:། གསུམ་གྱི་རྟེན་བཙུགས་པ: དང་།”ཞེས་དང་། རྒྱལ་སྡེ་དཀར་ཆུང་ལྷ་ཁང་གི་རྡོ་རིང་ཡིག་ཕྲེང་བཅུ་དྲུག་ནས་བཅོ་བརྒྱད་བར་ན་“སྐར་ཅུང་གཙུག་ལག་ཁང་ལས་སྩོགས་པ་བརྩགས་སྟེ་དཀོན་མཆོག་གསུམ་གྱྀ་རྟེན་བཙུགས་པ་ལས་སྩོགས་པ།”ཞེས་དང་།  སྟོད་ལུང་མཚུར་ཕུ་དགོན་པའི་རྡོ་རིང་ཡིག་ཕྲེང་བརྒྱད་པ་ནས་བཅུ་བའི་བར་ན་“བཀའ་ལུང་སྩལད་པ་ལས་འབྱུང་བ་བཞིན།  ཞང་ཚེས་པོང་ཉ་སྟོས།  དམ་པའྀ་ཆོས་ཉམས་སུ་བླངས།”ཞེས་དང་། དབོན་ཞང་འདུམ་པའི་བཀའ་གཙིགས་རྡོ་རིང་ཤར་ངོས་ཀྱི་ཡིག་ཕྲེང་ཉི་ཤུ་དང་ཉེར་གཅིག་པ་ལས་“བོད་དང་ཡང་།། འཐབ་ཀྱྀ་ཟླ་གྱི་དོ་སྟེ།། དང་པོ་རྒྱ་རྗེ་ལྀ་རྒྱལ་སར་ཞུགས་ནས།། དེའི་ཏང་གི་སྲིད་ལོ་ཉི་ཤུ་རྩ་གསུམ་ལོན།།”ཞེས་དང་།   ཡིག་ཕྲེང་བདུན་པ་དང་དགུ་བའི་བར་ན་“ཡུལ་མཐོ་ས་གཙང་བ་ལ་གནམ་གྱྀ་ལྷ་ལས།།  མྱྀའི་རྒྱལ་པོར་གཤེགས་ཏེ།།  གཙུག་ལག་ཆེན་པོས་ནྀ་ཡུནད་ཀྱི་སྲིད་བཙུགས།།”ཞེས་དང་། ཁྲ་འབྲུག་དགོན་པའི་དྲིལ་བུའི་ཡི་གེ་ལས་“སེམས་ཅན་ཐམས་ཅད་དགེ་བ་ལ་ཇོ་མོ་བྱང་ཆུབ་ཀྱིས་བགྱྀས་ནས་རིན་ཅེན་གྱིས་བླུགས་སོ་”ཞེས་དང་། ཡིག་ཚགས་དེབ་(4)པའི་སངས་རྒྱས་ལ་བསྟོད་པ་ལས་“རིན་ཅེན་བླ་རེ་གསེར་ཀྱི་གདུགས་ཀྱང་བརྩེགས།”(32)ཞེས་དང་། བྱང་ཆུབ་སེམས་དཔའི་ལྟུང་བ་བཤགས་པ་ལས་“དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཅི་སྙེད་ཅིག་བཞུགས་ཏེ།”(33)ཞེས་དང་།   དཔལ་རྣམ་པར་སྣང་མཛད་འཁོར་བཅས་ཀྱི་ཆོ་ག་ལས་“གཡས་ཀྱྀ་ཕྱག་ནའ་པད་མ་བསྣམས།། གཡོན་གྱྀ་ཕྱག་ན་ཡྀད་བཞྀན་འཛྀན།། ཟླ་བའྀ་དཀྱྀལ་འཁོར་གདན་ལ་བཞུགས།། ”(34)ཞེས་དང་།  བོན་གྱི་གནའ་དཔེ་བདམས་སྒྲིག་ལས་གནག་རབས་ཞེས་པའི་ཚན་པ་བཅུ་བཞི་བའི་ཡིག་ཕྲེང་ལྔ་བ་ན་“ཕྱག་ན་ལྕགས་ཀྱི་བསྣམས་པ་ལ་གཏད་དོ།”(35)ཞེས་དང་།  ཚན་པ་བཞི་བའི་ཡིག་ཕྲེང་ལྔ་བ་ན་“རལ་གྱིའི་རྐང་བརྡབས་པས། །   གྲའ་བོའི་དོན་སྙིང་བརླ་དང་རྩ་ནས་གཅོད།། ”(36)ཞེས་པ་ལྟ་བུའི་བཙུགས་དང་།  བརྩྀགས་དང་།  བཙུགས་དང་།  བླངས་དང་།  ཞུགས་དང་།  གཤེགས་དང་།  བཙུགས་དང་།  བླུགས་དང་།  བརྩེགས་དང་།  བཞུགས་དང་།  བསྣམས་དང་།  བརྡབས་སོགས་ས་དྲག་ཐོབ་པའི་བྱ་ཚིག་འདི་དག་བརྗོད་འབྲེལ་གྱིས་འདས་པ་སྟོན་པར་གསལ་བ་རེད།
