༄༅།། བོད་གནའ་རབས་ཀྱི་ལོ་རྒྱུས་རིག་གཞུང་དང་ལོ་རྒྱུས་དཔྱད་བརྗོད་ཀྱི་མ་ལག་སྐོར་གླེང་བ།

རྨེ་རུ་ཡུལ་ལྷ་ཐར། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 12-12


རྨེ་རུ་ཡུལ་ལྷ་ཐར།
[ནང་དོན་གནད་བསྡུས།] བོད་ལ་སྔར་དུས་རབས་བདུན་པར་ཡིག་ཐོག་གི་ལོ་རྒྱུས་རྩོམ་འབྲིའི་རྒྱུན་བྱུང་བ་ནས་བཟུང་། དུས་རབས་རིམ་བྱུང་ནང་བོད་ཡིག་གི་ལོ་རྒྱུས་ཡིག་ཚང་མང་དག་ཅིག་བྱུང་ཡོད་པ་དེ་དག་ནི་བོད་ཀྱི་ལོ་རྒྱུས་ལ་ཐད་ཀར་ཞིབ་འཇུག་བྱེད་པའི་དཔྱད་གཞི་གཙོ་བོ་ཡིན་པ་མ་ཟད། བོད་ཀྱི་ལོ་རྒྱུས་རིག་གཞུང་ལ་དཔྱད་ཞིབ་བྱེད་པའི་རྒྱུ་ཆ་ཉག་གཅིག་ཀྱང་ཡིན། ལོ་རྒྱུས་རིག་གཞུང་ཁྲོད་ལོ་རྒྱུས་དཔྱད་བརྗོད་མ་ལག་ཅི་འདྲ་ཞིག་གྲུབ་ཡོད་མེད་ནི་མི་རིགས་གང་དེའི་ལོ་རྒྱུས་རིག་གཞུང་འཕེལ་རྒྱས་ཀྱི་ཆུ་ཚད་མཚོན་བྱེད་ཡིན་པར་བརྟེན། དཔྱད་རྩོམ་འདིའི་ནང་དུས་ཡུན་རིང་མོའི་ལོ་རྒྱུས་རྩོམ་འབྲིའི་ལོ་རྒྱུས་ཁྲོད་བོད་དུ་ལོ་རྒྱུས་དཔྱད་བརྗོད་ཀྱི་མ་ལག་ཐུན་མོང་མ་ཡིན་པ་ཞིག་གྲུབ་སྟེ། ལོ་རྒྱུས་ལ་དཔྱད་སྟངས་ཐུན་མོང་མ་ཡིན་པ་ཞིག་དང་ལོ་རྒྱུས་དཔྱད་བརྗོད་ཀྱི་རྩ་བའི་རྣམ་པ་སྣ་འཛོམས་ཅན་ཞིག ལོ་རྒྱུས་དཔྱད་བརྗོད་ཀྱི་རིགས་སྣ་ཀུན་ལ་ཁྱབ་པ་ཅན་ཞིག་བཅས་གྲུབ་ཡོད་པའི་སྐོར་ལ་དཔྱད་བརྗོད་བྱས་ཡོད།
[བརྡ་ཆད་གཙོ་བོ།] ལོ་རྒྱུས་རིག་གཞུང་། ལོ་རྒྱུས་དཔྱད་བརྗོད། མ་ལག
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K874[ཡིག་ཚང་མཚོན་བྱང་།] A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2014)04- 008 -21
དང་པོ། ལོ་རྒྱུས་དཔྱད་བརྗོད་ཀྱི་རྩ་བའི་རྣམ་པ།
             བོད་ཀྱི་ལོ་རྒྱུས་དཔྱད་བརྗོད་ལ་དུས་ཡུན་རིང་བའི་འཕེལ་རྒྱས་བརྒྱུད་རང་གི་ཁྱད་ཆོས་གསལ་བའི་དཔྱད་བརྗོད་ཀྱི་མ་ལག་ཅིག་གྲུབ་ཡོད་པ་དང་། དཔྱད་བརྗོད་བྱ་ཡུལ་དང་དཔྱད་བརྗོད་ཀྱི་ཚད་གཞི། དཔྱད་བརྗོད་ཀྱི་འགན་ནུས། དེ་མིན་དཔྱད་བརྗོད་ཀྱི་རྣམ་པ་སོགས་ལའང་དམིགས་བསལ་རང་བཞིན་ལྡན་ཡོད། དེ་ཡང་། བོད་ཀྱི་ལོ་རྒྱུས་དཔྱད་བརྗོད་ཀྱི་རྣམ་པ་དེ་ཉིད་རིགས་མི་འདྲ་བ་དུ་མ་ལས་གྲུབ་ཡོད་ནའང་། རྩ་བའི་ཆ་ནས་གཤམ་གྱི་རྣམ་པ་རིགས་དྲུག་ལ་བསྡུ་ཆོག་པར་སྙམ་པ་སྟེ།
             གཅིག ཐོར་དཔྱད།
             ཐོར་དཔྱད་ཅེས་པ་ནི་ཚིག་དུམ་རེ་གཉིས་ལ་བརྟེན་ནས་གང་བརྗོད་པར་བྱ་བའི་དོན་དེར་དཔྱད་བརྗོད་སྤེལ་བའི་རིགས་ལ་གོ་བ་ཡིན། བོད་ཀྱི་ལོ་རྒྱུས་ཡིག་ཚང་གི་གནས་སྟངས་ལ་མཚོན་ནས་བཤད་ན། ལོ་རྒྱུས་དཔྱད་བརྗོད་ཕལ་ཆེ་བ་ནི་ཐོར་དཔྱད་ཀྱི་རྣམ་པའི་ཆ་ནས་གནས་ཡོད། ཐོར་དཔྱད་ཅེས་པ་ནི་ཡིག་ཚང་མི་འདྲ་བའི་ཁྲོད་ཐར་ཐོར་དུ་གནས་པ་དང་། ཕན་ཚུན་འབྲེལ་མེད་དུ་ཆགས་པ། མ་ལག་རང་བཞིན་མི་ལྡན་པའི་ཚུལ་དུ་མངོན་བཞིན་ཡོད། ལོ་རྒྱུས་དཔྱད་བརྗོད་ཀྱི་འཕེལ་རིམ་ཆ་ནས་བལྟས་ན། ཐོག་མའི་དུས་ཀྱི་རྣམ་པ་གཙོ་བོ་ནི་ཐོར་དཔྱད་ཀྱི་རྣམ་པ་འདི་རང་ཡིན། བོད་ཀྱི་ལོ་རྒྱུས་དཔྱད་བརྗོད་ཀྱི་ཐོར་དཔྱད་ཀྱི་རྣམ་པ་ནི་དཔེར་ན། “བོད་ཀྱི་ཡི་གེ་ཡང་ཁྲིམ་སོ་བུད་བཙན་པོའི་རིང་ལ་བྱུང་བར་འདོད་པ་ཡང་ཡོད་དོ་”①ཞེས་པ་ལྟ་བུ་དང་།“འོ་ན་གསང་སྔགས་ཐེག་པ་གང་དུ་བསྡུད་སྙམ་ན། ཁ་ཅིག་ན་རེ། མདོ་སྡེ་འདི་ཉིད་ཉན་བྱེད་ན། ཟེར་བས་མདོ་སྡེར་བསྡུས་ཟེར་གོ  ཁ་ཅིག་ན་རེ།  མངོན་པར་བསྡུད་དེ། མངོན་པ་ལ་གཉིས་ལས། སྔགས་འདི་ནང་གི་མངོན་པ་ཡིན་ཟེར་རོ། འོན་ཀྱང་འདིར་བསྡུད་མི་འཚལ་ཏེ། གསང་སྔགས་ནི་རིག་པ་འཛིན་པའི་སྡེ་སྣོད་ཅེས་ལ་སོགས་པའོ་”②ཞེས་པ་ལྟ་གྲྭ “མི་དྲུག་ཟེར་རོ། ཡང་དབུས་པ་མི་གསུམ་དང།གཙང་པ་གསུམ། གཙང་མིན་དབུས་མིན་གཅིག་དང་། མི་བདུན་ཟེར་བ་ཡང་འདུག ཡང་དབུས་གཙང་གི་མི་བཅུར་བྱེད་པ་ཡང་ཡོད་པ་ནི། ......རིམ་པ་བཞིན། ཕྱིན་པས་མང་དུ་སོང་པ་ཡིན་ནམ་སྙམ་”③ཞེས་པ་ལྟ་བུ་གཅིག་ནས་ཡིག་ཚང་དངོས་སུ་ཐོར་བུའི་ཚུལ་དུ་མཆིས་པ་དང་། གཉིས་ནས་ཚིག་ཉུང་ལ་དོན་འདུས་པའི་སྒོ་ནས་དཔྱད་པ་བརྗོད་པ་ཞིག་ཡིན།   
             གཉིས། ཆེད་དམིགས་དཔྱད་བརྗོད།   
             ཆེད་དམིགས་དཔྱད་བརྗོད་དམ་ཆེད་དོན་དཔྱད་བརྗོད་ཅེས་པ་ནི། ཚན་པ་གཅིག་གཅིག་གཉིས་རེའམ་ཅུང་ཟད་རྒྱས་དཔྱད་ཀྱི་ཚུལ་གྱིས་དོན་ཞིག་ལ་དམིགས་བཀར་གྱིས་དཔྱད་པ་གཏོང་བ་ལ་ཟེར་ཞིང་། དེ་ནི་གནའ་རབས་བོད་ཀྱི་ལོ་རྒྱུས་དཔྱད་བརྗོད་ཁྲོད་ནུས་པ་མངོན་གསལ་ཐོན་པའི་དཔྱད་བརྗོད་ཀྱི་རིགས་ཤིག་ཡིན། ཆེད་དོན་དཔྱད་བརྗོད་ནི་ལོ་རྒྱུས་ཡིག་ཚང་ལ་དཔྱད་སྟོབས་ལྡན་པ་དག་ལ་མ་གཏོགས་སྤྱིར་ན་མཐོང་དུ་མེད་ཅིང་། དེ་ནི་ལོ་རྒྱུས་སྨྲ་བའི་རྣམ་དཔྱོད་ཅན་གྱིས་སྤྱོད་པའི་ཆེད་དམིགས་རང་བཞིན་གྱི་དཔྱད་བརྗོད་སྐོར་ཡིན་པ་དཔེར་ན། 《ཉི་མའི་རིགས་ཀྱི་རྒྱལ་རབས་》སུ“ཁ་བ་ཅན་འདིའི་རྒྱལ་པོ་ལ་སྔ་བ་ནི། གཉའ་ཁྲི་བཙན་པོ་ཡིན་ཏེ། འདི་བོད་དུ་ཇི་ལྟར་བྱོན་པའི་ཚུལ་ལ། སྔོན་རབས་ཀྱི་ཡིག་ཚངས་སོ་སོ་ལས་འབྱུང་བ་འགའ་ཞིག་སྣང་ངོ་། ། ལ་ལར་ནི་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཆུང་བ་སྟོབས་ཆུང་ཡིན་ལ། དེའི་སྲས་ལྔ་ཚིགས་པ་ཡིན་ཟེར། ཁ་༡ནི། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་སྲས་ལྔ་ཡོད་པའི་བར་པ་སཾ་བུ་ཤྲཱི་ཞེས་པ་མཚན་ལྡན་༡བྱུང་ནས། ......མི་བཞིའི་གཉའ་བ་ལ་ཁུར་ཏེ། དབུས་ཀྱི་ལྷ་རི་གྱང་མཐོའི་ཁ་ལ་བཞག་ཅེའོ། །བུ་སྟོན་ཆོས་འབྱུང་ལས། བད་ས་ལའི་རྒྱལ་པོ་འཆར་བྱེད་ཀྱི་བུ་མིག་མས་འགེབས་པ། སོར་མོ་དྲ་བར་འབྲེལ་བའི་མཚན་ལྡན་ཞིག་བྱུང་པས། ......བོད་ཀྱི་སྔོན་པ་དག་གིས་གཉའ་བ་ལ་ཁྲི་བྱས་ནས་སྤྱན་དྲངས་སོ་ཞེས་དང་། ཡང་ཇོ་བོ་ཆེན་པོ་རྗེས་བསྔགས་ཤིང་ཚད་མར་མཛད་དོ་ཞེས། ཞེས་པའི་རྒྱལ་རབས་ཀ་ཀོལ་མ་ལས། ཤཱཀྱ་ཆེན་པོ། ཤཱཀྱ་ལི་ཙ་བྱི། ཤཱཀྱ་རི་བྲག་པ་དང་གསུམ་ཡོད་པ་ལ་གཉའ་ཁྲི་བཙན་པོ་ཤཱཀྱ་རི་བྲག་པའི་རྒྱུད་ཡིན་ནོ་ཞེས་གསུངས་སོ། །ཡང་འཇམ་དཔལ་རྩ་རྒྱུད་ལས། ལྷ་བླ་མ་ཡེ་ཤེས་འོད་ལུང་བསྟན་པའི་སྐབས་ན། ལྷ་ལྡན་ཡུལ་ཞེས་བྱ་བ་ཡི །གངས་ཅན་རི་ཡི་ནང་གནས་པའི། །རྒྱལ་པོ་ལྷ་ཡི་བླ་མ་ཞེས། །ལི་ཙ་བྱི་རྣམས་རིགས་སུ་བྱུང་། །......ཅེས་གསུངས་པས། ཤཱཀྱ་ལི་ཙ་བྱིའི་རྒྱུད་ཡིན་ཟེར་མོད། འགྱུར་ཁ་༡ན་ཤཱཀྱ་ཆེན་པོའི་རིགས་ལས་བྱུང་། ཞེས་གསུངས་སོ། །......ཁ་༡ཀོའུ་ཤམ་བྷིར་དོན་གྲུབ་དང་མཉམ་དུ་སྐྱེས་པ་ཤར་བྷིའི་བུ།  སྐྱབས་སེང་དང་། དམག་བརྒྱ་པའོ། །......ཤཱཀྱ་བཟང་རྒྱལ་གྱིས། རང་གི་སྲས་ཤཱཀྱ་སང་ག་ཤྲཱི་བོད་ཀྱི་རྒྱལ་པོར་བཏང་སྟེ། རྐང་འགྱོགས་པ་བཞིས་ཁུར་ནས། བོད་ཀྱི་ལྷ་རི་གྱང་མཐོའི་རྩེར་སྐྱལ་ཞིང་རིམས་ཀྱིས། བཙན་ཁང་སྒོ་བཞི་ལ་དབང་བྱས། ......བོད་ཀྱི་ཡིག་ཚང་ཆེས་ཆེར་རྙིང་པ་༡ཏུ། སྲིད་པ་གསུམ་ན་ཆེས་ཆེ་བ་ཤཱཀྱ་ཐུབ་པའི་གདུང་ཡང་ད་དུང་ཡོད་དེ། མངོན་འབྱུང་དུ། ......དོན་གྲུབ་ཀྱི་སྲས་དགྲ་ཅན་འཛིན་ད་དུང་བཞུགས་ཤིང་། ཡར་འཕེལ་ཚེ་ལོ་དྲུག་བརྒྱ་པའི་དུས་དགྲ་བཅོམ་པ་དུ་མས་སངས་རྒྱས་ཀྱི་བསྟན་པ་འཛིན་པར་བཤད་ཅིང་། ལང་གཤེགས་ལས་ཀྱང་། ང་འདས་པའི་དུས་མ་འོངས་པའི་དུས་ན། ཤཱཀྱ་ཆེན་པོའི་རིགས་ཀྱི་བསྟན་པ་ལ་ཕན་པར་འགྱུར་ཅེས་ཡང་ཡང་ལུང་བསྟན་པའོ། །དེས་ན།ཤཱཀྱ་མིང་ཆེན་གྱི་རིགས་རྒྱལ་བུ་སང་ག་ཤི་ཞེས་བྱ་བ་བོད་ཀྱི་རྗེ་བསྐལ་དུ་བྱོན། རི་བྲགས་ན་རྒྱལ་པོ་རུ་པ་ཏི་ལས་འཕེལ་བའི་མི་རྣམས་ཀྱི་རྗེ་ནི་ལོ་མང་པོའི་བར་དུ་མཛད། སླར་ཡང་། སྤྲེའུ་དང་བྲག་སྲིན་མོ་འདུས་པ་ལས་བྱུང་བའི་མི་ལ་སོགས་པ་བོད་འབངས་སྤྱི་ཐམས་ཅད་ཀྱི་རྗེ་མཛད་པའི་དུས་ལ་བབ་སྟེ། ལྷ་རི་གྱང་མཐོའི་རྩེ་ལ་བྱོན......རྗེ་གཉའ་ཁྲི་བཙན་པོ་ཞེས་བྱ་སྟེ་བོད་ཀྱི་རྒྱལ་པོར་མཚན་གསོལ་བ་སྔ་བ་དེ་ཡིན་ནོ། །......