            ཡིག་ཚགས་དེབ་(4)པའི་སྐྱེ་ཤི་འཁོར་བའི་ཆོས་ཀྱི་ཡི་གེའི་ལེའུ་ལས“ཐལ་མོ་སྦྱར་ནས་འདྀ་སྐད་གསོལ།།  མཁས་པས་བདག་ལ་ཐུགས་རྗེས་གཟྀགས།། ”(37)ཞེས་དང་།  ལྷ་མོ་འོད་ཟེར་ཅན་ཞེས་བྱ་བའི་གཟུངས་ལས་“བདག་མྱེས་འཇྀགས་པ་ལས་སྐྱོབས་ཤིག།  བདག་ཆུས་འཇྀགས་པ་ལས་སྐྱོབས་ཤིག།”(38)ཞེས་པ་ལྟ་བུའི་བྱ་ཚིག་གཟིགས་དང་།  སྐྱོབས་དང་།  སྐྱོབས་བཅས་ཀྱི་དོན་ནི་བརྗོད་འབྲེལ་གྱིས་བདག་ལ་བླ་མའམ་མཁས་པའི་ཐུགས་རྗེས་གཟིགས་པར་གསོལ་བ་དང་།  ལས་ཉོན་གྱིས་བདག་ནི་མེ་དང་ཆུ་ཡི་འཇིགས་པ་དང་འཕྲད་པའི་དུས་སུ་ལྷ་མོ་ཁྱོད་ཀྱི་བརྩེ་བའི་སྤྱན་གྱིས་གཟིགས་ཏེ་འཇིགས་གནས་དེ་ལས་སྐྱོབས་ཤིག་ཅེས་འབྱུང་འགྱུར་གྱི་བྱ་བ་ཞིག་ལ་དམིགས་གཏད་ནས་རང་གི་འདོད་དོན་ཞིག་འགྲུབ་པར་སྨོན་སྐུལ་བྱེད་པས་ན་མ་འོངས་པའི་དུས་ལ་འཇུག་པའི་ཕྱིར་རོ།།
            གཉིས།  ས་དྲག་མིང་ལ་འཇུག་ཚུལ།   ས་དྲག་ཞུགས་མ་ཞུགས་ཀྱི་ཁྱད་པར་ལས་མིང་གི་བསྟན་བྱ་དང་དོན་གྱི་འཇུག་ཚུལ་མི་འདྲ་སྟེ། དཔེར་ན། བློ་དང་རིག་པ་ཞེས་པའི་རིག་ཡང་འཇུག་མེད་པ་ནི། རིག་བྱེད་ཀྱི་ཤེས་པ་ལ་གོ་དགོས་ལ། རིག་གནས་ཞེས་པའི་རིག་དེ་ཡང་ཤེས་པ་དེའི་རིག་བྱའམ་ཤེས་བྱའི་ཡུལ་ལ་གོ་དགོས།    རྟགས་རིགས་དང་གཏན་ཚིགས་རིགས་པ་དང་སྒྲུབ་བྱེད་ཀྱི་ལུང་རིགས་ཞེས་པའི་རིགས་ཡང་འཇུག་ཅན་རྣམས་ནི།  རིག་པར་བྱེད་པའི་ཐབས་སྦྱོར་ངག་དང་ཐལ་འགྱུར།  རྟགས་དང་གཏན་ཚིགས་སོགས་ལ་གོ་དགོས་ལ།  ཡང་འཇུག་ས་དེས་རིག་པར་བྱེད་པའམ་གོ་བར་བྱེད་པའི་བྱེད་ལས་ཅན་ཡིན་པར་སྟོན་གསུངས།  ངག་ཚིག་གི་ཚིག་ལ་ཡང་འཇུག་མེད་ལ།  ཚིགས་བཅད་ཀྱི་ཚིགས་ལ་ས་མཐའ་ཡོད་པ་ནི།  ཚིགས་མཚམས་ཀྱི་ཚིགས་ལ་གོ་དགོས། དཔེར་ན། སྨྱུག་མའི་ཚིགས། མཛུབ་མོའི་ཚིགས། ས་ཚིགས་ལྟ་བུ་ཡིན་ཏེ། མཚམས་ཡོད་པའམ་དུམ་བུ་དུམ་བུ་བྱས་ནས་ཡོད་པའི་རྒྱུ་མཚན་གྱིས་ཚིགས་སུ་བཅད་པ་ཟེར།  གཏན་ཚིགས་ཞེས་པའི་ཚིགས་དེ་མཚམས་ལ་གོ་རྒྱུ་མ་ཡིན་པར་རིག་བྱེད་ཀྱི་ཤེས་པ་དེས་རིག་པར་བྱེད་པའི་ཐབས་རྟགས་དང་མཚན་མ་དག་ལ་གོ་དགོས་པས། ཡང་འཇུག་དེས་རིག་པར་བྱེད་པའམ་གོ་བར་བྱེད་པའི་བྱེད་ལས་ཅན་ཡིན་པར་སྟོན་པ(39)དང་། ཁམ་སྨུག་དང་ཁམ་སེར་ཞེས་ཁམ་ཡང་འཇུག་མེད་པ་ནི་ཁ་དོག་གི་དོན་ལ་འཇུག་པ་དང་།  མདོ་ཁམས་ཞེས་པའི་ཁམས་ཡང་འཇུག་ཅན་ནི་ཁམས་དང་ཨ་མདོ་བསྡོམས་པའི་ཤར་ཕྱོགས་ཀྱི་ཡུལ་བྱིངས་ལ་ཁམས་ཟེར་ཞིང་། དེ་ནི་ས་མཐའི་དོན་ཏེ། མཐའི་རྒྱལ་ཕྲན་ལ་ཁམས་ཀྱི་རྒྱལ་ཕྲན་དུ་འབོད་པ་ལྟར་རོ།།   རྒྱལ་པོ་གཅིག་གིས་དབང་སྒྱུར་བྱེད་པའི་མཐའ་དབུས་ཀྱི་ཡུལ་གྲུ་སྤྱིའི་མིང་ལ་རྒྱལ་ཁམས་དང་། ནང་གསེས་ཀྱི་ས་ཁུལ་སོ་སོའམ། བློན་པོ་གཅིག་གིས་འཛིན་སྐྱོང་བྱེད་པའི་ས་ཁུལ་གཅིག་ལ་བློན་ཁམས་གཅིག་ཅེས་《ཏུན་ཧོང་ཡིག་རྙིང་》དུ་གསལ་བ་དང་།  ཐུག་འཕྲད་ཅེས་པའི་ཐུག་ཡང་འཇུག་མེད་པ་ནི་ཕན་ཚུན་ངོ་ཐུག་པའམ་འཕྲད་པའི་དོན་དང་།   ཐུགས་བསྐྱེད་ཅེས་པའི་ཐུགས་ས་མཐའ་ཅན་ནི་སེམས་ཀྱི་ཞེ་ས་སྟེ།  