བྱ་བ་འདུག གང་ལྟར་ཡང་བོད་སྤྱི་མཐུན་གྱི་བསོད་ནམས་ལས་འཁྲུངས་པ། གཉའ་ཁྲི་བཙན་པོ་འདི་ནི། མང་པོས་བཀུར་བའི་རྒྱལ་པོ་དང་ཚུལ་མཚུངས་པ་སྟེ། ཀུན་གྱི་བཀུར་བའི་འོས་སུ་གྱུར་པ། བདུད་དང་གནོད་སྦྱིན་ལ་སོགས་པའི་རྒྱལ་ཕྲན་བཅུ་གཉིས་ཟིལ་གྱིས་མནན་”④ཞེས་བོད་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོ་ཇི་ལྟར་བྱུང་བ་དང་ཚུལ་ཇི་ལྟ་བུས་བོད་ཀྱི་རྗེ་བོར་བཞུགས་པའི་ཚུལ་ལ་རང་གི་ལྟ་བ་འདྲེས་པའི་སྒོ་ནས་ཆེད་དུ་བརྗོད་གཞི་དམིགས་བཀར་གྱིས་དཔྱད་པ་གནད་དུ་འཕིགས་པ་གནང་ཡོད་པ་ལྟ་བུ་དང་། ཡང་དཔེར་ན། ལོ་རྒྱུས་སྨྲ་བ་འགོས་ལོ་གཞོན་ནུ་དཔལ་གྱིས།  “དུས་ཕྱི་མའི་མཁས་པ་ཕལ་ཆེར་དུས་ཀྱི་འཁོར་ལོ་ཡུལ་དབུས་སུ་བྱོན་པ་དང་། འདས་ལོའི་ཐོག་མའི་རབ་བྱུང་འཇུག་པ་དུས་མཚུངས་པར་བཞེད་དོ། །དེ་ལྟ་མོད་ཀྱི་དུས་ཀྱི་འཁོར་ལོ་ནི་སྔ་རབས་ཤིག་ནས་འཕགས་པའི་ཡུལ་དུ་བྱུང་བར་མངོན་ཏེ། གྲུབ་ཆེན་དྲིལ་བུ་ཞབས་ཀྱིས་མཛད་པའི་བདེ་མཆོག་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་ལས། དྲི་མ་མེད་པའི་འོད་ཀྱི་མཆོད་པར་བརྗོད་པའི་ཚིགས་སུ་བཅད་པ་གཉིས་པ་རྣམ་པར་བཅས་ཀྱང་ཞེས་བྱ་བ་ལ་སོགས་པ་དེ་གསལ་པོ་ཉིད་དུ་བྲིས་སྣང་བའི་ཕྱིར་དང་། དྲིལ་བུ་པའི་རྗེས་སུ་རུས་སྦལ་ཞབས་དེས་ཛལམྦྷ་རི་པ། དེས་ནག་པོ་པ། དེས་བཟང་པོ་ཞབས། དེས་རྣམ་རྒྱལ་ཞབས། དེས་ཏིལླི་པ། དེས་ནཱ་རོ་པ་ཞེས་དྲིལ་བུ་པ་ནས་ནཱ་རོ་པའི་བར་དུ་བླ་མའི་རིམ་པ་བརྒྱད་བྱུང་ཞིང་། ནཱ་རོ་པ་དང་དུས་ཞབས་ཡབ་སྲས་དུས་མཚུངས་པའི་ཡང་ཕྱིར་རོ། ཡང་དཔལ་བི་རཱུ་པས་གཤིན་རྗེ་གཤེད་ཀྱི་འཁོར་ལོའི་གསལ་བྱེད་མཛད་པ་དུས་ཀྱི་འཁོར་ལོ་ལ་བརྟེན་པ་ཡིན་པར་གཞུང་དེ་ཉིད་ན་སྣང་བའི་ཕྱིར་དང་། ཙི་ལུ་པས་དུས་འཁོར་བཙལ་བའི་ལོ་རྒྱུས་འཆད་པ་ན། སློབ་དཔོན་དེས་ཏུ་རུ་ཥྐའི་གནོད་པ་མེད་པ་རིན་ཆེན་རི་བོའི་གཙུག་ལག་ཁང་དུ་གཟིགས་པས། སྤྱིར་སངས་རྒྱ་བ་ལ་ཐེག་པ་ཆེན་པོ་གསང་སྔགས་དགོས། །དེ་ཡང་བྱང་ཆུབ་སེམས་དཔའི་འགྲེལ་པས་བཀྲལ་བ་ཞིག་དགོས་པར་གཟིགས་ནས་དུས་ཀྱི་འཁོར་ལོ་ཚོལ་དུ་བྱོན་ནོ །ཞེས་ཟེར་བའི་ཡང་ཕྱིར་རོ། །དེ་ལྟར་ན་དུས་ཀྱི་འཁོར་ལོའི་ཚུལ་འཕགས་ཡུལ་དུ་སྔ་མོ་ཞིག་ནས་ཕེབས་པ། ཕྱིས་སྐྱེ་བོ་ཡོངས་ལ་གྲགས་པ་ནི་དུས་འཁོར་ཞབས་ཡབ་སྲས་ཀྱི་རིང་ལ་ཡིན་ནོ་ཞེས་བྱས་ན་འཐད་དོ་”⑤ཞེས་དུས་འཁོར་གྱི་བྱུང་བའི་ཐད་ལ་ཆེད་དམིགས་ཀྱིས་དཔྱད་བརྗོད་སྤེལ་གནང་བ་བཞིན་དང་། ཡར་ལུང་ཇོ་བོ་ཤཱཀྱ་རིན་ཆེན་སྡེས་ཀྱང་《ཡར་ལུང་ཇོ་བོའི་ཆོས་འབྱུང་》དུ “དེ་ལྟ་བུའི་བསྟན་པ་དེ་དུས་ཇི་ཙམ་ཞིག་གནས་སྙམ་ན། ལུང་དང་མཁས་པ་རྣམས་ཀྱི་བཞེད་པ་མི་མཐུན་པ་མང་དུ་ཡོད་ཀྱང་། གྲགས་ཆེ་བ་གཙོ་བོར་བཟུང་ནས། ཆོས་རྗེ་ས་སྐྱ་པ་ཁུ་དབོན་གྱི་བཞེད་པ་ལྟར། ལོ་ཙཱ་བ་ཆེན་པོ་བུ་སྟོན་གྱི་གསུང་ལ། ཆུ་ཕོ་ཁྱི་ལོ་ལ་བླ་མ་ཏི་ཤྲི་ཀུན་དགའ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་བོད་དུ་བསྙེན་རྫོགས་ལ་བྱོན་པའི་ལོ་ཡན་ཆད་ལ་ལོ་སུམ་སྟོང་བཞི་བརྒྱ་ལྔ་བཅུ་རྩ་ལྔ་འདས། རྩ་དྲུག་པའི་སྟེང་ན་ཡོད་ཅེས་ཆོས་འབྱུང་ནས་གསུངས་ལ། གནས་ལྔ་རིག་པའི་བླ་མ་ཆོས་རྗེ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོས། འཇམ་དབྱངས་གུ་ཤྲིའི་ཡར་ལུང་ཆོས་འཁོར་གྱི་དུས་རྩིས་པ་ན། རྒྱའི་རྒྱལ་རབས་དང་། ལིའི་རྒྱལ་རབས་དང་། རྒྱ་གར་གྱི་རྒྱལ་རབས་ལས་བྱུང་བའི་ཚུལ་གསུམ་མཆིས་པ་ལས། རྒྱ་དང་ལིའི་རྒྱལ་རབས་ལས་བྱུང་ཚུལ་ལ་མཐའ་གཅིག་ཏུ་ངེས་པ་མི་སྣང་། དེ་གཉིས་བཏང་སྙོམས་སུ་བྱས་ཏེ་རྒྱ་གར་གྱི་ལུགས་བརྗོད་ན། བླ་ཆེན་ཀུན་བློ་བསྙེན་རྫོགས་ལ་བྱོན་པའི་ཆུ་ཕོ་ཁྱི་ནས་ལོ་ལྔ་བཅུ་རྩ་གཅིག་འདས་ཤིང་། རྩ་གཉིས་ཀྱི་སྟེང་ན་ཡོད་པ་ཆུ་མོ་གླང་ལ་འཇམ་དབྱངས་གུ་ཤྲིའི་ཆོས་འཁོར་བྱས་པ་ཡར་བཅད་ལ། བསྟན་པ་ལྔ་བརྒྱ་ཕྲག་བཅུར་གནས་པའི་ལུགས་ཀྱི། ལུང་གི་དུས་གསུམ་ལས་མངོན་པ་སྤྱོད་པའི་དུས་འདས་ཏེ། མདོ་སྡེ་སྤྱོད་པའི་དུས་ལས་ལོ་གཉིས་རྫོགས་ནས་ལྷག་མ་ལོ་བཞི་བརྒྱ་གོ་བརྒྱད། འདུལ་བའི་དུས་ལྔ་བརྒྱ་ཕྲག་གཅིག་སྟེ། བསྟན་པ་མཚན་ཉིད་པ་ལོ་དགུ་བརྒྱ་གོ་བརྒྱད། རྟགས་ཙམ་འཛིན་པ་ལྔ་བརྒྱ་སྟེ། སྟོང་བཞི་བརྒྱ་གོ་བརྒྱད་སླན་ཆད་འབྱུང་བར་བཞེད་དོ། །དུས་འཁོར་ལུགས་ལ་བཞེད་པ་མི་མཐུན་པ་ཅུང་ཟད་སྣང་སྟེ། གཞན་དུ་ཤེས་པར་བྱའོ་”⑥ཞེས་བསྟན་པ་དར་ནས་ལོ་ཅི་ཙམ་སོང་བའི་ཐད་ལ་ཆེད་དམིགས་དཔྱད་པ་གནང་བ་ལྟ་བུའང་ཆེད་དམིགས་དཔྱད་བརྗོད་ཀྱི་ཁོངས་སུ་གཏོགས་པ་ཡིན།   
             གསུམ། བསྟོད་དཔྱད།   
             བསྟོད་དཔྱད་ཅེས་པ་ནི་བརྗོད་གཞི་ག་གེ་མོ་ཞིག་ལ་བསྟོད་པའི་ཆ་ནས་དཔྱད་པ་གཏོང་བ་ཞིག་ཡིན། དེ་ཡང་། རྩོམ་མཁན་རང་ཉིད་བརྗོད་གཞི་གང་དེར་བློ་མོས་ཡོད་ཅིང་དད་ཞེན་ཆེ་བའི་དབང་གིས་ཚིག་གི་ཚོགས་པ་རྒྱས་བསྡུས་ཅི་རིགས་ཀྱི་སྒོ་ནས་བསྔགས་བརྗོད་བྱེད་པ་དང་། དེར་དཔྱད་བརྗོད་ཀྱི་ནུས་པ་ཐོན་པར་བྱས་ཏེ་ཀློག་མཁན་གྱི་དང་བ་འདྲེན་པར་བྱེད་པ་ཞིག་ཡིན།   
             བསྟོད་དཔྱད་ཀྱི་སྐོར་ལ་སྤྱིར་མི་སྣའི་བསྟོད་དཔྱད་ཀྱི་རྣམ་པ་ཅུང་མང་ཞིང་། དེའང་གཙོ་བོ་རྣམ་ཐར་ལོ་རྒྱུས་ཁག་ལས་བྱུང་བ་མང་། བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁག་ནང་སྔ་རབས་ཀྱི་མངའ་ཐང་དར་བའི་ཚུལ་ལ་བསྔགས་པ་བརྗོད་པའི་གདེང་འཇོག་རང་བཞིན་གྱི་བསྟོད་དཔྱད་ཁྱད་པར་བ་སྣང་བ་དཔེར་ན། 《རྒྱལ་རབས་ཟླ་རིགས་མ་》ལས། “གདུང་རབས་དེ་ཡན་ཆོད་(ཁྲི་གཙུག་ལྡེ་བཙན་) རྗེ་དབུས་ན་བཞུགས་ན་བཀའ་ལུང་མཐར་བརྩན། རྗེ་ཁོང་བ་སྟགས་རྩེར་བཞུགས་ན་གོག་ཤོད་ལྷ་རྩེ་ལ་ཐུག་པ། ཁ་ཅེ་དྲི་སྟན་ལ་ཐུག་པ། རྒྱལ་ཡུལ་ཐུང་བཟངས་ན་ཐུག་པ། བལ་ཡུལ་ཝོ་ཙེ་ལ་ཐུག་པ། ལི་ཡུལ་འུ་རྟེན་ལ་ཐུག་པ། གློ་ཡུལ་བྲག་རྩང་ལ་ཐུག་པ། ཞང་ཞུང་ཁྱུང་ལུང་ལ་ཐུག་པ། པུ་རངས་ཡ་ཙེ་ལ་ཐུག་པ། འཛམ་བུ་གླིང་གི་སུམ་གཉིས་མངར་འདུས་ཏེ། མངའ་རིས་རྣམ་གསུམ་ལས་ནི་གསང་སྡུད། སོ་ག་བརྒྱད་ནས་ནི་དཔྱའ་འབུལ། སྣ་བུག་སྡེ་བཞི་ལས་ནི་དཀོར་ཆུ་བོའི་རྒྱུན་བཞིན་དུ་འབབ་སྟེ། རྗེའི་ཆབ་སྲིད་ནི་རྒུང་དུ་རེག འབངས་ཀྱི་སྒོ་སྲིད་ནི་གྲུ་བོ་ཆེ་དང་འདྲ་ཞིང་། མཆོད་གནས་དགེ་འདུན་དཀོན་མཆོག་རྣམས་ཀྱང་འཚོ་བ་ནི་བླ་ནས་སྦྱོར། གེ་བ་ནི་བག་ཡངས་སུ་བགྱིད། རྟ་ཡན་ཏེ་ནི་སྒ་མྱེད། བ་ཡན་ཏེ་ནི་སྣ་མྱེད། མྱི་ནི་ཉི་མས་སློང་། ཕྱུགས་ནི་ཞག་ཟླས་སྡུད། བྱེས་མྱི་ནི་གླུ་ལེན། ཡུལ་མྱི་ནི་བྲོ་རྡུང་། རྗེ་ནི་རིགས་པས་ཁོལ། འབངས་ནི་ཆུ་གང་གྱིས་བགྱིད་ཅིང་དགེ་བ་འབའ་ཞིག་སྤྱོད་དེ། མྱི་ཕྱེད་པའི་དད་པས་ནི་རྒྱ་གར་གྱི་མཁན་པོ་མཁས་བཙུན་མང་པོ་སྤྱན་དྲངས། བཟོའ་ཞིང་བརྩོན་འགྲུས་ཆེ་བས་ནི་རྒྱལ་ཁམས་སུ་ལེགས་པར་སྤེལ། །མྱི་ནུབ་པའི་རྒྱལ་མཚན་དུ་ནི་ཡིད་བཞིན་གྱི་སློབ་གྲྭ་སོ་སོར་བཙུགས་ཏེ། སྐོལ་བོད་ཀྱི་རྒྱལ་ཁམས་སྐྱིད་པའི་གཡུང་དྲུང་དུ་གདགས་བརྡལ་བས་འཛམ་བུ་དེ་བ་ཞེས་བྱ་བར་གྲགས་ཏེ། རྒྱལ་ཁམས་གཞན་གྱི་སྨོན་པའི་དཔེར་ཆེ་བར་གྱུརད་”⑦ཅེས་པ་ལྟ་བུ་ནི་བཙན་པོ་ཁྲི་གཙུག་ལྡེ་བཙན་ཡན་ཆོད་ཀྱི་བཙན་པོའི་རྒྱལ་རབས་ཀྱི་མངའ་ཐང་བསྙེམས་པའི་ཚུལ་ལ་བསྟོད་པའི་ཚིག་གིས་གདེང་འཇོག་དཔྱད་བརྗོད་བགྱིས་པ་ཞིག་ཡིན།   
             བཞི། སྐབས་བབ་དཔྱད་བརྗོད།   
             སྐབས་བབ་དཔྱད་བརྗོད་ཅེས་པ་ནི་བརྗོད་བྱའི་དོན་ཞིག་གླེང་བཞིན་པའི་མཚམས་ལ། རྩོམ་མཁན་རང་ཉིད་ཀྱི་དེ་མ་ཐག་པའི་སེམས་ཁམས་དང་མྱོང་སྣང་མཆོན་པར་བྱེད་པའི་དཔྱད་བརྗོད་སྐབས་བབ་ཏུ་སྤེལ་བ་ཞིག་ལ་ཟེར། དེ་ཡང་སྐབས་བབ་དཔྱད་བརྗོད་ནི་སྤྱིར་བཏང་བར་སྐབས་ཀྱི་ངལ་གསོ་བའི་ཚིག་ལས་ཐོན་པ་ཅུང་མང་ཞིང་། བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁག་ཏུ་འདི་འདྲའི་དཔྱད་བརྗོད་ཀྱི་རྣམ་པ་ནི་མི་ཉུང་ཙམ་ཞིག་མཆིས། ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་《དེབ་གཏེར་དྭངས་ཤེལ་འཕྲུལ་གྱི་མེ་ལོང་》ཞེས་པའི་ནང་དུ་བར་མཚམས་སུ་སྐབས་རེ་བརྗོད་མ་ཐག་པའི་དོན་ལ་དྲན་ཚུལ་སྨྲ་བའི་ཚིགས་བཅད་རེའང་སྣང་བ་ནི་རྩོམ་མཁན་རང་ཉིད་ཀྱི་ལོ་རྒྱུས་ལ་དཔྱད་པའི་སྡོམ་ཚིག་ལྟ་བུར་ངོས་འཛིན་ཡང་ཆོག་ཅིང་། མང་པོ་ཞིག་ནི་གདེང་འཇོག་རང་བཞིན་གྱི་འཆར་སྣང་བརྗོད་པ་ཞིག་ཀྱང་ཡིན། གང་ལྟར་དེབ་ཐེར་དེ་ཉིད་ལས། “ལྟར་སྣང་འབྱོར་པ་སྒེག་མོའི་བཞིན་རས་ཀྱི། །ཉེར་བསླུས་སྡུག་བསྔལ་སྲིན་གླིང་ལྷུང་འདི་སྐྱོ། །དལ་འབྱོར་དུས་བཟང་བཤེས་གཉེན་རྟ་མཆོག་ལ། །བརྟེན་ནས་བདེ་གླིང་བགྲོད་པར་ཅིས་མི་བྱེད། །བོད་ཀྱི་སྐྱེ་རྒུ་འཇིན་མའི་མེ་ལོང་ངོས། ། གུང་ཐང་བཙད་པོའི་བདེ་སྡུག་བཞིན་རས་གཟུགས། །ཇི་བཞིན་འཆར་ཞེས་རྡོ་ལ་རི་མོ་བཞིན། །སངས་རྒྱས་པད་འབྱུང་གསུང་ལ་སོམ་ཉི་ཅི། །སྔོན་དུས་གུང་ཐང་རྒྱལ་པོའི་ཁབ་ཅེས་ཀྱང་། །ད་ནི་རེ་རོའི་གྲོགས་པོ་ཉིད་དུ་ཉེ། །དྲི་མེད་རིན་ཆེན་གདུང་རབས་འཕྲེང་བ་ཡང་། །སྙན་པའི་མིང་ཙམ་ལྷག་མར་གྱུར་འདིར་སོམས། །”⑧ཞེས་གུང་ཐང་བཙན་པོའི་གདུང་རབས་དང་གུང་ཐང་རྒྱལ་པོའི་ཁབ་ཀྱི་འདས་ཟིན་བདེ་སྡུག་གི་ལོ་རྒྱུས་ནི་བོད་ཀྱི་ལོ་རྒྱུས་ཁྲོད་བསུབ་ཏུ་མེད་པ་ཞིག་ཡིན་རུང་། ད་ནི་དྲི་མེད་རིན་ཆེན་གདུང་རབས་དེ་ཉིད་རྫོགས་ཏེ་སྙན་པའི་མིང་ཙམ་ལས་ལྷག་མེད་ཚུལ་དེར་སྐབས་བབ་ཀྱི་དཔྱད་པ་བརྗོད་ཡོད་པ་ལྟ་བུའོ།    
དེ་བཞིན་《བཀའ་གདམས་གསར་རྙིང་གི་ཆོས་འབྱུང་》དུའང་སྐབས་རེ་སྨྲས་པའི་ཚུལ་དུ་མཛད་པའི་ཚིགས་བཅད་དང་རང་གི་མྱོང་སྣང་མཚོན་པའི་བར་སྐབས་ཀྱི་ཚིགས་སུ་བཅད་པ་འགའ་རེ་སྣང་བ་དེ་དག་ནི་དོན་ལ་ལོ་རྒྱུས་དཔྱད་བརྗོད་དང་འབྲེལ་ཆེ་ཞིང་རང་ཉིད་ཀྱི་ལོ་རྒྱུས་རིག་གཞུང་ལྟ་དགོངས་མཚོན་པའི་ཚིག་གལ་ཆེ་བ་ཞེ་གཅིག་ཡིན་པས། དེ་ནི་རྩོམ་མཁན་གྱི་ལོ་རྒྱུས་ལྟ་བར་དཔྱོད་པའི་དཔྱད་གཞི་གལ་ཆེན་ཞིག་ཏུ་འཁུམས།   
             ལྔ། འགོ་བརྗོད་དང་སྦྱར་བྱང་རང་བཞིན་གྱི་དཔྱད་བརྗོད།   
             口དེ་ནི་ལོ་རྒྱུས་ཡིག་ཚང་ཁག་ཏུ་ཐོག་མའི་འགོ་བརྗོད་དང་མཇུག་གི་སྦྱར་བྱང་གི་སྐབས་སུ་རྩོམ་འབྲིའི་རྣམ་པ་དང་འབྲེལ་ཡོད་གནས་ཚུལ་སྐོར་ལ་རང་གི་ལྟ་བས་བརྒྱན་ཏེ་དཔྱད་པ་བརྗོད་པ་ཞིག་ལ་ཟེར། དེ་འདྲའི་དཔྱད་བརྗོད་ཕལ་ཆེ་བ་ནི་རང་གི་བསྟན་བཅོས་དངོས་ཀྱི་འབྲི་ཐབས་དང་རིག་གཞུང་ལྟ་བ་བསྟན་པའི་ཚུལ་གྱིས་ལེགས་པར་མངོན་པ་ཡིན།   
             རྣམ་པ་དེ་ཅན་གྱི་དཔྱད་བརྗོད་ནི་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་《ཐུའུ་བཀྭན་གྲུབ་མཐའ་》རུ་སྤྱད་གནང་ཡོད་པ་དཔེར་ན། “འདི་ན་གྲུབ་མཐའ་མི་གཅིག་པ། །སོ་སོའི་རྣམ་དབྱེ་མི་ཤེས་པར། །གཞན་གྱི་ཆོས་དང་གང་ཟག་ལ། །སྡང་ཞུགས་དབང་གིས་སྨོད་བྱེད་ཅིང་། །རང་གི་གྲུབ་མཐའ་ཁྱད་འཕགས་པའི། །རྒྱུ་མཚན་ཅི་ཡང་མ་ངེས་པར། །རྨོངས་ཞེན་ཙམ་གྱིས་མཆོག་འཛིན་པ། །འགྲོ་བ་བཞི་ཡི་དབང་གྱུར་མང་། །དེ་དག་བག་ཡོད་ལ་འགོད་ཕྱིར། །འཕགས་བོད་ཙིནའི་ཡུལ་བྱུང་བའི། །གྲུབ་མཐའི་ཁུངས་དང་འདོད་ཚུལ་བཅས། །མདོ་ཙམ་འདིར་ནི་བརྗོད་བྱ་ཡི། །ཕྱོགས་ལྷུང་ལིང་ཐོག་དང་བྲལ་བའི། །གཟུ་བོའི་མིག་ལྡན་འགའ་མཆིས་ན། །ལེགས་བཤད་ཤེལ་དཀར་མེ་ལོང་དུ། །ངོ་མཚར་གཟུགས་མང་འཆར་འདི་ལྟོས། །”⑨ཞེས་པ་ལྟ་བུ་ལུས་ཀྱི་ཆ་ནས་བསྡུས་པར་འབྲི་རྒྱུ་ཡིན་པའི་དགོངས་གཞི་བསྟན་གནང་བ་རེད། དེ་འདྲ་བྱེད་པའི་དམིགས་ཡུལ་ནི། གཅིག་ནས་སྔོན་གྱི་གྲུབ་མཐའི་བསྟན་བཅོས་ཡོད་ཚད་ལ་སྤྱི་ལྡོག་ནས་ཕྱོགས་སྡོམ་རང་བཞིན་གྱིས་དབྱེ་བསྡུ་བྱ་རྒྱུ་དེ་ཡིན་པ་དང་། ཞར་ལ་ཆོས་ལུགས་ལོ་རྒྱུས་ཀྱི་ནང་དོན་ལྡན་པར་བྱས་ཏེ་ཀུན་གྱི་གཟིགས་མོར་འདྲེན་རྒྱུའི་ཆེད་རེད། དེ་བཞིན་བསྟན་བཅོས་འདིའི་མཇུག་རྫོགས་ལ་ཉེ་མཚམས་སུ། “ཞིབ་ཏུ་བྲིས་ན་ཚིག་ཚོགས་ཧ་ཅང་མང་བས་གླེགས་བམ་ཆེན་པོར་འགྱུར། །གླེགས་བམ་ཆེ་ན་མཐོང་བ་ཙམ་གྱིས་ལྟ་འདོད་སྐྱེ་བོ་སྒྱིད་ལུག་འགྱུར། །སྒྱིད་ལུག་གྱུར་ན་ཁང་ཕུག་མུན་པར་རྡུལ་ཁྲོད་གྱི་ནར་ངལ་བསོར་འགྱུར། །གྱི་ནར་ངལ་བསོའི་བསྟན་བཅོས་རྩོམ་ལས་རྒན་པོ་གྱི་ནར་ཉལ་བ་འཐད། །”⑩ཅེས་རྒྱས་བསྡུས་འཚམ་པའི་སྒོ་ནས་ལྟ་འདོད་སྐྱེ་བོ་སྒྱིད་ལུག་པར་གྱུར་ཏེ་ཀློག་མི་འདོད་པའི་བསམ་པ་མི་འབྱུང་བའི་སླད་དུ་བསྟན་བཅོས་འདི་འདྲ་མཛད་པ་ཡིན་ཚུལ་གསལ་ལ། ཡང་། “དེ་ཕྱིར་ཚིག་གི་ཡལ་འདབ་རྒྱས་མིན་ཡང་། །དོན་གྱི་སྙིང་པོའི་མེ་ཏོག་མང་བཞད་པའི། །གཏམ་གྱི་སྦྱོར་བ་ཙན་དན་ལྕུག་མའི་ཕོན། །བློ་ཆུང་བློ་ཡི་ར་བར་འཚམ་འདི་འཁྲུངས། །”⑾ཞེས་ཚིག་གི་ཚོགས་པས་སྤུད་པ་མིན་རུང་དོན་གྱི་སྙིང་པོ་འཛོམས་ཤིང་། གཏམ་གྱི་བརྗོད་པ་ལེགས་པའི་ཚིག་གིས་བཅིངས་ཏེ་ཀློག་མཁན་ཀུན་གྱི་བློར་ཆུད་ནུས་པ་ཞིག་མཛད་པ་ཡིན་ཚུལ་གསལ་བས། བསྟན་བཅོས་འདི་ནི་རྩོམ་པ་པོ་རང་ཉིད་ནས་གསུངས་པ་ནང་བཞིན་རྒྱས་བསྡུས་འཚམ་ཞིང་ཀུན་གྱི་བློ་ངོར་ངེས་བདེ་བའི་བསྟན་བཅོས་ཤིག་དང་། བོད་ཀྱི་གྲུབ་མཐའི་རྣམ་གཞག་ལ་འཇུག་པའི་ཆེས་མཆོག་ཏུ་གྱུར་བའི་བསྟན་བཅོས་ཤིག་ཡིན།   
             གཞན་ཡང་། ཡར་ལུང་ཇོ་བོ་ཤཱཀྱ་རིན་ཆེན་སྡེས་ཀྱང་ཐབས་འདི་སྤྱད་ཡོད་དེ། ཁོང་ནི་ལོ་རྒྱུས་བསྟན་བཅོས་རྩོམ་པ་ལ་གཟབ་ནན་གནང་མཁན་ཞིག་ཡིན་པས། ཁོང་གིས་མཛད་པའི་བསྟན་བཅོས་དེའི་མཇུག་བྱང་དུ་གདེང་འཇོག་དཔྱད་བརྗོད་ལྟ་བུའི་ཐོག་ནས་“ལེགས་བཤད་འདི་ནི་སྤྱི་དོན་དགོས་འབྲེལ་དང་། །མདོར་བསྟན་རྒྱས་བཤད་ཚུལ་གྱིས་འཆད་འདོད་ཀྱང་། །ལོ་རྒྱུས་ཁུངས་སྟོན་ཙམ་ཞིག་སྨོས་པ་ནི། །བདག་བློ་ཐོས་པ་དམན་པས་རབ་ཞུམ་ལ། །ཐོས་ལྡན་འགའ་ཞིག་ཏོག་གིས་རབ་མྱོས་ཀྱང་། །ཇི་བཞིན་སྨྲ་བའི་རྣམ་དཔྱོད་ཀྱིས་སྐོམ་པ། །གལ་ཏེ་སྲིད་ན་ཕྲག་དོག་བྱིན་ཟ་ཡིས། །ཡི་རང་སྲེགས་ཀྱིས་དགོས་པའང་ཡིན་ནམ་སྙམ། །”⑿ཞེས་བསྟན་བཅོས་དེ་བརྩམས་པའི་རྣམ་གཞག་དང་རང་བཞིན། ཁྱད་ཆོས་དག་བསྡུས་གསལ་གྱིས་བསྟན་གནང་ཡོད་པལྟ་བུའོ།     
             དྲུག  དཔྱད་མཆན།   
             དཔྱད་མཆན་ཞེས་པ་ནི་ལོ་རྒྱུས་སྨྲ་བ་དག་གིས་བྱེ་བྲག་ལོ་རྒྱུས་ཀྱི་སྣང་ཚུལ་སྣ་ཚོགས་ཞིབ་འབྲི་བྱེད་སྐབས། བརྗོད་དོན་ཁ་གསལ་དུ་གཏོང་བ་དང་ཁ་སྣོན་ཟུར་འདེབས་ཀྱི་ཚུལ་དུ་མཆན་འདྲ་མིན་བཏབ་སྟེ་བརྗོད་པ་ལ་ཟེར། དེ་འདྲའི་དཔྱད་བརྗོད་ལ་གཅིག་ནས་གསལ་འགྲེལ་བྱེད་པའི་ནུས་པ་ལྡན་པ་དང་། གཉིས་ནས་ཁ་སྣོན་གསབ་འབྲི་བྱེད་པའི་ནུས་པ་ཡོད་ལ། གསུམ་ནས་རང་གི་ལྟ་བ་བརྗོད་ཐུབ་པའི་ནུས་པ་ཡང་ལྡན་ཡོད།   
དཔྱད་མཆན་གྱི་སྐོར་ལ་དཔེར་ན། 《ལྷོ་རོང་ཆོས་འབྱུང་》དུ་མར་པ་ཆོས་ཀྱི་བློ་གྲོས་ཀྱི་སྐོར་གླེང་སྐབས། “ཕྱིས་དཔོན་མོ་བཙུན་མ་གཉིས་འདུག་པ་ནི་སྲས་དགེ་འདུན་དང་། བྱ་རི་འཁོར་ལོའེདི་གཉིས་གང་རུང་གེ་སྲས་མོ་ཡིན་པར་མངོན་ལ། ཕྱིས་རྔོག་མདོ་སྡེ་ལ། རྗེ་མར་པའི་སྐུ་གདུང་རྣམ་སྤྲད་口口口འདི་ཇོ་མོ་གང་རུང་གཅིག་ཡིན་ལས་ཆེ་”⒀ཞེས་འཁོད་པ་ལྟ་བུ་དང་།《བཀའ་གདམས་གསར་རྙིང་གི་ཆོས་འབྱུང་》དུ “དུས་གསུམ་མཁྱེན་པ་ནི། ......གྱ་བཞི་བཞེས་པའི་མེ་ཕོ་འབྲུག་(དེའི་འདས་ལོ་ཆུ་གླང་ལོ་ལ་ཡིན་ཤས་ཚེ)ཕག་མོ་གྲུ་པ་གཤེགས་ནས་ལོ་ཉེར་དྲུག་སོང་ལོ་དེ་ཡིན།  (འགྲིག་གམ་དཔྱད་དགོས།)”⒁ཞེས་འཁོད་པ། ཡང་《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་》ལས། “ཡེར་པའི་སྤེའུ་སེ་རུ་ན་བྱང་ཆུབ་སེམས་དཔའ་ལྷ་ལུང་དཔལ་གྱི་རྡོ་རྗེ་བསྒོམ་ཞིང་བཞུགས་པའི་དྲུང་དུ་ནམ་ཕྱེད་ན་དཔལ་གྱི་ལྷ་མོ་བྱོན་ནས། ངས་གྲོགས་བྱ་ཡི།  སྡིག་རྒྱལ་གསོད་ཟན་ཟེར་(ཁ་ཅིག་ན་རེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀླུའི་ཡུལ་ནས་གདན་དྲངས་པའི་མར་མེ་མཛད་ཀྱི་ལུགས་སྐུ་གཅིག་པཎྜི་ཏས་ཁྱེར་བྱོན་ཏེ། ཡེར་པ་ན་བཞུགས་པ་ལ་གསོལ་བ་བཏབ་ནས་ཇི་ལྟར་བྱ་དྲིས་པས་ལུང་བསྟན་པ་ཡིན་ཟེར།)དེ་རྨི་ལམ་དུ་བྱུང་བ་སྐད་”⒂ཅེས་བཀོད་ཡོད་པ་ལྟ་བུ་ཡིན།   
གཉིས་པ། ལོ་རྒྱུས་དཔྱད་བརྗོད་ཀྱི་རྩ་བའི་ཐབས་ཤེས།   
             གཅིག བསྡུར་དཔྱོད།   
             བསྡུར་དཔྱོད་ཅེས་པ་ནི་ལྟ་བའམ་ཡིག་ཚང་འདྲ་མིན་བསྡུར་ཏེ་རང་གི་ལྟ་བ་འགོད་མིན་ཅི་རིགས་ཀྱིས་དཔྱད་པ་གཏོང་བ་ལ་ཟེར་ཞིང་། དེ་ནི་ལོ་རྒྱུས་སྨྲ་བའི་དཔྱོད་ཤེས་དང་དབྱེ་ཞིབ་ཕྱོགས་བསྡོམས་ཀྱི་ནུས་པ་མཚོན་པར་བྱེད་པའི་དཔྱད་བརྗོད་ཀྱི་རྣམ་པ་ཞིག་ཡིན། བསྡུར་དཔྱོད་ནི་དཔྱད་བསྡུར་རང་བཞིན་གྱི་དཔྱད་བརྗོད་ཅིག་ཡིན་པའི་ཆ་ནས། རྩོམ་པ་པོར་ཤེས་པའི་སྟོབས་དང་མཐོང་ཐོས་མྱོང་བའི་ཉམས་མྱོང་ཕུན་སུམ་ཚོགས་པོ་དགོས་པའི་རྨང་གཞིའི་སྟེང་། རྩད་ཞིབ་འདོར་ལེན་བྱེད་པའི་ཐུན་མིན་གྱི་དཔྱད་སྟོབས་ཀྱང་དགོས་པ་ཡིན་པས། བསྡུར་དཔྱོད་ཀྱི་དཔྱད་ཐབས་བེད་སྤྱད་པའི་ལོ་རྒྱུས་སྨྲ་བ་གང་ཞིག་ལ་གཞན་དང་མི་མཚུངས་པའི་དཔྱད་ཞིབ་ཀྱི་ལག་ལེན་ཡོད་པ་ངེས་གཏན་ཡིན།   
             བསྡུར་དཔྱོད་ཀྱི་ཐབས་སྤྱད་པའི་ལོ་རྒྱུས་དཔྱད་བརྗོད་སྐོར་ལ། སྔ་རབས་བོད་ཀྱི་ལོ་རྒྱུས་ཡིག་ཚང་དག་ལས། “མེ་ལོང་མར། མང་སྲོང་དང་གུང་སྲོང་གཉིས་སྔ་ཕྱི་བཟློག་སྟེ་འབྱུང་ཡང་། བུ་སྟོན་ཆོས་འབྱུང་དུ་སྔར་བཞིན་གསུངས་པས་སྐྱོན་མེད་དོ་”⒃ཞེས་དང་། “བོད་ཀྱི་རྒྱལ་པོ་ལ་སྔ་བ་ནི་རྗེ་གཉའ་ཁྲི་བཙན་པོ་ཡིན་ཏེ། དེ་ལ་འདོད་ལུགས་ནི་མི་མཐུན་པ་མང་པོ་ཡོད་དེ། ལ་ལ་ན་རེ་སློབ་དཔོན་ཤེས་རབ་གོ་ཆས་མཛད་པའི་ལྷ་ལས་ཕུལ་དུ་བྱུང་བའི་གཏོར་མའི་འགྲེལ་པ་ན་འདི་ལྟར་བཤད་དེ། ......བོད་དུ་བྱུང་ཞིང་འཕེལ་བ་མ་ཡིན་ནོ། ལ་ལ་ན་རེ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་རྒྱུད་ལས་རབས་ལྔ་ན་སྲས་ལྔ་ཚིགས་གཅིག་མཚན་མཁན་འཁྲུལ་ནས་སྤྱུགས་པ་ལས་འཕེལ་ཟེར་བ་ཡོད། དེ་ཡང་མ་ཡིན་ཏེ་དེ་རྣམས་ལ་ཁུངས་ཐུབ་པའི་གཏན་ཚིགས་མེད་དོ། ལ་ལ་ན་རེ། འགྲོ་བ་མི་ལ་རྗེ་མེད། དུད་འགྲོ་རྔོག་ཆགས་ལ་སྐྱེན་དུ་མེད་ནས......་གནམ་རིམ་པ་བཅུ་གསུམ་གྱི་ཁ་ནས་གཉའ་ཁྲི་བཙན་པོ་བྱོན་པ་ཡིན་ཟེར། བོན་པོ་ལ་ལ་ན་རེ་སེམས་ཅན་ཡིད་སྨོན་བྱས་པ་ལས་གནམ་ནས་ལྷའི་ལྷ་བཟང་སྟེ་བར་པ་བདུན་ཚིགས། ......དེ་རྣམས་ཐམས་ཅད་མ་ཡིན་ནོ། འོ་ན་གང་ལྟར་ཡིན་ཞེ་ན། རྒྱལ་པོ་སྲོང་བཙན་སྒམ་པོའི་ཞལ་ནས་དེ་ནི་རྒྱ་གར་གྱི་བད་ས་ལའི་རྒྱལ་པོ་འཆར་བྱེད་ལ། སྲས་རྒྱལ་པོ་ཤར་བའོ། དེ་ལ་སྲས་གཉིས་བྱུང་བའི་ནུ་བོའི་རྒྱུད་ལ། བཙུན་མོ་དམ་པ་ལ་སྲས་ཤིག་བཙས་ཏེ།    ཕུ་བོ་མིག་བྱ་མིག་ལྟར་མས་ཀྱིས་ཡར་འགེབས་པ། ......འདི་ནི......་སངས་རྒྱས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས་མི་ལོ་སྟོང་ལྷག་ན་བྱོན་ཏེ། བོད་ཀྱི་རྒྱལ་པོ་ལ་སྔ་བ་རྗེ་གཉའ་ཁྲི་བཙན་པོ་ཡིན་ཏེ་”⒄ཞེས་པ་སོགས་བྱུང་བ་ལྟ་བུ་སྟེ། གཞན་ལུགས་མང་པོ་རིམ་འདེད་ཀྱིས་དགག་སྒྲུབ་དབྱེ་ཞིབ་འདོར་ལེན་གྱིས་བསྡུར་བ་བྱས་མཐར། རང་གིས་ཁས་འཆེས་པའི་ལྟ་བ་དངོས་གང་ཡིན་གསལ་བར་བཀོད་དེ་དཔྱད་སྡོམ་བཀོད་པ་ཞིག་གོ   