ཐུགས་བསྐྱེད་ཅེས་པ་སངས་རྒྱས་ཆོས་ལུགས་ཀྱི་ཐེག་པ་ཆེན་པོའི་ལམ་གྱི་བཤད་སྲོལ་ལ། རང་ཉིད་གཅིག་པུའི་དོན་དུ་ཞི་བདེ་དོན་གཉེར་གྱི་བསམ་པ་སྤངས་ནས་ནམ་མཁས་ཁྱབ་པའི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པའི་བསམ་པ་ཐོག་མར་སྐྱེ་བའི་ཞེ་སའི་ཚིག་སྟེ། བྱང་ཆུབ་སེམས་བསྐྱེད་ཀྱི་གདམས་ངག་ཡིན་པ་ལྟ་བུ་དང་།  རབ་ཏུ་བྱུང་བ་ཞེས་པའི་རབ་ཡང་འཇུག་མེད་པ་ནི་སྤྱིར་ཁྱད་འཕགས་སོགས་དོན་དུ་མ་ལ་འཇུག་ཀྱང་།  ཐ་སྙད་འདིའི་དབང་དུ་བྱས་ན་ཁྱིམ་པ་དང་གྲྭ་བ་གཉིས་སུ་ཕྱེ་བའི་གྲྭ་བ་ཚང་མར་རབ་བྱུང་ཟེར་བ་དང་།    རྒྱལ་རབས་ཞེས་པའི་རབས་ཡང་འཇུག་ཅན་ནི་བོད་ཡིག་ཐོག་འཁོད་པའི་ལོ་རྒྱུས་ཡིག་ཆའི་ནང་གསེས་དང་པོ་སྟེ།   དེ་ནི་མི་རིགས་རང་ཉིད་དང་། འབྲེལ་ཡོད་མི་རིགས་གཞན་དག་གི་དུས་རབས་རིམ་བྱུང་སྐབས་ཀྱི་སྲིད་དབང་བཟུང་མཁན་རྒྱལ་པོ་དང་།   བློན་པོ།  དེ་བཞིན་སྐབས་དེའི་དཔལ་འབྱོར་དང་།  སྲིད།  རིག་གནས་སོགས་ཀྱི་ཁྱབ་ཁོངས་གསལ་བོར་བྲིས་པ་ལ་ཟེར།   
            དེ་བཞིན་དུ་《དག་ཡིག་རྣམས་ཀྱི་ཟུར་འདེབས་ལེགས་བཤད་མཁས་པ་དགྱེས་བྱེད་བདུད་རྩིའི་མཆོད་སྤྲིན་རྣམ་དག་》ལས་“འགྲོ་འོང་ལས་དང་མ་འོངས་པའི།།ཤ་གཟུག་ཟས་དང་གཟུགས་མཛེས་དང་།།   བྲན་གཡོག་གོས་ཀྱི་སྟོད་གཡོགས་སོགས།།    སྤང་བྱ་འདི་ཀུན་བློས་སྤངས་པའི།། རྣམ་དག་ཆོས་པ་དེ་རྣམས་ཡིན།།”(40)ཞེས་དང་།  《དག་ཡིག་མཁས་པ་དགའ་སྐྱིད་》ལས་“རྒྱུན་དུ་རྟག་དང་རྟགས་མཚན་དང་།།  མི་རྟག་འཇིག་དང་སྐྲག་ནས་འཇིགས།།  གཡང་སའི་གྲོག་དང་མཛའ་བའི་གྲོགས།། ཉིན་མཚན་ཞག་དང་ཐགས་པའི་ཞགས།།  གཅན་གཟན་གཟིག་དང་སྤྱན་གྱིས་གཟིགས།།   མི་དགེ་སྟིག་དང་གཤེ་བའི་བསྡིགས།། གནོད་པའི་གདུག་དང་འབུབ་པའི་གདུགས།།  རུས་ཀྱི་གདུང་དང་ཉི་མའི་གདུངས།།  ཞལ་གྱི་གདོང་དང་ཁ་མིག་གདོངས།།   དུད་འགྲོའི་ལུག་དང་དཔེ་ཡི་ལུགས།།   ནོར་གྱི་ཕྱུག་དང་དུད་འགྲོའི་ཕྱུགས།། ལུས་ཀྱི་ལག་དང་ཞེ་སའི་ལགས།།”(41)ཞེས་དང་།  《དག་ཡིག་གཅེས་བསྡུས་འཁྲུལ་སྤོང་ལེགས་པར་བཤད་པའི་སྐྱ་རེངས་གསར་བ་》ལས་“ལྗིད་མེད་ཡང་དང་རྒྱ་ཆེའི་ཡངས།། མིག་གིས་མཐོང་དང་ནམ་མཁའི་མཐོངས།། ཐུན་མོང་དང་ནི་ཉོན་མོངས་དང་།། ཁོམ་པའི་ལོང་དང་ཚད་ལོངས་པ།། ཁོང་དུ་ཆུད་དང་ཁོངས་སུ་གཏོགས།། གཏམ་གྱི་ཚིག་དང་ཚིགས་(གཏན་ཚིགས་ལྷུ་ཚིགས་དུས་ཚིགས་ཀྱང་)བཅད་དང་།།    བུ་གའི་ཁུང་དང་འབྱུང་ཁུངས་(ཁུངས་བཙན་ཡང་)དང་།།    ཤན་འབྱེད་གཟུ་དཔང་མཐོ་བའི་དཔངས།།   གཉིས་ཀྱི་ཟུང་དང་ལུས་ཀྱི་ཟུངས།།”(42)  ཞེས་པ་ལྟ་བུ་ཡང་འཇུག་ས་ཡིག་ཞུགས་མ་ཞུགས་ཀྱི་དོན་ལ་ཁྱད་པར་ཆེ་བ་ནི་དག་ཡིག་རྣམས་སུའང་ཁ་གསལ་གོ་བདེའི་ལམ་ནས་གསུངས་ཡོད་པ་ལྟར་རོ།། 