             《མདོ་སྨད་ཆོས་འབྱུང་》 ལྟ་བུར་མཚོན་ནའང་། བྲག་དགོན་པ་བསྟན་པ་རབ་རྒྱས་མཆོག་ནས་བསྡུར་དཔྱོད་ཀྱི་ཐབས་སྤྱད་གནང་ནས་ཁོང་རང་ཉིད་ཀྱི་ལྟ་དགོངས་མངོན་པར་མཛད་ཡོད་ལ། གནད་དོན་གཅིག་ལ་ལྟ་བ་མི་མཐུན་པ་གང་མང་བཀོད་གནང་མཐར་ཕན་ཚུན་བསྡུར་བའི་སྒོ་ནས་དཔྱད་པ་མཛད་པ་དེ་ནི་ཁོང་གི་དཔྱད་ཐབས་ཀྱི་རིགས་པ་གཙོ་གྲས་ཤིག་ཏུ་སྣང་། བསྡུར་དཔྱོད་ཀྱི་ཐབས་ལ་བརྟེན་ནས་དཔྱད་བརྗོད་བྱེད་པ་དེ་རིགས་ནི་རྩོམ་པ་པོར་འབྲེལ་ཡོད་དཔྱད་ཡིག་འཚོ་བསྡུ་དང་། དཔྱད་ཡིག་འདྲ་མིན་ལ་རྒྱུས་ལོན་གསལ་པོ་ཡོད་པའི་དན་རྟགས་ཀྱང་ཡིན། དེ་ལྟར་ལྟ་བ་མི་མཐུན་པའི་རིགས་ལ་དཔྱད་པ་གཏོང་སྐབས་རང་ཉིད་ལ་དེ་འབྲེལ་གྱི་ཤེས་བྱ་འཛོམས་པོ་ཡོད་དགོས་པ་ཕུད། རིགས་ལམ་གསལ་ཞིང་ལུང་རིགས་ཀྱི་བདེན་རྫུན་འབྱེད་པའི་ནུས་པ་ཡང་དགོས་ལ། ཕྱོགས་བསྡུས་དབྱེ་ཞིབ་ཀྱི་ནུས་པ་དང་གཏན་ཚིགས་བསམ་གཞིག་གི་ནུས་པའང་འཛོམས་པོ་ཞིག་དགོས།《མདོ་སྨད་ཆོས་འབྱུང་》དུ་འཁོད་པའི་དཔྱད་བསྡུར་རང་བཞིན་གྱི་དཔྱད་བརྗོད་ཁག་ལས་རྩོམ་པ་པོར་གོང་གསལ་གྱི་ཤེས་ནུས་དེ་དག་ལྡན་པ་རྟོགས་ཐུབ་པ་དང་། ཆོས་འབྱུང་འདི་ལས་རྩོམ་པ་པོའི་བསྡུར་དཔྱོད་ཀྱི་ཐབས་ལ་མཁས་པའི་རྣམ་དཔྱོད་གསལ་བར་མངོན་ཡོད།   
གཞན་ཡང་། 《ལྡེའུ་ཆོས་འབྱུང་》ནང་སངས་རྒྱས་ཆོས་གཞུང་གི་གཞུང་དོན་སྐོར་དང་སྟོན་པའི་མཛད་རྣམ་སྐོར་འགོད་སྐབས། རྩོམ་པ་པོས་ཐེག་ཆེན་གྱི་ལྟ་བ་དང་ཐེག་དམན་གྱི་འདོད་ཚུལ་གང་ཡིན་ཐག་བཅད་དེ་བཀོད་གནང་བའང་ངོ་བོའི་སྟེང་ནས་བརྗོད་ན་ལོ་རྒྱུས་དཔྱད་བརྗོད་ལས་བསྡུར་དཔྱོད་ཀྱི་ཐབས་ཤེས་ལ་བརྟེན་ནས་བྱུང་བ་ཞིག་སྟེ། ནང་བསྟན་གྱི་གཞུང་དོན་དང་ནང་བསྟན་འཕེལ་བའི་ལོ་རྒྱུས་ཐད་ལ་སྲོལ་རྒྱུན་ནང་བསྟན་པ་དག་གི་འདོད་ལུགས་མི་མཐུན་པ་ཞིབ་བསྡུར་གྱི་སྒོ་ནས་བསྟན་པ་ཞིག་ཏུ་མངོན་ཞིང་། དེ་ཡང་བསྡུར་དཔྱོད་གྱི་སྟབས་བདེའི་རྣམ་པ་ཞིག་གོ   
             གཉིས། དགག་སྒྲུབ་དཔྱད་བརྗོད།   
             དགག་སྒྲུབ་དཔྱད་བརྗོད་ནི་དགག་རྒྱག་གམ་ཐེར་འདོན་གྱི་རྣམ་པར་བརྟེན་ནས་སྤེལ་བའི་ལོ་རྒྱུས་དཔྱད་བརྗོད་ཀྱི་ཐབས་ལམ་ཞིག་ཡིན་ལ། རྩོམ་པ་པོའི་ལོ་རྒྱུས་ལྟ་དགོངས་གནད་དུ་འཁེལ་ཞིང་ཆགས་སྡང་གསལ་བར་མངོན་པའི་དཔྱད་སྟངས་ཤིག་ཀྱང་ཡིན། སྤྱིར་ན་ཡིག་ཚང་ཁུངས་དག་མིན་ཅི་རིགས་ལས་ལོ་རྒྱུས་གནད་དོན་ཁག་ལ་བརྗོད་སྟངས་མི་འདྲ་བ་བྱུང་བར། དག་པའི་ལུང་རྣམས་ཁུངས་སུ་བྱེད་པ་དང་། ནོར་བའི་ལུང་ཚིག་ལ་དབྱེ་ཞིབ་ཀྱིས་དགག་སྒྲུབ་འདོར་ལེན་བྱེད་པ་ནི་ལོ་རྒྱུས་སྨྲ་བས་ལོ་རྒྱུས་རྩོམ་སྐབས་ངེས་པར་སྲུང་བརྩི་ཞུ་དགོས་པའི་རྩ་དོན་ཞིག་ཡིན། གུ་གེ་མཁན་ཆེན་ངག་དབང་གྲགས་པས་མཛད་པའི་《མངའ་རིས་རྒྱལ་རབས་》 ནང་དགག་སྒྲུབ་དཔྱད་བརྗོད་ཀྱི་རིགས་མང་དུ་བཀོལ་གནང་ཡོད་དེ། “ཡི་གེ་ཁ་ཅིག་ན་ཀོང་ཇོ་སློང་བ་ལ། གེ་སར་དང་། སྟག་གཟིག་གི་གཉའོ་རྣམས་འཛོམ་ཞེས་པ་དང་། གཡུ་ཞགས་འཁོར་མ་ལ་དར་ཡུག་རྒྱུད་དུ་བཅུག་ཞེས་པ་ལ་སོགས་པ་བཀའ་ཆེམས་ལ་ཡི་གེ་མ་དག་པ་འདྲེས་པ་ཡིན་པས་དོན་མེད་པ་ཡིན་ནོ་”⒅ཞེས་ཁྲི་སྲོང་བཙན་དུས་རྒྱ་བཟའ་བོད་དུ་བསུ་སྐབས་གཏམ་རྒྱུད་འདྲ་བའི་བརྗོད་སྟངས་མི་ཉུང་ཙམ་ཞིག་བྱུང་བར།  རྩོམ་པ་པོས་དེ་རྣམས་བཀའ་ཆེམས་ལས་བྱུང་བར་ཞལ་བཞེད་མོད། འོན་ཀྱང་ཁུངས་མ་དག་པ་ཡིན་ཚུལ་གསལ་བར་གསུངས་ནས་དགག་སྒྲུབ་མཛད་ཡོད་པ་ལྟ་བུ་རེད། གཞན་ཡང་། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་《བསྟན་རྩིས་གསལ་བའི་ཉིན་བྱེད་》དུ། “རང་ལུགས་འཐད་པའི་ཕྱོགས་དང་། གཞན་གྱི་རྩོད་པ་སྤོང་བའི་སྐོར་”⒆ཞེས་ཚན་པ་གཅིག་གི་རྣམ་པས་དགག་སྒྲུབ་དཔྱད་བརྗོད་སྤེལ་གནང་བའང་ཆེས་ཚབ་མཚོན་དུ་རུང་ཞིང་། ལྷ་བླ་མ་ཡབ་སྲས་ཀྱི་སྐོར་གླེང་སྐབས། “དེབ་སྔོན་སོགས་ལས། དེའི་ཚེ་བསྟན་པ་མེད་པས་ལྷ་བླ་མ་ཡབ་སྲས་གསུམ་རང་རྟགས་རང་གིས་བླངས་ནས་དཀོན་མཆོག་གི་དྲུང་དུ་ཕུལ་ཏེ་རབ་ཏུ་བྱུང་ཞེས་བཤད་པ་ནི་མི་འཐད་པར་སེམས་ཏེ། དེའི་ཚེ་ཕྱི་དར་ས་མོ་བ་ནས་ཀྱང་ལོ་བརྒྱད་ཅུ་རྩ་བརྒྱད་ལོན་པས་བསྟན་པ་ཤིན་ཏུ་ཡོད་པའི་ཕྱིར་རོ། །དེ་བས་ན་ཁོ་བོ་ནི། དེབ་སྔོན་རང་ཉིད་ལས། ལོ་ཆེན་རིན་བཟང་ལོ་བཅུ་གསུམ་ལོན་པའི་ཚེ། མཁན་པོ་ཡེ་ཤེས་བཟང་པོ་ལས་རབ་ཏུ་བྱུང་བར་ཁོང་རང་གི་དངོས་སློབ་ཁྲི་ཐ་ཛྠནས་བཀོད་པའི་རྣམ་ཐར་ན་ཡོད་ཅེས་བཤད་པས། དེ་གཉིས་མཁན་པོ་གཅིག་པར་སེམས་ཏེ། མཁན་པོ་ཡེ་ཤེས་བཟང་པོའི་མཚན་གྱི། ཡེ་ཤེས་ཞེས་པ་དེ་ཡེ་ཤེས་འོད་ལ་སྦྱར་ཞིང་། བཟང་པོ་དེ་ལོ་ཆེན་རིན་བཟང་ལ་སྦྱར་འདུག་པའི་ཕྱིར་སྙམ་མོ་”⒇ཞེས་དཔྱད་བརྗོད་དབྱེ་ཞིབ་རྒྱས་པར་གནང་བ་ལྟ་བུའང་དགག་སྒྲུབ་དཔྱད་བརྗོད་ཀྱི་ཁོངས་སུ་གཏོགས་པ་ཡིན།   
             གསུམ། བསྔགས་ཚིག་དཔྱད་བརྗོད།   
             བསྔགས་ཚིག་དཔྱད་བརྗོད་ནི་མི་སྣ་ག་གེ་མོའམ་མཛད་འཕྲིན་གང་ཞིག་ལ་བསྔགས་བརྗོད་ཀྱི་རྣམ་པས་དཔྱད་བརྗོད་སྤེལ་བ་ལ་ཟེར། དེ་ཡང་རྩོམ་མཁན་རང་ཉིད་ཀྱིས་ཆགས་སྡང་གསལ་བའི་སྒོ་ནས་བརྗོད་ཡུལ་གང་དེར་བསྔགས་པ་མཛད་དེ་རང་ལུགས་མཚོན་པར་བྱེད་པ་ཞིག་ཡིན།   
བསྔགས་ཚིག་དཔྱད་བརྗོད་སྐོར་ལ་སྡེ་སྲིད་སངས་རྒྱམ་པས་རྒྱལ་དབང་དྲུག་པམ “ཁ་བ་ངོ་མཚར་བ་བབས་པ་གཞན་མའི་རྣམ་ཐར་ལྟར་ན་མེ་ཏོག་གི་ཆར་དུ་ངོས་བཟུང་ཆོག་པ་ཡོད་”(21)ཅེས་བསྔགས་བརྗོད་གནང་བ་ལྟ་བུ་ཡིན་ལ། པཎ་ཆེན་བསོད་ནམས་གྲགས་པས་“ཡིད་བཟང་རྩེ་བ་ནི་......ཁྱད་པར་དེབ་ཐེར་སྔོན་པོར་གྲགས་པའི་ལོ་རྒྱུས་ཆེན་མོ་འདི་གནང་བས་རྣམ་དཔྱོད་ཅན་རྣམས་ཡིད་འཕྲོག་པར་མཛད། བུ་སྟོན་རིན་པོ་ཆེ་ཞིང་གཞན་དུ་གཤེགས་ནས་བླ་མ་འདི་ལོ་རྒྱུས་ལ་མཁྱེན་པ་རྒྱས་སམ་སྙམ་” (22)ཞེས་འགོས་ལོ་གཞོན་ནུ་དཔལ་ལ་གདེང་འཇོག་བསྔགས་ཚིག་གིས་དཔྱད་བརྗོད་སྤེལ་བ་ལྟ་བུ་དང་། ཡང་ཁོང་གིས། “མཚལ་པ་སི་ཏུ་དགེ་བའི་བློ་གྲོས་དེ། །འཇིག་རྟེན་གཞན་ན་དེ་འདྲ་སུ་ཞིག་གདུང་། །རྒྱལ་རབས་དེབ་ཐེར་སྒྲིག་ལ་མཁས་པ་ཡི། །བྱེད་པ་གཉིས་པ་ཡོད་དོ་ཤེས་པར་གྱིས། །རིགས་གཟུགས་ནོར་གྱིས་བརྒྱན་པ་མང་ན་ཡང་། །འདི་ལྟའི་ལེགས་བཤད་བྱེད་པོ་དཀོན་པ་ལས། །ལོ་རྒྱུས་གཏམ་ལ་ཆགས་པ་མ་སེམས་པར། །ནོར་བུས་ནམ་མཁའ་བཀང་ནས་མཆོད་ཀྱང་རུང་། །” (23)ཞེས་ཚལ་པ་སི་ཏུ་དགེ་བའི་བློ་གྲོས་མཆོག་ལ་ལོ་རྒྱུས་རིག་གཞུང་ངོས་ནས་བསྔགས་བརྗོད་ཀྱིས་གདེང་འཇོག་མཛད་དེ་ཁོང་གི་ལོ་རྒྱུས་རིག་པའི་ཕྱག་རྗེས་དང་ཁྱད་ཆོས་ལ་ཚད་མཐོ་བའི་གདེང་འཇོག་གནང་ཡོད་པ་ལྟ་བུ་ཡིན་ནོ།   
             བཞི། ཁུངས་འདེད་དཔྱད་བརྗོད།   
             ཁུངས་འདེད་དཔྱད་བརྗོད་ཀྱི་རིགས་ནི་ལུང་ཁུངས་དེད་དེ་ཚིག་ཤུགས་ནས་དཔྱད་སྡོམ་བཀོད་པ་ཞིག་ཡིན་ཞིང་། ལོ་རྒྱུས་རྩོམ་པ་པོས་སྔ་རབས་མཁས་པ་གང་ཞིག་གི་ལུང་ཉིད་ཁུངས་སུ་བྱས་པའི་རྨང་གཞིའི་སྟེང་། རིགས་ལམ་ཁྱད་པར་བར་བརྟེན་ནས་ཁུངས་འདེད་རྩད་ཞིབ་ཀྱིས་རང་གི་བརྗོད་འདོད་ལྟ་བ་གསལ་འདོན་བྱས་པ་ཞིག་ཡིན། ཁུངས་འདེད་རྩད་ཞིབ་སྐོར་ལ་སྤྱིར་རིགས་གཉིས་ཡོད་པ་སྟེ། གཅིག་ནི་གཞན་གྱི་ལུང་ལ་ཁུངས་དེད་དེ་ཁུངས་མ་ཡིན་མིན་རྩད་ཞིབ་བྱེད་པ་དང་། གཉིས་ནི་གཞན་གྱི་ལུང་ཁུངས་ཚད་མར་བྱས་ཏེ་བརྗོད་གཞི་གང་ཞིག་གཏན་ལ་དབབ་པ་བཅས་ཡིན།  
             ཁུངས་འདེད་དཔྱད་བརྗོད་ཀྱི་སྐོར་ལ་སྤ་བསྟན་རྒྱལ་བཟང་པོའི་《བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་》གུ “མུ་ཁྲི་བཙན་པོ་ནི། སྟོང་དང་བརྒྱའི་མཚམས་ཙམ་དུ།  ཨོ་རྒྱན་གྱི་རྒྱལ་རིགས་གཅིག་ཡིན་པར་མངོན་ཏེ། བྱེ་མ་གཡུང་དྲུང་ལྷ་ཡུལ་དང་། །ལྷ་རི་གྱང་མ་གྱང་དོ་སྟེ། །ཨོ་རྒྱན་ཡུལ་ཡོད་པར། ཐེག་པ་རིམ་མངོན་དུ་བཤད་པ་མདོ་ལས་བཤད་དོ། །མུ་ཁྲིའི་སློབ་དཔོན་བོན་མོ་སྟག་ཝེར་ལི་ཝེར་ཀྱང་། མཛད་པ་དྲུག་ཅུའི་མདོ་དང་། རྣམ་དག་གཉིས་ཀར་མཐུན་པར། གཤེན་རབ་དང་དུས་མཉམ་པར་བཤད་དོ་” (24)ཞེས་པ་ལྟ་བུ་ཐོག་མར་རང་གི་འདོད་ཚུལ་གང་ཡིན་སྤྱི་བམ་གྱིས་བསྟན་རྗེས།  གཞན་གྱི་ལུང་ཚིག་གཙང་མ་སྤྱད་དེ་བསྒྲུབས་པ་ལྟ་བུ་ཡིན་པ་དང་། བྲག་དགོན་པས་《མདོ་སྨད་ཆོས་འབྱུང་》དུ “བླ་མ་དོན་གྲུབ་རིན་ཆེན་ཟེར་བའི་སྐུ་འདྲ་དང་། དེ་ལ་གོང་མ་ཡུང་ལོས་གནང་བའི་ཐམ་ཀ་བཀའ་ཤོག་བཅས་བཞུགས་པ་ཆོས་རྗེ་དོན་རིན་པ་ཡིན་ནམ་བརྟག རྣམ་ཐར་དད་པའི་འཇུག་ངོགས་སུ་ཤིང་ཀུན་སྡེ་གསར་གྱི་མཁན་པོ་མཛད་ཅེས་གསུངས་པ་ལྟར་ན་ཞིན་ཟི་ཟེར་བ་ཡིན་དགོས་སོ་”(25)ཞེས་ཆེད་དུ་ཁུངས་འདེད་རྣམ་པར་བརྟེན་ནས་དཔྱད་བརྗོད་མཛད་པ་ལྟ་བུ་སྟེ། ཐོག་མར་བརྗོད་གཞི་གང་དེར་དོགས་སློང་མཛད་པ་དང་། དེ་རྗེས་དཔྱད་གཞིའི་ཁུངས་བཙལ་འཚོལ་གྱིས་དེར་འདི་བཞིན་འདུག་ཅེས་ཐག་གཅོད་གནང་སྟེ་དཔྱད་སྡོམ་བཀོད་པ་བཞིན་ནོ།  
             ལྔ། བརྡར་གཅོད་དཔྱད་བརྗོད།   
             བརྡར་གཅོད་དཔྱད་བརྗོད་ཅེས་པ་ནི་དོན་གང་ཞིག་བདེན་པར་སྒྲུབ་ཆེད་བརྗོད་གཞིར་བརྡར་ཤ་བཅད་པའི་རྨང་གཞིའི་སྟེང་དཔྱད་བརྗོད་སྤེལ་བ་ལ་བྱ་སྟེ། བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁག་ཏུ “དཔལ་འཁོར་བཙན་གྱིས་རྒྱལ་སྲིད་བཟུང་ནས་ལོ་བཅུ་བཞི་ལོན་པའི་ས་ཕོ་སྟག་གི་ཚེ། རབ་བྱུང་བསྙེན་རྫོགས་སོགས་ལས་ཀྱི་ཆོ་ག་དང་། ཀློག་པ་ཐོས་བསམ་གྱི་མགོ་ཚུགས་པས་ཕྱི་དར་གྱི་དབུ་བརྙེས་སོ་ཞེས་ཁོ་བོ་སྨྲ་” (26)ཞེས་པ་ལྟ་བུ་དང་། “འགའ་ཞིག་ཏུ་ཀླུ་སྒྲུབ་འདས་ནས་ལོ་བཞི་བརྒྱ་ན་ཟླ་གྲགས་འཁྲུངས། བཞི་བརྒྱར་བཞུགས་ཞེས་པ་ལ་ཕྱེད་ལྷག་པ་དང་། བཀའ་གདམས་པ་ཀུན་ཀླུ་སྒྲུབ་རང་གི་སློབ་མ་ཟླ་གྲགས། དེས་ལོ་བཞི་བརྒྱ། དེའི་སློབ་མ་རིག་པའི་ཁུ་བྱུག དེས་ལོ་སུམ་བརྒྱ། དེའི་སློབ་མ་ཇོ་བོ་ཡིན་པར་བཞེད་དེ། ཕྱི་མ་འདི་ལ་ལོ་གྲངས་ཉིས་བརྒྱས་ཉུང་བའི་སྐྱོན་སྣང་” (27)ཞེས་དང་། “ཤེལ་དཀར་གྱི་མཁན་པོའི་ཐོག་མར་དཔང་ལོས་མཛད་པ་སྔོན་དུ་གྲགས་ཤིང་རིག་པས་ཀྱང་འཐད་པར་རྟོགས་” (28)ཞེས་གསུངས་པ་ལྟ་བུ་དོན་གང་བརྗོད་པར་བྱ་བའི་གནད་ལ་རང་ལུགས་གསལ་བའི་སྒོ་ནས་བརྡར་གཅོད་མཐའ་སྡོམ་བཀོད་པ་ཞིག་ཡིན།   
             དྲུག འདོར་ལེན་དཔྱད་བརྗོད།  
             འདོར་ལེན་དཔྱད་བརྗོད་ཅེས་པ་ནི་སྤྱིར་ན་དབྱེ་ཞིབ་དཔྱད་བརྗོད་ལ་བརྟེན་ནས་སྤེལ་བ་ཞིག་ཡིན། དེ་ཡང་ལོ་རྒྱུས་ཀྱི་གནད་དོན་གང་ཞིག་བརྗོད་གཞིར་བཟུང་རྗེས། དེར་ལུང་དང་རིགས་པ་སྣ་ཚོགས་ཀྱིས་དབྱེ་ཞིབ་དཔྱད་པ་ལུ་གུ་རྒྱུད་དུ་བྱས་ཏེ་རང་ལུགས་ཟུར་དུ་འདོན་པ་ཞིག་ཡིན།   
             དེ་ཡང་“དེ་ལྟར་རྫོགས་པའི་སངས་རྒྱས་དགུ་ཡ་ཐོག་ཏུ་བྱོན་ལ། བརྒྱད་ཁྲི་ཆགས་ནས་བརྒྱའི་བར་ལ་འབྱོན་ཏེ། ཚེ་ལུས་ལོངས་སྤྱོད་ཇེ་འགྲིབ་ཏུ་སོང་བས། གདུལ་བྱ་རྣམས་ལ་སྐྱོ་ཤས་སྐྱེ། དེ་སྐྱེས་པའི་ལམ་ལ་གཟུད་པར་ནུས་ཏེ། སངས་རྒྱས་འབྱོན་པའི་དགོངས་པ་ཡང་དེའོ། །ནམ་མཁའ་སེམས་ཀྱི་མཛོད་ལས། མ་རིག་འགྲིབ་པ་བརྒྱའི་བར་ལ་དེ་དག་འབྱུང་། ཞེས་སོ། །བརྒྱ་མན་དུ་འབྱུང་སྟེ། དགེ་བ་སྤྱོད་པའི་སྐལ་བ་མེད་ལ། ཚེ་དང་སེམས་ཅན་དང་ཉོན་མོངས་པ་དང་། ལྟ་བ་དང་དུས་དང་སྙིགས་མ་ལྔ་བདོ་བས་སོ། །བརྒྱད་ཁྲི་བས་སྔ་བར་ཡང་མི་འབྱོན་ཏེ། སྐྱོ་ཤས་ཆུང་བས་དགེ་བ་དོན་དུ་མི་གཉེར་བའོ། །ཡར་འཕེལ་གྱི་བརྒྱ་མན་དུ་འབྱུང་ལ། དེ་ཡན་དུ་མི་བྱོན་ཏེ། བསོད་ནམས་ཇེ་འཕེལ་སོང་བས། སྐྱོ་ཤས་མི་སྐྱེ། དེ་ལ་སྐྱེས་པས་འདུལ་བར་མི་ནུས་སོ་ཞེ་ན། དེ་ལྟར་མ་ངེས་ལ། བརྒྱད་ཁྲིའི་གོང་དུ་ཡང་སངས་རྒྱས་འབྱུང་སྟེ། དཔག་མེད་དང་འབུམ་པར་སྟོན་པ་འབྱོན་པས་སོ་ཞེ་ན། གཡུང་དྲུང་ཁྱིམ་བདུན་ནི་རྨ་མི་གྲོང་བདུན་ཏེ། སྤྱིར་མི་རིགས་ཙམ་དུ་བརྗོད་པར་ཟད་ལ། འཛམ་གླིང་པའི་དཔག་མེད་ལ་སྟོན་པ་བྱོན་པ་ལ་དགོས་པ་མེད་དེ། ཁྲི་མན་གྱིས་འབུམ་ལྟར་སྐྱོ་ཤས་མེད་པའོ །འབུམ་པའི་དུས་སུ་སྟོན་པ་འབྱོན་པ་དང་འགལ་བ་མེད་དེ། སངས་པོའི་རིང་ལ་སྣང་མུན་གྱིདོས་འཛུགས་བྱུང་བའོ། །......དེ་དག་ཀྱང་བསྐལ་བཟང་འདིའི་རྣམ་གཞག་ལ་དགོངས་ལ་གཞན་དུ་མི་ངེས་པའོ་” (29)ཞེས་པ་ལྟ་བུ་སྟེ། ཡིག་ཚང་ཁུངས་བཙུན་ལ་གཞི་བཅོལ་ཞིང་རིགས་ལམ་ཁྱད་པར་བས་ཟུར་བརྒྱན་ཏེ་རང་ལུགས་འཐད་ལྡན་དུ་བྱས་ནས་དབྱེ་ཞིབ་དཔྱད་པ་སྤེལ་བ་ལྟ་བུ་ཡིན། ཡང་། “བོད་ཀྱི་ལོ་རྒྱུས་ལྟར་ན། ཐེག་པ་ཆེན་པོའི་ཆོས་མཐའ་དག་གཟིགས་ནས། སྐུ་མཆེད་ཆོས་ཀྱི་བགྲོ་གླེང་མཛད་པའི་ཚེ་གཅུང་སྤོབས་པ་མྱུར་ཞིང་། གཅེན་སྤོབས་པ་མི་མྱུར་ཡང་ལན་བཟང་པོ་བྱུང་བས་རྒྱུ་མཚན་དྲིས་པས། ཡི་དམ་ལ་དྲིས་ནས་ལན་འདེབས་གསུངས། གཅུང་གིས་ཀྱང་ཞལ་སྟོན་པར་ཞུས་པས། ད་རེས་སྐལ་བ་མེད་གསུངས་ནས་སྡིག་སྦྱོང་གི་ཐབས་བསྟན་ཞེས་གྲགས་མོད་ཀྱང་རྒྱ་གར་བའི་ངག་སྒྲོས་ཇི་བཞིན་དུ་མི་སྣང་ཞིང་། རིག་པས་ཀྱང་མི་འཐད་པར་མངོན་ཏེ། འཕགས་པ་ཐོགས་མེད་ལ་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་གསན་ནས། བླ་མ་ལ་རྩོད་པ་བྱེད་པ་དང་། བླ་མ་ལ་མ་ཞུས་པར་དཔེ་བལྟས་ནས་རྩལ་བཤད་བྱེད་པ་གཉིས་ཀར་ཡང་སྔོན་དུས་བཟང་པོའི་སྐྱེས་བུ་དམ་པ་རྣམས་ཀྱི་སྤྱོད་པ་ལ་མེད་ཅིང་། འདུས་བཟང་ལ་ཡང་སློབ་དཔོན་དང་རྩོད་པ་མི་བྱེད་ཅེས་གསུངས་པར་འདོད་བཞིན་དུ་འཕགས་པ་ཐོགས་མེད་ལ་རྩོད་པར་འདོད་པ་ག་ལ་འཐད། ཐོགས་མེད་ཀྱིས་བྱམས་པ་ལས་ལུང་བླངས་པ་ཐམས་ཅད་ལ་གྲགས་བཞིན། དབྱིག་གཉེན་གྱིས་དེ་ལྟར་མ་མཁྱེན་པར་དྲིས་པའི་ཚུལ་དང་། ཡི་དམ་གྱི་ལྷ་ཞིག་ལ་ཞུའོ་ཞེས་ཐོགས་མེད་ཀྱིས་ཀྱང་གཅུང་ལ་སྦས་ཚུལ་དུ་གསུངས་པ་དེ་ཀུན་འཐད་ཀྱང་མི་འདྲའོ་”(30)ཞེས་སློབ་དཔོན་དབྱིག་གཉེན་སྐོར་ལ་བཤད་ལུགས་འདྲ་མིན་སྣང་བར་དབྱེ་ཞིབ་ཀྱིས་དཔྱད་བརྗོད་ཟབ་མོ་སྤེལ་བ་བཞིན་ནོ།   
             གཞན་ཡང་། ལོ་རྒྱུས་ཞིབ་བརྗོད་བྱེད་པ་འདི་བལྟས་མ་ཐག་དབྱེ་ཞིབ་དང་འབྲེལ་མེད་ལྟ་བུར་སྣང་ཡང་། དོན་ལ་དེ་ལྟར་མ་ཡིན་ཏེ། ཞིབ་བརྗོད་བྱས་རིགས་ཀྱི་དོན་གང་ཡིན་རུང་རྩོམ་པ་པོས་བསམ་བློ་སྔོན་དུ་བཏང་སྟེ་དབྱེ་ཞིབ་འདོར་ལེན་བྱས་པའི་རྨང་གཞིའི་སྟེང་བྲིས་པ་ཞིག་ཡིན་པས། ཞིབ་བརྗོད་བྱེད་སྟངས་འདི་མ་གཞི་ནས་དབྱེ་ཞིབ་འདོར་ལེན་དང་དཔྱད་བརྗོད་ལ་འབྲེལ་བ་ཡོད་པ་ཞིག་ཡིན།(31)  
             བདུན། དོགས་སློང་དཔྱད་བརྗོད།   
             དོགས་སློང་དཔྱད་བརྗོད་ཅེས་པ་ནི་བརྗོད་གཞི་ཞིག་ཐག་གིས་མ་ཆོད་ཅིང་བརྡར་ཤ་གཅོད་དཀའ་བའི་རིགས་ལ། ལོ་རྒྱུས་སྨྲ་བ་དག་གིས་རྒྱུན་པར་ཐེ་ཚོམ་ཅན་གྱི་དཔྱད་གཞི་འགོད་པའམ། དོགས་སློང་གི་རྣམ་པས་དཔྱད་བརྗོད་སྤེལ་བ་ལ་ཟེར། དེ་ནི་སྤྱིར་བཏང་རྩོད་གཞིར་གྱུར་བའི་རིགས་ལ་སྤྱོད་པ་མང་ཞིང་། དོགས་སློང་དཔྱད་བརྗོད་ལ་རྩོམ་མཁན་གྱིས་རང་ལུགས་ཤུགས་ནས་འདོན་པ་ཡོད་ལ། བརྗོད་གཞི་གང་དེར་དཔྱད་གཞི་འདོན་པ་ཡང་མཆིས།   
             དོགས་སློང་དཔྱད་བརྗོད་ཀྱི་རིགས་ནི་བོད་ཀྱི་གནའ་རབས་ལོ་རྒྱུས་ཡིག་ཚང་ཁག་ཏུ་འབོར་ཆེན་མཐོང་རྒྱུ་ཡོད་ཅིང་། དེས་བོད་ཀྱི་ལོ་རྒྱུས་དཔྱད་བརྗོད་ཀྱི་མ་ལག་འགྲུབ་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད། དོགས་སློང་དཔྱད་བརྗོད་ནི་སྤྱིར་ན་ཐེ་ཚོམ་གྱི་རྣམ་པའི་ཐོག་ནས་སྤེལ་བ་ཡིན་པ་དཔེར་ན།“ནཱ་རོ་པ་ཞེས་པ་ནི་བོད་སྐད་དུ་བསྒྱུར་ན་མིའི་མཆོག་ཟེར་བས། རྒྱལ་རིགས་སམ་བྲམ་ཟེའི་རིགས་ཆེ་བ་རྣམས་འཐུས་པ་ལ་བཤད་ཅིང་། དཀའ་སྤྱད་ཀྱི་སྐབས་སུ་གསང་གནས་རྡོ་རྗེས་བརྡུངས་པའི་ལོ་རྒྱུས་འདུག་པས་གང་ཡིན་དཔྱད་དགོས་སོ་” (32)ཞེས་པ་དང་། “གསང་བ་གྲུབ་པའི་མཛད་པ་པོ་པདྨ་རྡོ་རྗེ་ཞེས་བྱ་བ་ཡང་ཞིང་པ་པདྨ་རྡོ་རྗེ་བྱ་བ་ཉིད་ཡིན་པ་འདྲའོ (33)ཞེས་པ་ལྟ་བུས་མཚོན་ནོ།   
             བརྒྱད། ཐད་ཀར་དཔྱད་སྡོམ་འགོད་པ།   
             སྤྱིར་ན་ལོ་རྒྱུས་དཔྱད་བརྗོད་ནི་གཙོ་བོ་དཔྱད་པ་སྔོན་དུ་སོང་བ་ཞིག་ཡིན་པ་སྨོས་མི་དགོས་རུང་། སྐབས་རེ་ལོ་རྒྱུས་སྨྲ་བས་ཐད་ཀར་གཞན་གྱི་བཤད་ཚུལ་ལ་ཁས་མི་འཆེས་པ་དག་སྡོམ་ཚིག་གི་ཚུལ་གྱིས་རང་གི་སྐད་ཆས་བརྗོད་པ་མང་། དེ་དག་བལྟས་མ་ཐག་ལོ་རྒྱུས་དཔྱད་བརྗོད་དུ་མི་འགྲོ་བ་ལྟར་སྣང་ཡང་། དོན་ལ་རྩོམ་པ་པོས་དཔྱད་པ་སྔོན་དུ་སོང་བའི་རྨང་གཞིའི་སྟེང་། སྒྲུབ་རིམ་མ་བཀོད་པར་དོན་གྱི་འབྲས་བུ་ཁོ་ན་ཐད་ཀར་བཀོད་པ་ཞིག་ཡིན་པས། དེ་རིགས་ཀྱང་ལོ་རྒྱུས་དཔྱད་བརྗོད་ཀྱི་གྲས་སུ་འཇོག་པ་ནི་དེང་གི་ལོ་རྒྱུས་རིག་པའི་ཐུན་མོང་གི་ལྟ་ཚུལ་ཞིག་ཡིན། ཐད་ཀར་དཔྱད་སྡོམ་འགོད་ཚུལ་དཔེར་ན། “ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་ཆོས་ཀྱི་དབུ་བརྙེས་པ་ནི། ཆོས་ཀྱི་གླེགས་བམ་ཙམ་བྱུང་བ་ཡིན་གྱི། བྲི་བ་དང་བཀླག་པ་དང་འཆད་པ་སོགས་ནི་མེད་དོ་” (34)ཞེས་པ་ལྟ་བུས་མཚོན་ཞིང་། དེ་ནི་གཙོ་བོ་རང་ལུགས་འགོད་པའི་རྣམ་པ་ཁྱད་པར་བ་ཞིག་ཡིན།   
             དགུ། དཔྱད་གཞི་འགོད་པ།   
             དཔྱད་གཞི་འགོད་པ་ཅེས་པ་ནི་གཙོ་བོ་གཞན་ལུགས་ཀྱི་ཁུངས་ཐད་ཀར་དཔྱད་གཞིར་འདྲེན་པ་དང་། གཞན་གྱི་ཟེར་སྒྲོས་དང་འདོད་ཚུལ་སྣ་ཚོགས་ལའང་རང་ལུགས་མི་འགོད་པར་ཐད་ཀར་ཀློག་མཁན་གྱི་བློ་སྒོ་འབྱེད་བྱེད་དུ་དཔྱད་གཞིར་འགོད་པར་ཟེར།   དཔྱད་གཞི་འགོད་པ་དཔེར་ན། 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ་》ལས། “རི་བོ་གངས་ཆེན་ཡང་སྟག་གཟིག་ན་ཡོད་པར་གསུངས་ལ། རྫུ་འཕྲུལ་དང་མི་ལྡན་པ་གནས་དེར་བགྲོད་བྱ་མིན་ཞེས་བཤད་དེ། ད་ལྟའི་ཏི་སེ་འདི་ས་སྐྱ་པཎ་ཆེན་ན་རེ།  སྤྲེའུའི་རྒྱལ་པོ་ཧ་ནུ་མ་དྷས་སྟག་གཟིག་ཡུལ་གྱི། གངས་ཏི་སེ་ནས་ཚལ་གཅིག་བཅད་ནས་ལག་པས་ཁྱེར་བ། བོད་ཡུལ་དུ་འཕང་བ་ལས་གྲུབ་པར་བཤད་དོ་” (35)ཞེས་བཀོད་པ་ལྟ་བུ་དང་། 《ཉི་མའི་རིགས་ཀྱི་རྒྱལ་རབས་》ལག “རྣམ་ཐར་ཁ་གཅིག་ཏུ། པད་མ་བོད་དུ་ལོ་བཅུ་གསུམ་བཞུགས་ཟེར། ཁ་༡་ཏུ་ཟླ་བ་བཅོ་བརྒྱད་བཞུགས་ཟེར་” (36)ཞེས་བཀོད་པ་ལྟ་བུ་སྟེ། བརྗོད་གཞི་གང་དེར་གཞན་གྱི་འདོད་ལུགས་གང་ཡོད་ཇི་བཞིན་བཀོད་པ་ལས་དཔྱད་སྡོམ་མི་སྤེལ་བ་ཞིག་ཡིན།   
             བཅུ། འགྲེལ་བརྗོད་རང་བཞིན་གྱི་དཔྱད་བརྗོད།  