བཞི་བ། རྗེས་འཇུག་འ་ཡིག་གི་རྗེས་སུ་ཡང་འཇུག་འཐོབ་མིན།   
            སུམ་འགྲེལ་གྱི་གཞུང་མང་པོ་ལས་རྗེས་འཇུག་ན་ར་ལ་གསུམ་གྱི་མཐར་ད་ཡིག་དང་།   ག་ང་བ་མ་རྣམས་ཀྱི་རྗེས་སུ་ས་ཡིག་འཐོབ་པའི་རྣམ་གཞག་ལྟར་ཡིག་རྙིང་དག་ནའང་དེ་ལུགས་བྱུང་བ་ནི་དུས་ཕྱིས་ཀྱི་ཡིག་སྡེབ་དང་གཅིག་མཚུངས་སུ་ཡོད་མོད།  འོན་ཀྱང་གནའ་བོའི་ཡིག་རྙིང་ཁག་ལ་ཞིབ་མཇལ་ཞིག་བྱས་ན། རྗེས་འཇུག་འ་ཡིག་གི་རྗེས་སུ་སའི་ཡང་འཇུག་ཐོབ་ཚུལ་མང་པོ་ཞིག་ཡོད་པ་ནི། ཞྭ་ལྷ་ཁང་གི་རྡོ་རིང་དང་པོའི་ཡིག་ཕྲེང་ང་དྲུག་པ་ན་“སྔོན་མྱང་དབཱས་སྙིང་ཉེ་ཞིང་ཞོ་ཤ་ཕུལ་བར་འདྲ་བ་ལས། དབཱས་ཀྱྀ་ཟླ་དྔ་སྦྱར་ན་ཞེས་དང་།    P. T. 1287བཙན་པོ་རིམ་བྱུང་གི་ལོ་རྒྱུས་ཀྱི་ལེའུ་གཉིས་པའི་ཡིག་ཕྲེང་བརྒྱ་དང་དགུ་ན་“དེ་ནས་མགར་ཁྲི་འབྲིང་བཙན་བྲོད་ཀྱིས་བྱས་སོ།།   དེ་འི་འོག་ཏུ་དབའས་ཁྲི་སུམ་རྗེ་རྩང་བཞེར་གྱིས་བྱས་སོའ།།(43)ཞེས་དང་། ལེའུ་བཞི་བའི་ཡིག་ཕྲེང་བརྒྱ་དང་གྱ་གཅིག་པ་ན་“དབའས་དབྱྀ་ཚབ་དང་།  ཚེས་པོང་ནག་སེང་གཉིས་ནྀ།  བཙན་པོ་འི་སྤྱན་འདྲེན་ནོ།།”(44)ཞེས་དང་།   ཡིག་ཕྲེང་བརྒྱ་དང་གྱ་ལྔ་པ་ན་“མྱང་དབའས་ཀྱྀས་མཆིད་བླངས་པ།”(45)ཞེས་དབས་འམ་དབའ་ལ་དབཱས་དང་དབའས་ཞེས་བྲིས་པ་དང་།   སྟོད་ལུང་ཚུར་ཕུ་དགོན་པའི་རྡོ་རིང་ཡིག་ཕྲེང་སོ་གཅིག་པ་ན་“ཆེན་པོའི་ཐང་དུ།།  བཀའས་གནང་ངོ་།།  ཞེས་དང་། བསམ་ཡས་གཙུག་ཁང་གི་རྡོ་རིང་ཡིག་ཕྲེང་བཅུ་བཞི་ནས་བཅོ་ལྔ་པ་ན་“འཇྀག:རྟེན་ལས:འདའས:པའ:དང་། འཇྀག:རྟེན་གྱི:ལྷ་དང་།   མྱྀ་མ:ཡིན:པའ:། ཐམས:ཅད་གྱང:དཕང་དུ། གསོལ:ཏེ།”  ཞེས་དང་།   ཡིག་ཚགས་དེབ་(6)པའི་སྤྲིན་ཆེན་པོའི་མདོ་ལས་“བརྗོད: དུ:མེད:པའ:ལས:འདའས:པའྀ:ལུས:ཀྱི:སྤྲིནད:”(46)ཞེས་དང་།  ཡིག་ཚགས་དེབ་(3)པའི་སྨོན་ལམ་ལས་“བསམ་རྟོགས་འདའས་པའི་ཆོས་བསྒོམས་ན།།   རྣམ་དག་ཞིང་དེར་སྐྱེ་བར་འགྱུརད།།”(47)ཞེས་དང་།          P. T.1071རི་དྭགས་རྒྱག་པའི་སྐོར་གྱི་ཁྲིམས་ཡིག་གི་ཡིག་ཕྲེང་བརྒྱ་དང་དོན་བཞི་ནས་དོན་དྲུག་གི་བར་ན་“མདའས:ནི:ཕོག:སྟེ:ངའི: མདའ: མ: ཡིན: ཞེས: སྙོན: སྙོན: ཚངས: ནའ: ། མདའས:ཕོག: པ: གུམ:ཡང:རུང:མ: གུམ:ཡང:རུང་།”(48)ཞེས་དང་།        L. O.737Dརཱ་མ་ཎའི་འགྱུར་གྱི་ཡིག་ཕྲེང་བརྒྱ་དང་ཞེ་གསུམ་པ་ན་“ངན་བུ་ནྀ་མདའས་ཕོག་སྟེ་འགུམ་ན།  ད་རྒྱལ་པོ་ར་མ་ན་འི་མདའས་ཕོག་པ་ལྷར་སྐྱེ་བས།”(49)ཞེས་དང་།   