             འགྲེལ་བརྗོད་རང་བཞིན་གྱི་དཔྱད་བརྗོད་ཀྱི་ཁྱད་ཆོས་གཙོ་བོ་ནི། བརྗོད་གཞི་འདེམས་པའི་རྗེས་ལ་དབྱེ་ཞིབ་རྩད་དཔྱོད་མི་གཏོང་བར། བརྗོད་གཞི་གཙོ་བོ་དེ་གསལ་པོ་ཡོང་ཆེད་འགྲེལ་བརྗོད་ཀྱི་རྣམ་པས་ཇེ་རྒྱས་ཇེ་གསལ་དུ་གཏོང་བ་ཞིག་ཡིན། སྤྱིར་ན། འགྲེལ་བརྗོད་རང་བཞིན་གྱི་དཔྱད་བརྗོད་ནི་ལོ་རྒྱུས་ཀྱི་གནད་དོན་དུ་གྱུར་བའི་བརྡ་ཆད་གཙོ་བོ་དང་། དོན་རྐྱེན་གལ་ཆེན། མི་སྣ་གཙོ་བོ་སོགས་ལ་དཔྱད་བརྗོད་སྤེལ་སྟངས་ཤིག་ཡིན་ལ། གསལ་འགྲེལ་གྱིས་ནུས་པ་གཙོ་བོར་འདོན་པའི་དཔྱད་བརྗོད་བྱེད་སྟངས་ཤིག་ལགས།   
             བོད་ཀྱི་ལོ་རྒྱུས་ཡིག་ཚང་དག་ལས། “སྐྱིད་པའི་རྒྱལ་རབས་ཕྱེད་དང་བཅུ་གསུམ་གྱི་ཕྱེད་མ་དེ། ཁྲི་སྲོང་ལྡེ་བཙན་གྱི་སྲས་ལྷ་སྲས་མུ་ནེ་བཙན་པོས་རྒྱལ་ས་ལོ་གཉིས་གཟུང་བ་དེ་ལ་ཟེར་རོ་” (37)ཞེས་པ་ལྟ་བུ་དང་། “བི་མ་ལ་མི་ཏྲ་སྔ་ཕྱི་གཉིས་བྱུང་བ་སྔོན་གྱི་ཡི་གེ་དག་ལ་སྣང་སྟེ། སྔ་མ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བྱུང་བ། རབ་ཏུ་བྱུང་བའི་ཆ་བྱད་དུ་མེད་པར་རྣལ་འབྱོར་པའི་ཆ་བྱད་དུ་ཡོད་པས། རྒྱལ་བློན་རྣམས་ཕྱི་པ་དང་ནང་པ་གང་ཡིན་ཐེ་ཚོམ་ཟ་ཞིང་རྣམ་སྣང་གི་ལྡེར་ཚོ་ལ་ཕྱག་བྱས་གུས་པས་ཀྱང་ཐེ་ཚོམ་ཟོས་པའི་གཏམ་སྣང་ཞིང་། ......བི་མ་ལ་མི་ཏྲ་ཕྱི་མ་ནི་སོ་སོར་ཐར་པའི་རྒྱ་ཆེར་འགྲེལ་པ་བམ་པོ་ལྔ་བཅུ་པ་མཛད་པ་པོ་སྟེ། རྟེན་ཡང་དགེ་སློང་དུ་འཐད་དོ་” (38)ཞེས་བྱུང་བ་ལྟ་བུ་དང་། “ཉི་མའི་འོད་ཟེར་གྱིས་སྨིན་ནས་སྐྱེས་པས་ན། ཉི་མིའི་རིགས་ཞེས་བྱ་བ་དང་། གོའུ་ཏ་མའི་བུ་ཡིན་པས་གོའུ་ཏ་མ་ཞེས་དང་” (39)ཞེས་བྱུང་བ་ལྟ་བུ་ནི་འགྲེལ་བརྗོད་རང་བཞིན་གྱི་དཔྱད་བརྗོད་ཡིན་ཏེ། བརྗོད་གཞིའི་དོན་དེར་རྒྱས་བཤད་ལྟ་བུས་འགྲེལ་པ་བྱས་པ་ཞིག་ཡིན་པའི་ཕྱིར།   
             བཅུ་གཅིག འཁྲུལ་སེལ་དཔྱད་བརྗོད།   
             ལོ་རྒྱུས་གནད་དོན་ཁག་གཅིག་ལ་ལུང་རིགས་ཀྱི་སྒྲུབ་བྱེད་མ་འདང་བར་འཁྱོག་པོར་བརྗོད་པ་ཡོད་པས། དེ་རིགས་ལ་གནའ་རབས་ལོ་རྒྱུས་སྨྲ་བ་དག་གིས་ཚིག་སྣ་རྒྱས་བསྡུས་ཅི་རིགས་ཀྱིས་འཁྲུལ་སེལ་ཐེར་འདོན་བྱས་ཏེ། རང་ལུགས་མངོན་པར་གསལ་བའི་སྒོ་ནས་དཔྱད་བརྗོད་སྤེལ་སྲོལ་ཡོད། འཁྲུལ་སེལ་དཔྱད་བརྗོད་ཀྱི་རིགས་དེ་ནི་ལོ་རྒྱུས་དཔྱད་བརྗོད་ཀྱི་རྣམ་པ་གཙོ་བོ་ཞིག་ཡིན་ཞིང་། ལོ་རྒྱུས་སྨྲ་བའི་དཔྱད་སྟོབས་མངོན་བྱེད་ཀྱི་ཐབས་གཙོ་བོ་ཞིག་ཀྱང་ཡིན། འཁྲུལ་སེལ་དཔྱད་བརྗོད་ཀྱི་སྡོམ་ཚིག་ཡོད་ཚད་ཡང་དག་ཡིན་པའི་ངེས་པ་མེད་ནའང་། འཁྲུལ་སེལ་དཔྱད་བརྗོད་སྤེལ་མཁན་གྱི་ལོ་རྒྱུས་རྩོམ་པ་པོས་རང་གི་ལྟ་བའི་ཐད་ནས་དགག་རྒྱག་དག་སེལ་བགྱིས་པ་ཞིག་ཡིན་པར་བརྟེན། དེའི་དཔྱད་བརྗོད་ཀྱི་རང་བཞིན་ལ་གཞི་རྐང་ནས་ཚན་རིག་གི་ཆ་ལྡན་ཡོད།  
             འཁྲུལ་སེལ་དཔྱད་བརྗོད་ཀྱི་སྐོར་ལ། “ཁ་ཅིག་བོད་ཡིག་སྲོང་བཙན་སྒམ་པོའི་རིང་ལ། ལོ་ཙཱ་བ་ཐོན་མི་སམ་བྷོ་ཊས། རྒྱ་གར་གྱི་ཡི་གེ་ལ་ཅ་ཆ་ཇ་གསུམ། ཞ་ཟ་འ་གསུམ་དྲུག་མེད་པ་ལས། ཟ་ཧོར་ལ་སོགས་ནས་བཙལ་ཟེར་བ་ནི། བཞད་གད་ཀྱི་གནས་ཡིན་ཏེ། བོད་ཡུལ་ན་སྟོན་པའི་བོན་ཡོད་པ་ལ། ཡིག་འབྲུ་དེ་དྲུག་བོན་ལ་མེད་པ་ཡིན་ནམ། ཡོད་ན་གཞན་ནས་བཙལ་མི་དགོས་སོ་”(40)ཞེས་བྱུང་བ་ལྟ་བུ་དང་། ཡང་། “དགེ་བཤེས་དོལ་བ་ནི། ......དེ་ལ་སྲས་ལྷ་འབྲི་སྒང་པ། དོན་སྡེངས་པ་ཆེན་པོ། ཕག་མོ་གྲུ་པ་སོགས་མཐའ་ཡས་པ་བྱོན། དགུང་ལོ་ཉི་ཤུ་ན་བསྙེན་པར་རྫོགས་པ་སོགས་འདི་ཁོ་ན་སྔོན་གྱི་ཡིག་རྙིང་ལས་འབྱུང་གི དེང་སང་ཁ་ཅིག་རྒན་ཞུགས་ཤིག་པོ་ཏོ་བ་ལ་དད་པ་སྐྱེས་ནས་ཕྱག་ཕྱིར་བསྡད་ཅེས་པའི་གཏམ་རྒྱུད་ནི་རི་བོང་གི་ཅལ་ལྟ་བུ་སྟེ། ཆོས་འབྱུང་འགའ་ཞིག་ཏུ་ཞོགས་ཡ་གད་བཏབ་པར་བཤད་པ་ཡང་། ཡ་གད་དང་ཡང་གད་ནོར་བས་ནོངས་” (41) ཞེས་བྱུང་བ་ལྟ་བུ་ཡིན། གང་ལྟར་གཞན་གྱི་འདོད་ལུགས་ནོར་འཁྲུལ་ཅན་ཐོག་མར་བཀོད་པའི་རྗེས་ཡ ལུང་རིགས་གཉིས་ཀྱི་སྒྲུབ་བྱེད་ལ་བརྟེན་ནས་འཁྲུལ་བ་ཡིན་ལུགས་བསྒྲུབས་ཏེ་རང་ལུགས་བཞག་པ་ཡིན།   
             བཅུ་གཉིས། རྒྱུ་མཚན་རང་བཞིན་གྱི་དཔྱད་བརྗོད།   
             རྒྱུ་མཚན་རང་བཞིན་གྱི་དཔྱད་བརྗོད་ནི་བརྗོད་སྟངས་གང་ཞིག་སྒྲུབ་པའི་སྐབས་ལ། གཞན་རྣམས་ཡིད་ཆེས་པར་བྱ་བ་དང་སྒྲུབ་རིམ་བཙན་པར་བྱ་བའི་ཕྱིར།  ཆེད་དུ་སྤྱོད་པའི་དཔྱད་ཐབས་ཤིག་ཡིན་ཞིང་། བོད་ཀྱི་གནའ་རབས་ལོ་རྒྱུས་དཔྱད་བརྗོད་ཁྲོད་དུ་ཐབས་འདི་སྤྱད་པའི་ཚུལ་ཡང་མང་དུ་མཐོང་རྒྱུ་ཡོད།   
             རྒྱུ་མཚན་རང་བཞིན་གྱི་དཔྱད་བརྗོད་ནི་དཔྱད་བརྗོད་པས་རང་གིས་འདོད་པའི་ལྟ་བ་ཡང་དག་ཏུ་སྒྲུབ་ཆེད་བཀོལ་བ་ཡིན་རྐྱེན། དེར་གཏན་ཚིགས་རང་བཞིན་བཙན་ཞིང་། ལུང་རིགས་ཀྱི་སྒྲུབ་བྱེད་དཔང་པོ་ཡང་བརྟན་པོ་ཡོད་པ་དཔེར་ན། བོད་ཀྱི་ལོ་རྒྱུས་ཡིག་ཚང་དུ། “ཡང་ཁ་ཅིག་རྒྱལ་པོའི་བཀའ་ཆེམ་ལས། རྒྱ་གར་སྐད་དུ། ཨེ་ཀ་བོད་སྐད་ལ་མ་བཏུབ་པར། བོད་ཡིག་ཅ་བཅུག དྷ་རྨ་ལ་ཆོས་མ་བཏུབ་པར་ཆ་བཅུག ལོ་ཀའི་སྒྲ་ལ་འཇིག་རྟེན་མ་བཏུབ་པར་ཇ་བཅུག  རྦུ་པ་ལ་གཟུགས་མ་བཏུབ་པར་ཟ་བཅུག ཕྲི་ཙམ་ལ་ཞུས་མ་བཏུབ་པར་ཞ་བཅུག རྒྱའི་ཡི་གེ་རིང་པོ་ལ་བོད་ཀྱི་རིང་པོ་མ་བཏུབ་པར་འ་བཅུག དེ་དྲུག་མ་གཏོགས་རྒྱ་གར་གྱི་ཡི་གེར་འདོད་པ་དངོས་འགལ་ཡིན་ཏེ། ད་ལྟ་རྒྱ་གར་གྱི་ཡི་གེ་དང་། བོད་ཡིག་རྣམས་སྒྲ་གཟུགས་བརྙན་དང་བཅས་པ་མི་མཐུན་པར་འདུག་པའི་ཕྱིར་རོ་” (42)ཞེས་པ་དང་། “རྗེ་བཙུན་པས། ཆོས་དབུ་བརྙེས་ནས་རྒྱལ་རབས་ལྔ་ཡི་བར། ལོ་གྲངས་བརྒྱ་དང་ལྔ་བཅུ་ཐལ་ཞེས་ཟེར། ཞེས་ཡི་གེའི་སྐྱོན་ཁོ་ནར་ཟད་དེ། ལྷ་ཐོ་ཐོ་རིས་ཀྱང་ལོ་བརྒྱ་ཉི་ཤུ་བཞུགས་ན། དེ་མན་གྱི་རྒྱལ་རབས་བཞི་བསྡོམས་པས་ལོ་སུམ་ཅུ་ཙམ་ལས་མ་བཞུགས་པར་བསྒྲུབ་མི་ནུས་པའི་ཕྱིར་རོ་” (43)ཞེས་པ་སོགས་བཀོད་པ་ལྟ་བུ་ཡིན། དེ་ནི་དཔྱད་བརྗོད་ཀྱི་མགོ་མཇུག་བར་གསུམ་དུ་རྒྱུ་མཚན་གཏན་ཚིགས་ཀྱིས་བཅིངས་པ་ཞིག་ཡིན།   
             བཅུ་གསུམ། གདེང་འཇོག་དཔྱད་བརྗོད།   
             གདེང་འཇོག་དཔྱད་བརྗོད་ཀྱི་རིགས་ནི་ལོ་རྒྱུས་རྩོམ་པ་པོས་དཔྱད་བརྗོད་ཚད་གཞི་གཏན་འཁེལ་བའི་རྨང་གཞིའི་འོག ད་གཟོད་བརྗོད་བྱའི་དོན་དེར་ཡིན་མིན་གྱི་གདེང་འཇོག་བྱེད་པ་ཞིག་ཡིན་ལ། ལོ་རྒྱུས་ལ་ངོས་འཛིན་བྱེད་སྟངས་ཤིག་ཀྱང་ཡིན་ཏེ། ལོ་རྒྱུས་སྨྲ་བ་པོས་ལོ་རྒྱུས་སྟེང་གི་མི་སྣ་དང་དོན་རྐྱེན། སྣང་ཚུལ་སོགས་ལ་རང་ངོས་ནས་ངོས་འཛིན་ཤེས་རྟོགས་བྱེད་སྐབས། རྒྱུན་དུ་གདེང་འཇོག་རང་བཞིན་གྱི་ཚིག་བཀོལ་སྤྱོད་བྱེད་པས་ཡིན།   
             གདེང་འཇོག་དཔྱད་བརྗོད་ཀྱི་སྐོར་ལ་དཔེར་ན།“ཆོས་སྐྱོང་རྒྱལ་པོ་ཁྱེད་རྣམས་མ་ཁྲུངས་ན། །མཐའ་འཁོབ་དུས་མཐར་སྐྱེས་པའི་བོད་འབངས་རྣམས། །བལྟ་ལོག་སྡིག་ཚོགས་ཀྱིས་ནོན་རྨུ་རྒོད་ལས། །དམ་པ་ཆོས་ཀྱི་སྒྲ་ཡང་མི་གྲག་པས། །དྲུག་གུ་སྟག་གཟིག་གར་ལོག་གོག་སོགས་ཀི །མཐའ་ཁོབ་བླ་ཀློ་རྣམས་དང་ཁྱད་མེད་པ། །མ་རིག་མུན་པའི་ཐིབས་ཚོགས་ཀྱིས་ནོན་ལ། །དམ་ཆོས་སྒྲོན་མ་བྱིན་པས་གསལ་མཛད་ཅིང་། །ཕན་བདེར་འགོད་པའི་རྗེ་རྒྱལ་ཁྱེད་རྣམས་ཀྱིས། །བཀའ་དྲིན་འདི་ལ་ཅིས་ཀྱང་ལན་མི་ལོན། །” (44)ཞེས་བྱུང་བ་ལྟ་བུ་དང་། “མཚལ་པ་སི་ཏུ་དགེ་བའི་བློ་གྲོས་དེ། །འཇིག་རྟེན་གཞན་ན་དེ་འདྲ་སུ་ཞིག་གདུང་། །རྒྱལ་རབས་དེབ་ཐེར་སྒྲིག་ལ་མཁས་པ་ཡི། །བྱེད་པ་གཉིས་པ་ཡོད་དོ་ཤེས་པར་གྱིས། །རིགས་གཟུགས་ནོར་གྱིས་བརྒྱན་པ་མང་ན་ཡང་། །འདི་ལྟའི་ལེགས་བཤད་བྱེད་པོ་དཀོན་པ་ལས། །ལོ་རྒྱུས་གཏམ་ལ་ཆགས་པ་མ་སེམས་པར། །ནོར་བུས་ནམ་མཁའ་བཀང་ནས་མཆོད་ཀྱང་རུང་། །” (45)ཞེས་པ་ལྟ་བུ་དང་། “ཇུར་ཆིད་ཀྱི་སྲིད་མིང་ནི་དའི་ཀིན། གསེར་གྱི་རྒྱལ་པོ་ཡང་ཟེར། མངའ་ཐང་ཁི་དན་དང་མཉམ་ལ་ཆོས་ལ་ཡང་དཀར་བར་འདུག་སྣང་” (46)ཞེས་པ་ལྟ་བུ་ཡིན་ཞིང་། དཔྱད་བརྗོད་དེ་རིགས་ཀྱིས་ལོ་རྒྱུས་རྩོམ་པ་པོའི་དཔྱད་བརྗོད་ཚད་གཞི་མཚོན་པར་བྱེད་ཀྱི་ཡོད།   
གསུམ་པ། ལོ་རྒྱུས་དཔྱད་བརྗོད་ཀྱི་བརྗོད་བྱའི་རིགས།   
             འདིར་བརྗོད་པའི་ལོ་རྒྱུས་དཔྱད་བརྗོད་ཀྱི་བརྗོད་བའི་རིགས་ཞེས་པ་ནི་དཔྱད་བརྗོད་བྱ་ཡུལ་ཏེ། ལོ་རྒྱུས་དཔྱད་བརྗོད་ཀྱི་བརྗོད་པར་བྱ་བའི་ནང་དོན་ཁག་ལ་གོ་བ་ཡིན།   ནུབ་གླིང་པའི་ལོ་རྒྱུས་རིག་པའི་ཁྱབ་ཁོངས་སུ་ཐུན་མོང་གི་འདོད་ཚུལ་ཞིག་ཡོད་པ་ནི། ལོ་རྒྱུས་རིག་པའི་ནང་དོན་ནི་གཙོ་བོ་ཁག་ལྔ་ལས་གྲུབ་པར་འདོད་པ་དེ་ཡིན། དེ་ཡང་དབྱིན་ཇིའི་གསལ་བྱེད་ཡི་གེ་Wཞེས་པ་ལྔ་ཡིས་གྲུབ་པར་བརྗོད་པ་སྟེ། “གནས་”( Where)དང་“དུས་”( wen)“མི་སྣ་”(Who) “དོན་”(What) “རྒྱུ་རྐྱེན་”(Why)བཅས་ལྔ་ཡིན་ལ། དེ་དག་ཆ་ཚང་བར་བཀོད་པའི་བསྟན་བཅོས་སམ་ཡིག་ཚང་ནི་ད་གཟོད་ལོ་རྒྱུས་ཀྱི་བྱུང་བ་བཀོད་པའི་ཡིག་ཆར་བརྩི། རྒྱུ་མཚན་དེའི་དབང་གིས། སྤྱིར་བཏང་ལོ་རྒྱུས་དཔྱད་བརྗོད་ཀྱང་ནང་དོན་གཙོ་བོ་དེ་དག་ལ་དམིགས་ནས་སྤེལ་བ་ཞིག་ཡིན། འོན་ཀྱང་མི་རིགས་སོ་སོའི་ལོ་རྒྱུས་ཞིབ་བརྗོད་བྱ་ཡུལ་གྱི་ནང་དོན་མི་མཚུངས་པ་དང་། ལོ་རྒྱུས་ཞིབ་བརྗོད་བྱེད་སྟངས་མི་འདྲ་བའི་དབང་གིས། མི་རིགས་མི་འདྲ་བའི་ལོ་རྒྱུས་དཔྱད་བརྗོད་ཀྱི་ཁ་གཏོད་ཡུལ་ལམ་རིགས་ལའང་ཁྱད་པར་ཡོད། བོད་ཀྱི་ལོ་རྒྱུས་དཔྱད་བརྗོད་ལ་མཚོན་ན། གཙོ་བོ་གཤམ་གསལ་གྱི་དཔྱད་བརྗོད་བྱ་ཡུལ་གྱི་རིགས་དག་མཆིས་ཏེ།   