ཡིག་ཕྲེང་བརྒྱ་དང་རེ་དྲུག་པ་ན་“རྒྱལ་པོ་མཆེད་གཉྀས་ཀྱིས་གཞི་བརྡུངས་ཏེ།། པྱི་བཞིན་དུ་བདའས་པ་ལས།”(50)ཞེས་འདས་ལ་འདའས་དང་། མདའ་འམ་མདས་ལ་མདའས་དང་།     བདའ་འམ་བདས་ལ་བདའས་སོགས་བྲིས་ཡོད་པ་དང་།   ཀོང་པོ་གཡུང་དྲུང་འཛིན་གྱི་བྲག་བརྐོས་ཡི་གེ་ལས་“ལྷ་སྲས་ལྡེ་སྲོང་གི་སྐུ་རིང་ལ།   གཙིགས་སྔ་མ་བས་བསྐྱེད་པར།   བཀའས། གནང་བཱ་”ཞེས་བཀའ་ལ་བཀའས་ཞེས་བྲིས་ཡོད་པ་སོགས་གནའ་བོའི་ཡིག་རྙིང་དུ་རྗེས་འཇུག་འ་ཡིག་གི་རྗེས་སུ་སའི་ཡང་འཇུག་ཐོབ་པ་དང་།  དུས་ཕྱིས་ཀྱི་བརྡ་སྤྲོད་སྨྲ་བ་སེར་ར་བ་མེར་གེན་མཁན་པོ་ཡེ་ཤེས་རྣམ་རྒྱལ་གྱིས་མཛད་པའི་《སུམ་ཅུ་པའི་འགྲེལ་པ་ལེགས་བཤད་རིན་ཆེན་རྒྱུད་མངས་》ལས་“རྗེས་སུ་ཞུགས་པའི་ག་ང་བ་མ་འ་རྣམས་ལ་ས་ཡང་འཇུག་སྦྱར་རུང་བའི་ཕྱིར་ཏེ་དང་། རྗེས་སུ་ཞུགས་པའི་ན་ར་ལ་གསུམ་ལ་ད་ཡང་འཇུག་སྦྱར་རུང་བས་ཏེ”(51)ཞེས་རྗེས་འཇུག་ག་ང་བ་མ་རྣམས་མ་ཟད་འ་ཡིག་རྗེས་སུའང་ཡང་འཇུག་ས་ཡིག་འཇུག་པའི་ཚུལ་བཤད་པ་འདི་ནི་སུམ་འགྲེལ་གྱི་གཞུང་གཞན་ན་མེད་པའི་ཡིག་རྙིང་གི་སྡེབ་དང་མཐུན་པའི་ལེགས་བཤད་ཞིག་ཏུ་གྱུར་བ་རེད།  རྗེས་འཇུག་གི་ཡིག་གྲངས་བཅུ་ལས་ད་ས་གཉིས་ཡང་འཇུག་ཏུ་དབྱུང་བའི་ཤུལ་ན་ལྷག་མ་བརྒྱད་ཡོད་ལ།  དེ་ལས་ན་ར་ལ་གསུམ་དང་།  ག་ང་བ་མ་བཞི་བཅས་ཡི་གེ་བདུན་པོ་ནི་ད་དྲག་དང་ས་དྲག་གཉིས་ཀྱི་འཇུག་ཡུལ་དུ་གྱུར་ཡང་། འ་ཡིག་གཅིག་པུ་དེ་གཉིས་གང་གི་འཇུག་ཡུལ་དུ་མ་གྱུར་བ་ནི་ད་ས་དང་འདྲ་བར་ཡང་འཇུག་ཏུ་འགྲོ་བའི་སྒྲུབ་བྱེད་གནའ་དེང་གི་ཡིག་སྡེབ་གང་དུའང་མ་མཐོང་བ་དང་། སུམ་འགྲེལ་གྱི་གཞུང་སོགས་སུ་ཡང་འཇུག་ས་དྲག་དང་ད་དྲག་ཞེས་པའི་ཐ་སྙད་གདགས་དོན་ཡང་རྗེས་འཇུག་གི་རྗེས་སུ་འཇུག་རུང་བའི་དོན་ཞིག་སྟོན་པ་ཡིན་མོད། འོན་ཀྱང་ཕྱིས་ཀྱི་ཡིག་སྲོལ་ལྟར་ན་རྗེས་འཇུག་འ་ཡིག་ལ་འཇུག་པར་མ་བསྟན་ཀྱང་ཡིག་རྙིང་དུ་འཇུག་ཚུལ་མང་བ་འདིས་བོད་པའི་སྐད་བརྡའི་ཆོས་ཉིད་ལ་གཞུང་དོན་གྱི་འཇུག་པ་ཡངས་པའི་རྟགས་སུ་ངེས་ལ། རྒྱུ་མཚན་ནི་ད་ལྟའི་རྩིས་འཁོར་མ་ལག་ལ་བོད་སྐད་མཉེན་ཆས་ནང་འཇུག་བྱེད་པའི་བྱ་རིམ་ཁྲོད་དུ་དཀའ་ངལ་ཞིག་ལ་འཕྲད་བཞིན་པ་ནི། དཔེར་ན། བཙའའིས་ལ་བཙས་ཞེས་བསྡུས་པའི“ས་”ཡིག་ནི་རྗེས་འཇུག་ཡིན་ནམ་ཕྲད་ཡིན་པའི་དབྱེ་བ་འབྱེད་དཀའ་བ་དང་།   དེ་བཞིན་དུ་དཔའའིས་ལ་དཔའས་དང་།   མདའའིས་ལ་མདའས་སོགས་ཀྱང་གནའ་ཡིག་ནང་“འི”ཡིག་བསྡུས་ནས་དཔའས་དང་མདའས་ཞེས་ཀློག་པའི་ང་རོ་དེ་ལས་“ས་”ཡིག་རྗེས་འཇུག་ཏུ་འཕྲུལ་མི་སྲིད་པ་ནི་གནའ་བོའི་ཡིག་སྲོལ་གྱི་ཁྱད་ཆོས་ཤིག་ཏུ་འཁུམས་སོ།།  