             གཅིག མི་སྣ།   
             མི་སྣ་ནི་ལོ་རྒྱུས་དཔྱད་བརྗོད་ཀྱི་བརྗོད་བྱའི་ནང་དོན་གལ་ཆེན་ཞིག་ཡིན། ལོ་རྒྱུས་སྨྲ་བ་དག་གིས་ལོ་རྒྱུས་བསྟན་བཅོས་རྩོམ་སྐབས། སྐབས་རེ་ལོ་རྒྱུས་སྟེང་གི་མི་སྣ་མི་འདྲ་བར་གདེང་འཇོག་དབྱེ་ཞིབ་དང་དེའི་འཁྲུངས་འདས་ལོ་ཚིགས་གཏན་ལ་འབེབས་པ་དང་། མཛད་འཕྲིན་ལ་དཔྱད་བརྗོད་སོགས་བྱེད་པ། སྐབས་རེ་ལོ་རྒྱུས་རིག་གཞུང་གི་ལྟ་དགོངས་ཐད་ནས་ལོ་རྒྱུས་མི་སྣ་མི་འདྲ་བར་དཔྱད་བརྗོད་སྤེལ་གྱི་ཡོད། མི་སྣ་ནི་ལོ་རྒྱུས་འཕེལ་རྒྱས་འགྲོ་བྱེད་ཀྱི་རྒྱུ་གཙོ་བོ་དང་། མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་སྲོག་ཤིང་ཡིན་པས་ན། ལོ་རྒྱུས་སྨྲ་བ་དག་གིས་མི་སྣ་ཆེ་གེ་མོའི་ལོ་རྒྱུས་སྣ་ཚོགས་ལས་འགོ་བརྩམས་ཏེ་ལོ་རྒྱུས་འབྲི་བ་དང་། དེ་ལ་བརྟེན་ནས་ལོ་རྒྱུས་མི་སྣར་དཔྱད་པ་བརྗོད་པའང་མི་ཉུང་བ་ཞིག་ཐོན་ཡོད།   
             མི་སྣ་གཙོ་བོར་བགྱིས་ཏེ་དཔྱད་བརྗོད་སྤེལ་བའི་རྟོགས་བརྗོད་རིགས་ལ་དཔེར་ན། 《སྟོབས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་ཀརྨ་བསྟན་སྐྱོང་དབང་པོའི་རྟོགས་བརྗོད་ཕྱོགས་ལས་རྣམ་པར་རྒྱལ་བའི་གཏམ་གཞོམ་མེད་ནཱ་དའི་རྔ་དབྱངས་》ལས། “ཡུ་གུར་ཞང་ཞུང་ལྗོངས་དང་བོད་ཆེན་གྱིས། །རྒྱལ་བློན་དྲེགས་པས་མྱོས་པའི་གླང་ཆེན་ཁྱུ། །ཁྱོད་ཞབས་འདེགས་པའི་ཡ་མཚན་མཱ་ལི་ཀ །སྙིང་ཀར་འཛིན་པ་བྱིས་པའི་བློ་གྲོས་ཏེ། །རྒྱ་གར་ཀསྨིར་མོན་ནཻ་པཱ་ལ། །རྒྱ་ཧོར་སོག་ཡུལ་ནགས་སུ་རབ་བསྒྱིངས་པ། །སྟོབས་འབྱོར་རལ་པས་བརྗིད་པའི་སེང་གེས་ཀྱང་། །རིན་ཆེན་ཁྲི་འཕང་འདེགས་པར་གདོན་མི་ཟ། །” (47)ཞེས་གདེང་འཇོག་རང་བཞིན་གྱི་ཚིག་བཀོལ་བ་ལྟ་བུ་དང་། “ཐུབ་པ་སེང་གེའི་རྣམ་འཕྲུལ་ཀརྨ་པ། །འཇམ་མགོན་མི་ཡི་སྲིད་འཇིན་ས་སྐྱ་པ། །ཀུན་མཁྱེན་ཀུན་དགའ་སྙིང་པོ་ཇོ་ནང་པ། །རྣམ་གསུམ་གཙུག་གི་ནོར་བུའི་གྲོགས་སུ་བསྟེན། །” (48)ཞེས་བོད་དུ་མཁས་གྲུབ་མང་དུ་བྱུང་བའི་ཁྲོད་ལས་ཀརྨ་པ་དང་ས་སྐྱ་པ། ཇོ་ནང་བ་གསུམ་ནི་མཁས་པ་ཆེན་པོར་བསྔགས་འོས་པ་ཡིན་ཚུལ་ཕྱོགས་སྡོམ་གྱིས་དབྱེ་བསྡུ་བས་པ་ལྟ་བུ། དེ་མིན་《ལྷོ་རོང་ཆོས་འབྱུང་》ལས་ཨ་མི་བྱང་ཆུབ་འདྲེ་བཀོལ་གྱི་ལོ་རྒྱུས་འགོད་སྐབས། “མདོར་ན་སློབ་དཔོན་པདྨ་དང་གཉིས་སུ་མེད་པ་ཡིན་ནོ་” (49)ཞེས་སྟབས་བདེའི་དཔྱད་བརྗོད་སྤེལ་བ་ལྟ་བུའང་རིགས་འདིའི་ཁོངས་སུ་འདུ་བ་ཡིན།  
             གཉིས། དོན་རྐྱེན།   
             དོན་རྐྱེན་ནི་ལོ་རྒྱུས་བྱུང་བ་གྲུབ་བྱེད་ཀྱི་རྒྱུ་གཙོ་བོའི་གྲས་ཤིག་ཡིན་པས། ལོ་རྒྱུས་སྟེང་ལོ་རྒྱུས་སྨྲ་བ་དག་གིས་དོན་རྐྱེན་གཞིར་བཞག་གིས་ལོ་རྒྱུས་བརྩམས་པའི་སྣང་ཚུལ་ཡོང་ཁྱབ་ངང་བྱུང་ཡོད། དོན་རྐྱེན་སྣ་ཚོགས་ལས་ལོ་རྒྱུས་ཀྱི་འཕེལ་འགྱུར་བྱུང་བ་ཡིན། དོན་རྐྱེན་མི་འདྲ་བ་དང་ལྷག་པར་དུ་གལ་ཆེའི་དོན་རྐྱེན་དག་གིས་ལོ་རྒྱུས་འཕེལ་རྒྱས་ཁྲོད་ནུས་པ་གང་འདྲ་ཐོན་པར་ཞིབ་འཇུག་དབྱེ་ཞིབ་བྱ་རྒྱུ་ནི་ལོ་རྒྱུས་སྨྲ་བའི་འགན་འཁྲི་ལྟ་བུར་གྱུར་ཡོད། དེ་ཡང་ལོ་རྒྱུས་སྨྲ་བ་དག་གིས་དོན་རྐྱེན་ཞིབ་བརྗོད་བྱེད་སྐབས། ལོ་རྒྱུས་ཡིག་ཚང་ཁག་ཏུ་ཡོངས་གྲགས་སུ་མཆིས་པ་དག་ཇི་བཞིན་ཞིབ་བརྗོད་བྱེད་པ་ཕུད། སྤྱིར་བཏང་བརྗོད་ལུགས་སྣ་ཚོགས་ཅན་དང་ཐེ་ཚོམ་ཅན། རང་གི་ལུགས་ལ་མི་འགྲོ་བ་དག་ཟུར་དུ་ཕྱུང་བ་སོགས་ཀྱི་ཐོག་ནས་ཆེད་དུ་དཔྱད་བརྗོད་སྤེལ་བ་ཡིན། དེར་བརྟེན། དོན་རྐྱེན་ནི་ལོ་རྒྱུས་དཔྱད་བརྗོད་པའི་དཔྱད་བརྗོད་བྱ་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད། བོད་ཀྱི་ལོ་རྒྱུས་ཡིག་ཚང་ལས། དོན་རྐྱེན་ལ་དཔྱད་བརྗོད་སྤེལ་བའི་དེབ་ཐེར་དཔེར་ན་སྟག་ཚང་དཔལ་འབྱོར་བཟང་པོའི་《རྒྱ་བོད་ཡིག་ཚང་》དུ། “འགའ་རེས་རྒྱལ་པོ་འཕན་ཡུལ་ཟལ་མོ་སྒང་དུ་གྲོངས་ཟེར་བ་འདུག་སྟེ། བློན་པོ་སྣ་ཆེན་པོ་དང་སེ་རུ་གུང་སྟོན་ལ་སོགས། གྲོས་ལ་དབང་བ་རྣམས་ཀྱིས་བོད་འབངས་བྱིན་པོ་སྤྲོ་བ་བསྲིང་བའི་ཕྱིར་དུ་རེ་ཞིག་ཟལ་མོ་སྒང་དུ་སྙུང་བ་སྐད་དང་། སྐུ་གཤེགས་པའི་ཚུལ་བྱས་པར་བྱེད་དོ་” (50)ཞེས་དཔྱད་བརྗོད་སྤེལ་བ་ལྟ་བུ་དང་། གུ་གེ་གྲགས་པ་རྒྱལ་མཚན་གྱི་《ཉི་མའི་རིགས་ཀྱི་རྒྱལ་རབས་》དུ། “དེའི་དུས་སུ་བློན་པོ་ལོ་ངམ་ཞེས་པ་ངོ་ལོག་ནས་འཐབས་ཏེ། མ་ཐུབ་པར་བཀྲོངས་སོ། འགའ་ཞིག་ནི་རྒྱལ་པོས་ཀྱང་རལ་གྲི་གླང་བ་སོ་ཀླད་ལ་བསྐོར་བས་འོད་ཐག་ཆད་དེ། ལྷ་མ་དགའ་བས་ཕམ་ནས་དཀྲོངས་ཞེའོ་” (51)ཞེས་དཔྱད་བརྗོད་སྤེལ་བ་ལྟ་བུ་དང་། དེ་བཞིན་པཎ་ཆེན་བསོད་ནམས་གྲགས་པས་《དེབ་དམར་གསར་མ་》དུ། “བླ་མ་འཕགས་པ་དབུས་སུ་སྔ་རེས་ཕེབས་པ་ནས་དཔོན་ཆེན་བསྐོས་པར་བྱ་དགོས་པ་འདྲ་” (52)ཞེས་དཔྱད་བརྗོད་སྤེལ་བ་ལྟ་བུ་ཡིན་ནོ།    
             གསུམ། ཡིག་ཚང་།   
             ཡིག་ཚང་ནི་ལོ་རྒྱུས་རྩོམ་པ་ལ་ངེས་པར་མཁོ་བའི་དཔྱད་གཞི་ཡིན་ཞིང་། ཡིག་ཚང་དེ་ཙམ་ཀྱིས་ཆ་ཚང་བ་ཡོད་ན་ལོ་རྒྱུས་སྨྲ་བ་པོར་དཔྱད་གཞི་དེ་བས་ཕུན་སུམ་ཚོགས་པ་མཁོ་སྤྲོད་ཐུབ་སྟེ་ལོ་རྒྱུས་དཔྱད་བརྗོད་གཏིང་ཟབ་ཏུ་སྤེལ་རྒྱུར་རམ་འདེགས་བྱ་ཐུབ། ཡིག་ཚང་ནི་ལོ་རྒྱུས་རྩོམ་པ་པོའི་ལུང་ཁུངས་ཡིན་པ་ཕུད། སྐབས་རེ་ཡིག་ཚང་འདྲ་མིན་ལ་ཆེད་དུ་དཔྱད་བརྗོད་སྤེལ་ཏེ་བརྗོད་ལུགས་འགྲིག་མིན་ཐག་གིས་གཅོད་པའང་དཔྱད་བརྗོད་ཀྱི་ནང་དོན་གཙོ་བོ་ཞིག་ཏུ་གྱུར་ཡོད། བོད་ལ་ལོ་རྒྱུས་སྟེང་ལོ་རྒྱུས་ཡིག་ཚང་འདྲ་མིན་གཏོས་ཆེ་བ་ཞིག་བྱུང་ཡོད་པ་ལས། ལོ་རྒྱུས་སྨྲ་བ་དག་གིས་རང་རང་གི་ལོ་རྒྱུས་བསྟན་བཅོས་ཀྱི་དགོས་མཁོ་འདྲ་མིན་ལ་དམིགས་ཏེ་ཡིག་ཚང་ཁག་ལ་དབྱེ་ཞིབ་དཔྱད་བརྗོད་རྒྱ་ཆེར་སྤེལ་ཡོད།   
             ཡིག་ཚང་བརྗོད་བྱར་བྱས་པའི་དཔྱད་བརྗོད་ཀྱི་རིགས་ལ། བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁག་ལས། “ཐང་ཡིག་ལེའུ་བརྒྱ་དང་གཅིག་པར་འདོད་པ་ཚིག་བཅད་ལྷུག་གཉིས་སྣང་བ་འདི་ལ་ལྷད་ཧ་ཅང་མང་པས་བདག་གིས་མཐོང་བ་ཁོ་ན་ཡང་མི་འདྲ་བ་ལྔ་བཅུར་ཟིན་པ་སྣང་བས་ཡིད་རྟོན་མི་ནུས་པར་སྣང་” (53)ཞེས་པ་ལྟ་བུ་དང་། “ནེལ་པ་པཎྜི་ཏས་མཛད་པའི་ལོ་རྒྱུས་དེ་ཡི་གེ་རྙིང་མ་མང་པོ་དང་བསྡུར་ནས་བསྒྲིགས་ཤིང་། མཁས་མང་ལ་བསྲེགས་བཅད་བརྡར་གསུམ་གྱིས་གསེར་ལྟར་གཏུགས་ཤིང་དཔྱད་ནས་དག་པར་བསྒྲིགས་” (54)ཞེས་པ་ལྟ་བུ་དང་། “སྔོན་གྱི་དོ་ཧ་འཆད་པ་རྣམས་ཀྱི་ལོ་རྒྱུས་ཆལ་ཆོལ་ལ་སྙིང་པོ་མེད་དོ་”(55)ཞེས་པ། “ཆོས་འབྱུང་གི་ལོ་རྒྱུས་མི་འདྲ་བ་མང་ཡང་། ལ་ལ་ངན་སྨྲས། ལ་ལ་ཞེ་འདོད། ལ་ལ་ཞེ་འདོད་བསྡུས་པ། ལ་ལ་ལེའུ་ཙེ། ལ་ལ་བཅོས་མ་ཡིན་ཏེ། འདི་ནི་ལེགས་པ་ཡིན་ནོ་” (56)ཞེས་པ།“དེ་ཡང་པདྨ་བཀའ་ཐང་གི་གཏེར་འདིར་སྦས་ཏེ་བཤད་པ་རྣམས་ནི་ལྷད་མེད་ཡིན་པར་སྣང་ལ། གཏེར་སྟོན་ལུང་བསྟན་འདི་བར་སྐབས་སུ་ལྷད་སྣ་ཚོགས་ཞུགས་བསྲེས་ཏེ་ས་པཎ་ལ་སྐུར་པ་གདབ་པར་འདོད་ནས། རྒྱ་གར་མ་ཕྱིན་ཀུན་སྙིང་ལོ་ཙཱ་ཞེས། ཞེས་སོགས་ལོག་པར་བྲིས་པ་དང་། ལྷའི་བུ་རབ་རྩལ་ལུང་བསྟན་པའི་མདོ་ལས་ཞེས་བར་དུ་ཡིག་ནོར་བྱུང་བ་ཚུན་བྲིས་པས་དཔྱད་མི་བཟོད་ཅིང་གཏེར་མ་ལ་སྐུར་བ་འདེབས་པའི་གཞི་ཆེན་པོར་གྱུར་” (57)ཞེས་པ་སོགས་དཔྱད་གཞིར་རུང་བའི་ལོ་རྒྱུས་ཡིག་ཚང་གལ་ཆེན་ཁག་ལ་རྩོམ་མཁན་རང་གི་ལྟ་བ་འདྲེས་པའི་སྒོ་ནས་དབྱེ་ཞིབ་དཔྱད་བརྗོད་སྤེལ་ཡོད་པ་ལྟ་བུའོ།   
             བཞི། ལྟ་བ།   
             སྤྱིར་ན་བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁག་ཏུ་འཁོད་པའི་ལྟ་བའི་དཔྱད་བརྗོད་ལ་མཚོན་ན། ཆོས་ལུགས་ཀྱི་མཚན་ཉིད་གཞུང་ལུགས་ཁག་ཏུ་བཀོད་པ་བཞིན་རྣོ་ངར་ཆེ་ལ་ཚིག་བརླིང་བ་ཞིག་མ་ལགས་ཤིང་། ཕན་ཚུན་ཚིག་གིས་སྤྱོ་རེས་དང་ཧ་ཅང་སྨད་པའི་སྒོ་ནས་དགག་པའང་དེ་འདྲ་མང་དུ་མཐོང་རྒྱུ་མེད། དེ་ལས་ལྡོག་སྟེ་བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་མཁས་པས་མཛད་པའི་རང་རང་གི་འདོད་ལུགས་སྒྲུབ་པའི་མཚན་ཉིད་ཡིག་ཆ་ཁག་གི་ནང་དུ་ཚིག་བརྗིད་ཆེ་ཞིང་བབ་བརླིང་ལ་རྣོ་བའི་སྟེང་། ཧ་ཅང་རྩུབ་མོར་སོང་བའི་ཚིག་གིས་དགག་བའི་ལྟ་བར་ཅི་མི་སྙམ་པར་སྐྱོན་བརྗོད་ཐེར་འདོན་བྱེད་པའི་ཚུལ་མཐོང་ཐུབ།   