            མདོར་ན་ཡང་འཇུག་ད་ས་གཉིས་ནི་མིང་དང་བྱ་ཚིག་ལ་ཁྱབ་མཉམ་དུ་འཇུག་པ་ཡིན་ཡང་། འཇུག་ཚུལ་གྱི་རྣམ་པའམ་ངོ་བོའི་སྟེང་ནས་ད་དྲག་མིང་ལ་འཇུག་པ་ཉུང་ཞིང་བྱ་ཚིག་ལ་འཇུག་པ་ཅུང་མང་བ་དང་།   མིང་དང་བྱ་ཚིག་གི་འཇུག་དོན་ཐད་ནས་ད་ས་གཉིས་བྱ་ཚིག་ལ་འཇུག་པའི་རྣམ་གཞག་སུམ་འགྲེལ་གྱི་གཞུང་དང་ཡོངས་སུ་མཐུན་པ་ཞིག་མིན་ཏེ། བརྡ་སྤྲོད་གཞུང་གི་དུས་ཀྱི་རྣམ་གཞག་ནི་བྱ་ཚིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་པས།   རྟགས་ཀྱི་འཇུག་པའི་གཞུང་དུ་བྱ་ཚིག་གི་གཟུགས་འགྱུར་མིན་དང་བྱེད་པོ་ལས་ལ་འབྲེལ་མིན། དུས་ཀྱི་ཁྱད་པར་གང་ཞིག་སྟོན་པ་སོགས་ནི་བྱ་ཚིག་གི་སྒྲ་གྲུབ་བྱེད་སྔོན་རྗེས་ཡང་གསུམ་དང་མིང་གཞི་དབྱངས་སོགས་ཀྱི་གྲུབ་ཚུལ་ལ་ལྟོས་ནས་འཇོག་པ་དང་།《ལེགས་བཤད་ལྗོན་དབང་》ལས།    “འདས་ལ་བས་འཕུལ་ཡང་འཇུག་ཡོད།། ད་ལྟ་བ་ལ་གཉིས་ཀ་མེད།། མ་འོངས་འཕུལ་ཡོད་ཡང་འཇུག་མེད།། ད་ལྟ་བ་ལ་གཉིས་ཀ་མེད།། བསྐུལ་ཚིག་འཕུལ་མེད་ཡང་འཇུག་ཡོད།།” ཅེས་བྱ་ཚིག་གི་སྒྲ་གྲུབ་ཚུལ་ལས་དུས་ཀྱི་ཁྱད་པར་གང་ཡིན་ངོས་འཛིན་ཚུལ་གསལ་བོར་གསུངས་ནའང་།   བོད་ཀྱི་ཚད་ཐུབ་མཁས་པའི་གསུང་རབ་གླེགས་བམ་དུ་བཞུགས་པ་རྣམས་ལ་ཞིབ་ཏུ་མཇལ་ན།  བྱ་ཚིག་གྲུབ་ཚུལ་གྱི་ཡིག་གཟུགས་ཁོ་ནས་དུས་ཀྱི་རྣམ་གཞག་གསལ་བོ་ཞིག་འབྱེད་དཀའ་བར་སྣང་སྟེ།  དཔེར་ན།  《ལྷ་ལས་ཕུལ་བྱུང་》ལས། “གང་ག་དབབ་པར་མ་ནུས་སོ།།”ཞེས་དང་།《ཐར་ལམ་གསལ་བྱེད་》ལས།   “རྣམ་བྱང་ཆོས་རྣམས་བརླག་པར་བྱས།” ཞེས་དང་། 《རིན་ཆེན་ཕྲེང་བ་》ལས།“ཇི་ལྟར་ཆུ་ཤིང་ཡན་ལག་དག།  མ་ལུས་བཅས་ཏེ་བཤིག་བྱས་ན།། ཡང་དག་བསྡུམ་པར་བྱས་པ་ཡིས།།”ཞེས་དང་།《མདོ་མཛངས་བླུན་》ལས།  “ཁོ་བོས་གསད་པར་བྱ་བ་མ་ཡིན་སྙམ་ནས་གཏང་བར་གྱུར།”    ཞེས་པ་ལྟ་བུའི་དབབ་དང་། བརླག བཤིག བསྡུམ། གཏང་རྣམས་ཀྱི་བྱ་ཚིག་གི་གྲུབ་ཚུལ་མ་འོངས་པར་ཡིན་ཡང་། ཚིག་གྲོགས་ལ་བརྟེན་ནས་དུས་འདས་པར་གོ་བ་དང་། 《བྱང་ཆུབ་ལམ་རིམ་ཆེན་མོ་》ལས། “ཅི་གསུང་བསྒྲུབ་ཅིང་། ཞེས་དང་།  སྐྱེས་ནས་བརྩམས་ཏེ་འཆི་བ་ཉིད་ཕྱིར་རྟག་ཏུ་བརྒྱུག་པ་ན།” ཞེས་དང་།  《བློ་གསལ་རིག་སྒོ་》ལས།  “རྟེན་བཅས་ཀྱི་མིག་དབང་ནི་མིག་གིས་གཟུགས་ལ་བལྟ་བཞིན་པའི་སྐབས་ཀྱི་མིག་དབང་ལྟ་བུ།” ཞེས་པ་ལྟ་བུའི་བསྒྲུབ་དང་།  བརྒྱུག  བལྟ་རྣམས་ཀྱི་བྱ་ཚིག་རང་ངོས་ནས། རྟགས་འཇུག་གི་གཞུང་དོན་ལྟར་ན་མ་འོངས་པར་གསལ་ཡང་།   འདིར་དེ་བཞིན་མ་ཡིན་པར་བརྗོད་འབྲེལ་གྱིས་དུས་ད་ལྟ་བའི་བྱ་བ་ཞིག་གི་གནས་བབ་སྟོན་པ་གསུང་རབ་ལས་བྱུང་བ་རྣམས་དང་།  ཡིག་ཚགས་དེབ་(9)ལི་ཡུལ་གྱི་ལོ་རྒྱུས་ཀྱི་དཔེའ་ལས་“བཅོམ་ལྡན་འདཱས་ཀྱིས་བང་ཕྱོགས་ཀྱྀ་རྒྱལ་པོ་། བེ་ཤ་ར་མ་ནེ་དང་།། དགེ་སློང་ཤ་རིའི་བུ་གཉིས་ལ་བཀའ་སྩལད་པ།།”(52)  ཞེས་པའི་བྱ་ཚིག་སྩལད་འདི་ཡང་བརྗོད་འབྲེལ་གྱིས་ད་ལྟ་བའི་དོན་ལ་འཇུག་པ་ཡིག་རྙིང་དུ་གསལ་བ་རྣམས་དང་། གཞན་ཡང་ཚོགས་འདུའི་འགོ་བརྩམས་སོ་ཞེས་པའི་བྱ་ཚིག་བརྩམས་དེའང་འདས་ཚིག་ཡིན་ཡང་།    ཚོགས་འདུ་གྲོལ་ཟིན་པའམ་གྲོལ་ཚར་བའི་དོན་ཞིག་མ་ཡིན་པར་བརྗོད་འབྲེལ་གྱིས་ད་ལྟ་བའི་དོན་སྟོན་པ་སྟེ། འགོ་བརྩམས་པའི་བྱ་བའི་རྒྱུན་མ་འགགས་པ་ད་ལྟ་བ་ཡིན་པ་ལྟ་བུ་སོགས་ལ་བསམ་བློ་ཞིབ་མོར་བཏང་ན།   སྐབས་དོན་དང་མ་འབྲེལ་བར་ཡིག་གཟུགས་གྲུབ་ཚུལ་ཙམ་གྱི་སྟེང་ནས་བྱ་ཚིག་གི་དུས་ཀྱི་རྣམ་གཞག་དཔྱིས་ཕྱིན་པ་ཞིག་ཁ་ཚོད་གཅོད་དཀའ་པར་སྙམ་མོ།།
            ལུང་འདྲེན་དཔྱད་ཡིག  
             ①《ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ་》(པོད་གསུམ་པ་)བོད་ལྗོངས་བོད་ཡིག་རྙིང་དཔེ་སྐྲུན་ཁང་གིས་1992ལོར་པར་དུ་བསྐྲུན། ཤ633ནས་634སྟེང་གསལ།   
            ②《མུ་ཏིག་ཕྲེང་མཛེས་》 ཀརྨ་སི་ཏུས་བརྩམས།   མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་2008ལོར་པར་དུ་བསྐྲུན། ཤ211སྟེང་གསལ།   
            ③《ཆོས་འབྱུང་མཁས་པའི་དགའ་སྟོན་》 དཔའ་བོ་གཙུག་ལག་ཕྲེང་བས་བརྩམས།  མི་རིགས་དཔེ་སྐྲུན་ཁང་གིས་1986ལོར་པར་དུ་བཏབ། (སྟོད་ཆ།) ཤ417སྟེང་གསལ།   
            ④⑤(23)(24)(25)(26)《ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་དེབ་(2)》 ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་གིས་2009ལོར། ཤ114,243 ,83,102, 114,114སྟེང་གསལ།  
            ⑥《བརྡ་སྤྲོད་དོན་འགྲེལ་ཟབ་གནད་ཀུན་གསལ་》དོར་ཞི་གདོང་དྲུག་སྙེམས་བློས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་1999ལོར་པར་དུ་བསྐྲུན། ཤ131སྟེང་གསལ།   
            ⑦《ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་དེབ་(5)》ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་གིས་2009ལོར། ཤ175སྟེང་གསལ།  
            ⑧《ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་དེབ་( 10)》 ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་གིས་2009ལོར། ཤ251སྟེང་གསལ།   
            ⑨⑾⒃⒄《ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་དེབ་( 1)》ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་གིས་2009ལོར།   ཤ108,267,279,275སྟེང་གསལ།   
            ⑽⑿(32)(33)(34)(37)(38)《ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་དེབ་(4)》 ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་གིས་2009ལོར། ཤ276, 82, 28,102,163, 118,302སྟེང་གསལ།   
            ⒁⒆⒇(21)(43)《ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་དེབ་(6)》ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་གིས་2009ལོར། ཤ277,125,  191,198, 2སྟེང་གསལ།   
            ⒂(22)(44)《ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་དེབ་(3)》ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་གིས་2009ལོར། ཤ89,89,146སྟེང་གསལ།   
            ⒀⒅(52)《ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་དེབ་(9)》ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་གིས་2009ལོར། ཤ1,1, 1, སྟེང་གསལ།   
            (27)(48)(49)(50)《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ་》 མི་རིགས་དཔེ་སྐྲུན་ཁང་གིས་1998ལོར། ཤ59, 26, 157, 159སྟེང་གསལ།  
            (28)(46)(47)《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》 མི་རིགས་དཔེ་སྐྲུན་ཁང་གིས་1992ལོར། ཤ21 ,40,44, 44སྟེང་གསལ།   
            (29)(40)(41)(42)《དག་ཡིག་ཕྱོགས་བསྒྲིགས་མུ་ཏིག་ཚོམ་བུ་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་2010ལོར། ཤ86,440,431,478སྟེང་གསལ།   
            (30)《དཔལ་ལྡན་ས་སྐྱ་པའི་གསུང་རབ་པོད་གཉིས་པ་》 མི་རིགས་དཔེ་སྐྲུན་ཁང་གིས་2005ལོར།  ཤ146-147གསལ།   
            (31)(39)《བརྡ་སྤྲོད་བློ་གསལ་དགའ་སྟོན་》དམུ་དགེ་བསམ་གཏན་གྱིས་བརྩམས།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་1985ལོར་པར་དུ་བསྐྲུན། ཤ28-29བར་དང་། 31སྟེང་གསལ།   
            (35)(36)《གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་གྱི་གནའ་དཔེ་བདམས་བསྒྲིགས་》བོད་ལྗོངས་ཡིག་རྙིང་དཔེ་ཁང་གིས་2007ལོར། ཤ9,3སྟེང་གསལ།   
            (51)སྤྱི་ལོ་དུས་རབས་ཉི་ཤུ་བའི་སྟོད་དུ་མེར་གེན་མཁན་པོ་ཡེ་ཤེས་རྣམ་རྒྱལ་གྱིས་མཛད་པར་གསལ་བའི་《སུམ་ཅུ་པའི་འགྲེལ་པ་ལེགས་བཤད་རིན་ཆེན་རྒྱུད་མངས་》 ཞེས་བྱ་བ་ལག་བྲིས་དཔར་སློག་མ་ཞིག་ན་གསལ། 


རྩོམ་ཡིག་སྔོན་མ།
༄༅།། ཨ་རིག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1