             འདིར་བརྗོད་པའི་ལྟ་བ་ནི་གཙོ་བོར་ལོ་རྒྱུས་སྨྲ་བ་པོ་མི་འདྲ་བའི་ལོ་རྒྱུས་ལྟ་དགོངས་ལ་གོ་བ་ཡིན་ཞིང་། ལོ་རྒྱུས་རྩོམ་འབྲི་བ་དག་གིས་རང་ལུགས་འཇོག་པའི་ལོ་རྒྱུས་བསྟན་བཅོས་དག་རྩོམ་སྐབས། སྔ་རབས་ཀྱི་མཁས་པ་གང་མང་གི་ལྟ་དགོངས་ལ་དཔྱད་བརྗོད་ཀྱི་ཚད་གཞི་གཏན་འཁེལ་བྱས་པའི་རྨང་གཞིའི་སྟེང་། ཁོང་རྣམས་ཀྱི་ལྟ་བ་ཡིན་པར་སྒྲུབ་པའམ་མིན་པར་དཔག་པའི་ཚུལ་གྱིས་དཔྱད་བརྗོད་སྤེལ་གྱི་ཡོད། ལྟ་བར་དཔྱད་པ་བརྗོད་པ་འདི་ལོ་རྒྱུས་དཔྱད་བརྗོད་ཀྱི་སྤྱིར་བཏང་བའི་མངོན་ཚུལ་ཙམ་མིན་པར། ལོ་རྒྱུས་རིག་གཞུང་གི་ལྟ་དགོངས་མཚོན་བྱེད་ཀྱི་སྒེའུ་ཁུང་ལྟ་བུ་ཞིག་ཀྱང་ཡིན་པས། ལྟ་བའི་དཔྱད་བརྗོད་ཁག་ལ་ཞིབ་ཏུ་དཔྱད་རྒྱུ་ནི་གལ་ཆེ་བར་མཐོང་།  
             ལྟ་བའི་དཔྱད་བརྗོད་སྐོར་ལ། “དེ་ཡང་གཉའ་ཁྲི་བཙན་པོ་ནི། ཁ་ཅིག་ལས་གཟུགས་ཅན་སྙིང་པོའི་རྒྱུད་དུ་བཤད། ཡང་ལུགས་གཅིག་ལ་རྒྱལ་པོ་ཤར་པའི་རྒྱུད་དུ་བཤད། བོན་གྱི་ལུགས་ལ་ལྷ་ལས་བབས་པར་འདོད། ཡང་གསང་ཐེ་བྲང་གི་རྒྱུད་ཟེར་ཡང་མི་མ་ཡིན་བསོད་ནམས་ཆེན་པོ་ཞིག་གི་རྒྱུད་ཡིན་པར་གོར་མ་ཆག་སྟེ། ཁྲི་བདུན་པོ་ནམ་མཁའ་ལ་འཕུར་ཐུབ་པར་བཤད་པས་སོ་” (58)ཞེས་པ་དང།“གཡོམ་རྒྱུག་ལ་བརྟེན་པ་ཕལ་ཆེ་བ་ནི། སྤང་ཀོང་ཕྱག་བརྒྱ་པ་ཉི་ཟེར་ལས་བཅིངས་ཏེ་ཕོ་བྲང་གི་ཡང་ཐོག་ཏུ་བྱོན་ནོ་ཞེས་གནམ་ལས་བབས་པར་སྨྲ་བ་ནི་བོན་པོས་ལྷད་བཅུག་པ་ཡིན་ནོ་” (59)ཞེས་པ་སོགས་ལྟ་བུ་ཐོག་མར་གཞན་གྱི་ལྟ་བ་གང་ཡིན་གསལ་བར་བཀོད་རྗེས། དེ་ཉིད་དཔྱད་བྱར་བྱས་ཏེ་དབྱེ་ཞིབ་དཔྱད་བརྗོད་སྤེལ་བ་ལྟ་བུའོ།    
             ལྔ། ལོ་ཚིགས།   
             ལོ་ཚིགས་ནི་ལོ་རྒྱུས་ཀྱི་མཚམས་ཚིགས་སྦྲེལ་བྱེད་ཀྱི་ཕྲེང་ཐག་ལྟ་བུ་ཡིན་ཞིང་། བོད་ཀྱི་ལོ་རྒྱུས་ཞེས་པའང་དོན་ལ་ལོ་ཚིགས་དང་འབྲེལ་བའི་བརྡ་ཆད་ཅིག་ཡིན། ལོ་དུས་མེད་པའི་ལོ་རྒྱུས་ཤིག་འབྲི་ཐབས་མེད་ལ། ལོ་ཚིགས་ཀྱི་གཞུང་སྐུད་མ་བརྒྱུས་པའི་ལོ་རྒྱུས་དངོས་མ་ཞིག་དེ་བས་མེད་པས། ལོ་ཚིགས་ནི་དུས་རབས་རིམ་བྱུང་གི་ལོ་རྒྱུས་སྨྲ་བ་དག་ལ་མཚོན་ན་གཡོལ་ཐབས་མེད་པའི་བརྗོད་གཞི་གལ་ཆེན་ཞིག་ཡིན།   
             བོད་ཀྱི་ལོ་རྒྱུས་དཔྱད་བརྗོད་ཀྱི་ལོ་རྒྱུས་ལ་བལྟས་ན། ལོ་ཚིགས་ལ་དང་དོད་བྱེད་མཁན་མཁས་པ་ཧ་ཅང་མང་པོ་བྱུང་འདུག་ལ། ལོ་ཚིགས་གནད་དུ་བཟུང་སྟེ་དཔྱད་བརྗོད་སྤེལ་བའི་ལོ་རྒྱུས་སྨྲ་བའང་མི་ཉུང་ཙམ་ཐོན་ཡོད། ལྷག་པར་དུ་ལོ་རྒྱུས་སྨྲ་བ་སྐོར་ཞིག་གིས་རང་རང་གི་བསྟན་བཅོས་སུ་རང་ཉིད་ཀྱི་ལྟ་བར་གཞི་བྱས་པའི་རང་ལུགས་ཀྱི་ལོ་ཚིགས་མ་ལག་མི་འདྲ་བ་བཙུགས་ཡོད་ཅིང་། དེ་ཉིད་རྨང་གཞིར་བྱས་ཏེ་རང་ལུགས་ཀྱི་ལོ་རྒྱུས་ཞིབ་བརྗོད་བྱས་ཡོད།   
             ལོ་ཚིགས་བརྗོད་གཞིར་བྱས་པའི་དཔྱད་བརྗོད་སྐོར་ལ་གུ་གེ་མཁན་ཆེན་ངག་དབང་གྲགས་པས་མཛད་པའི་《མངའ་རིས་རྒྱལ་རབས་》སུ “སྤྱིར་བོད་ཡུལ་དུ་བསྟན་པ་དར་བ་ནི། བླ་མ་ཞི་བ་འོད་སྐུ་གཤེགས་ཡན་ཆོད་ལོ་གསུམ་བརྒྱ་བཞི་བཅུ་ཞེ་བདུན་སོང་། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མེ་ཕོ་ཁྱི་ལོ་ལ་མངའ་རིས་ཀྱི་འབངས་གྲ་པ་རྣམས་ལ། སྟོད་མངའ་རིས་སུ་དམ་པའི་ཆོས་དར་བ་བཀའ་སྩལ་ནས་ལོ་བརྒྱ་ཉི་ཤུ་རྩ་དྲུག་སོང་། ལྷ་བཙུན་པ་ཞི་བ་འོད་བཀྲོངས་པའི་ལོ། ལྕགས་མོ་ཡོས་ཡན་ཆོད་ལ། སངས་རྒྱས་མྱ་ངན་ལས་འདས་ནས་བསྟན་པ་ལོ་ལྔ་བརྒྱ་པ་ཕྲག་བཅུར་གནས་པའི་སྟེང་ནས་ལོ་གསུམ་སྟོང་ཉིས་བརྒྱ་བཞི་བཅུ་ཞེ་བཞི་སོང་། ......གུ་གེ་བསྟན་ཆོས་པ་ངག་དབང་གྲགས་པའི་ལུགས་སོ་” (60)ཞེས་མཁས་པ་སྔ་མའི་ལོ་ཚིགས་ཀྱི་འདོད་ལུགས་དཔྱད་གཞིར་བཀོད་པ་ལྟ་བུ་ཡིན་ལ། པཎ་ཆེན་བསོད་ནམས་གྲགས་པ་མཆོག་ནི་ལོ་ཚིགས་གནད་དུ་བཟུང་སྟེ་དཔྱད་བརྗོད་སྤེལ་མཁན་གྱི་ཚབ་བྱེད་མི་སྣ་ཞིག་སྟེ། ཁོང་གིས་ལོ་ཚིགས་སྐོར་ལ་དང་དོད་ཆེན་པོ་གནང་སྟེ་རང་ཁྱད་ཅན་གྱི་ལོ་ཚིགས་མ་ལག་ཅིག་བཙུགས་གནང་ཡོད་པའི་སྟེང་། ལོ་ཚིགས་སྔ་ཕྱི་འདེད་སྐབས་རང་ལུགས་གསལ་འགོད་མཛད་པ་དང་། ལོ་ཚིགས་རྙོག་འཛིང་ཅན་དང་འཁྲུལ་བ་ཅན་ལ་དཔྱད་པ་མཛད་དེ་རང་ལུགས་ཀྱི་ལོ་ཚིགས་གཏན་འཁེལ་གནང་བ་དཔེར་ན། “དེ་དག་ནི་གླེགས་བམ་རིན་པོ་ཆེ་དང་། ལམ་ཡིག་གསང་འཁོར་མ་དང་། ཞང་ཤ་ར་བའི་ལམ་རིམ་བརྗེད་བྱང་མ་རྣམས་ཀྱི་དགོངས་པ་ཡིན་ཞིང་། དུས་འཁོར་ཌཱིཀ་ཆེན་དུ་ཇོ་བོས་ལྕགས་མོ་ཡོས་ལ་བོད་དུ་བསྟན་རྩིས་མཛད་པར་གསུངས་པས། མཁས་གྲུབ་རིན་པོ་ཆེ་ཡང་ཇོ་བོ་ཆུ་རྟ(སྤྱི་ལོ982) ལ་འཁྲུངས་པ་བཞེད་པར་གསལ་ལོ། འོ་ན་གསང་འཁོར་མར། དེ་ལྟར་རྗེ་བཙུན་ཐམས་ཅད་མཁྱེན་པ་ནི། མེ་ཕོ་རྟ་(སྤྱི་ལོ946)ལ་རྒྱ་གར་ཡུལ་དུ་འཁྲུངས།  དྲུག་ཅུའི་བར་དུ་རྒྱ་གར་ཆོས་ཀྱིས་བསྐྱངས། ཆུ་ཕོ་རྟ་(སྤྱི་ལོ་1042)ལ་ཁ་བ་ཅན་དུ་བྱོན། ཞེས་མེ་རྟ་ལ་འཁྲུངས་པར་གསུངས་པ་ཇི་ལྟར་ཡིན་ཞེ་ན། ཚིག་རྐང་གཉིས་པ་མ་དག་པ་ཁོ་ན་སྟེ། རྐང་པ་བཞི་པ་དང་དངོས་སུ་འགལ་བས་སོ། ནག་ཚོ་ནས་བརྒྱུད་པའི་རྣམ་ཐར་གྱི་ཡི་གེ་ཆེན་མོ་ལྟར་ན། ཇོ་བོ་ཉིད་ཀྱི་བསྟན་རྩིས་ཀྱི་དབང་དུ་བྱས་ཏེ། སངས་རྒྱས་ཤིང་ཕོ་སྤྲེའུ་ལ་མྱ་ངན་ལས་འདས་པ་ནས་ལོ་སུམ་སྟོང་བཞི་བཅུ་རྩ་བདུན་འདས་པ་རབ་མྱོས་ཞེས་པ་ལྕགས་ཕོ་རྟའི་(སྤྱི་ལོ970)ལོ་ལ་ཇོ་བོ་སྐུ་འཁྲུངས། ང་བདུན་པ་ཟད་པ་ཞེས་པ་མེ་སྟག་(སྤྱི་ལོ་1026)ལ་རྒྱ་གར་ནས་གདན་བཏེག་སྟེ། ལོ་དེའི་མཇུག་ལ་བོད་དུ་ཕེབས། དགུང་ལོ་རེ་དྲུག་བཞེས་པའི་ན་ཚོད་ལྡན་ཞེས་པ་ཤིང་མོ་ཕག་(སྤྱི་ལོ་1035)ལ་བསམ་ཡས་སུ་ཕྱགས་ཕབ། རེ་དགུ་ཞེས་པའི་ས་ཕོ་སྟག་(སྤྱི་ལོ་1038)ལ་ཡེར་པར་སྟོན་པ་རིན་པོ་ཆེས་རྟེན་འབྲེལ་གྱི་འབུལ་བ་མཛད། དེའི་ཕྱི་ལོ་ས་མོ་ཡོས་(སྤྱི་ལོ་1039)ལ་སྙེ་ཐང་དུ་བྱམས་འཇམ་དབྱངས་ཆོས་ཀྱི་བགྲོ་བ་མཛད་པའི་བུམ་ཆུ་བྱིན། དོན་གསུམ་བཞེས་པའི་ཆུ་ཕོ་རྟའི་(སྤྱི་ལོ་1042)དབྱུ་གུ་ཟླ་བའི་ཚེས་བཅོ་བརྒྱད་ལ་སྙེ་ཐང་དུ་སྐུ་གཤེགས། ཚེས་ཉི་ཤུ་ལ་གཤེགས་ཞེས་འབྱུང་བ་ཡང་དཔེ་མ་དག་པའོ། །ལམ་ཡིག་ཆེན་མོ་འདིར་རྟ་ལོ་ལ་འཁྲུངས་ཞེས་པ་ཙམ་ལས་མ་བྱུང་ཡང་། ལྕགས་རྟ་ཡིན་པའི་ངེས་པ་ནི་མཆིམས་ནམ་མཁའ་གྲགས་ཀྱི་བསྟན་རྩིས་ལས་གསལ་ཏེ། བསྟན་རྩིས་དེ་ཉིད་ཇོ་བོ་ཉིད་ཀྱིས་བསམ་ཡས་སུ་མེ་ཕོ་བྱི་བ་ལ་བརྩིས་པའི་བསྟན་རྩིས་ལ་རྩིས་གཞི་མཛད་པར་སྣང་བས་སོ། ནཱ་རོ་པ་མེ་མོ་ཡོས་ལ་གཤེགས་པར་ཚད་ལན་འགའ་ཞིག་གིས་གསུངས་པ་ལྟར་ན།  ལྕགས་རྟ་ ( སྤྱི་ལོ970)ལ་འཁྲུངས་པ་དང་ལོ་གྲངས་གུང་འགྲིག་ལ། ཆུ་རྟ་(སྤྱི་ལོ982) ལ་འཁྲུངས་པ་ལྟར་ན།  ནཱ་རོ་པ་ཡང་། ལྕགས་མོ་སྦྲུལ་(སྤྱི་ལོ་1041)ལ་གཤེགས་པར་བྱ་དགོས་ཏེ་ཐུགས་རྟོག་འཇུག་པ་ཉིན་སྐར་ལྟ་བུར་སྣང་ངོ་། བྱང་ཆུབ་ལམ་གྱི་རིམ་པ་ལྟར་ན། རྒྱས་པར་ནི་རྣམ་ཐར་གྱི་ཡི་གེ་ཆེན་མོ་རྣམས་སུ་ཤེས་པར་བྱའོ་ཞེས་གསུངས་པས་ལམ་ཡིག་ཆེན་མོ་བཞིན་ཡིན་ལ། བོད་དུ་ལོ་བཅུ་བདུན་བཞུགས་པར་གསུངས་པ་ཡང་། བསྟོད་པ་ལས། ཁྱོན་སྔོན་སོ་མ་པུ་རི་ན། རྟོག་གེ་འབར་བ་གསུངས་པའི་ཚེ། ད་ནི་ལོ་ནི་ཉི་ཤུ་ན། ཞེས་དང་། དེ་ནས་ལོ་གཉིས་འདས་པ་ན། བོད་དུ་འབྱོན་པའི་དུས་སུ་ནི། ད་ནི་ལོ་ནི་བཅོ་བརྒྱད་ན། །ལས་འདི་བོད་དུ་བཞག་ནས་ནི། །དགའ་ལྡན་གནས་སུ་འགྲོའོ་ཞེས། །ཇི་སྐད་གསུངས་བཞིན་མ་འཁྲུལ་བར། །གྱུར་བ་དེ་ནི་ངོ་མཚར་ཆེ། །ཞེས་གསལ་བར་འབྱུང་བས་ཡིད་གདུང་བར་མི་བའོ་”(61)ཞེས་བཀོད་ཡོད་པ་ལྟ་བུའོ།    
             དྲུག གནས་བབས།   
             ལོ་རྒྱུས་ཀྱི་གནས་བབས་འདྲ་མིན་གལ་ཆེན་རིགས་ཀྱང་ལོ་རྒྱུས་དཔྱད་བརྗོད་ཀྱི་བརྗོད་གཞི་གཙོ་བོ་ཞིག་ཡིན་ཏེ། ལོ་རྒྱུས་ཀྱི་གནས་བབས་ལ་ཇི་ལྟར་ངོས་འཛིན་བྱེད་པ་དང་གདེང་འཇོག་བྱེད་པ་ནི་ལོ་རྒྱུས་སྨྲ་བའི་བརྗོད་དོན་གལ་ཆེན་ཞིག་ཡིན་ལ། ཕྱི་རབས་པས་ལོ་རྒྱུས་སྨྲ་བའི་ལྟ་བ་གཞལ་བྱེད་ཀྱི་ཐབས་དམ་པ་ཞིག་ཀྱང་ཡིན། ལོ་རྒྱུས་ནི་དངོས་ཡོད་འཕེལ་འགྱུར་ཅན་གྱི་རྣམ་པ་ཞིག་ལགས་པས་ན། དེར་དུས་ཀྱི་འགྱུར་བའི་ཁྲོད་རྐྱེན་གཙོ་བོ་ཡིན་པའི་གནས་བབས་ཀྱང་འདྲ་མིན་ཆགས་ཡོད་ཅིང་། དེར་དཔྱད་པ་བརྗོད་དེ་ལོ་རྒྱུས་སྣང་ཚུལ་གསལ་བརྗོད་བྱེད་པ་ནི་ལོ་རྒྱུས་སྨྲ་བའི་འགན་འཁྲི་ཞིག་ཏུ་གྱུར་ཡོད།   
             བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁག་ལས། ལོ་རྒྱུས་ཀྱི་གནས་བབས་བརྗོད་བྱར་བྱས་ཏེ་དཔྱད་བརྗོད་སྤེལ་བའི་རིགས་ནི་དཔེར་ན། “བོད་སིལ་བུར་མ་སོང་བའི་སྔ་རབས་ཀྱི་དུས་རྗེ་འབངས་མཐའ་དག་རིགས་རུས་འཆོལ་བར་མི་སྤྱོད་པས་ཁུངས་དང་ཡིག་ཚང་ལ་ནན་ཏན་ཏུ་བྱེད་པའི་སྲོལ་འདུག་ཅིང་། དེང་སང་ནི་འདི་རིགས་ཀྱི་རྒྱུ་མཚན་མང་དུ་སྨྲ་བ། སྤྲེལ་རྒན་རྣམས་ཀྱིས་མི་བཟུང་ནས། མཇུག་མ་མེད་ཅེས་བཞད་གད་བྱེད། ཅེས་པའི་ཚུལ་ལྟ་བུར་འགྲོ་བར་གདའ་” (62)ཞེས་བོད་སིལ་བུར་མ་འཐོར་བའི་དུས་ཀྱི་སྔ་རབས་བོད་མིའི་ལོ་རྒྱུས་གནས་བབས་དང་རྩོམ་མཁན་རང་ཉིད་འཚོ་བཞུགས་དུས་ཀྱི་གནས་བབས་གཉིས་བསྡུར་ཏེ་དཔྱད་བརྗོད་སྤེལ་བ་ལྟ་བུ་དང་། “བླ་གཟུགས་དྲེགས་ལྡན་ལ་ལས་གསེར་དངུལ་རྟ་ནོར་སོགས་མང་པོ་རྙེད་ཕྱིར་བརྫུན་ལུང་སྟོན་ཞིང་ཚུལ་འཆོས་གཡོ་སྒྱུས་བརྒྱ་བཞིག་སྟོང་བཀུག་བྱས་པའི་ལོ་རྒྱུས་དང་། འཁོར་འབངས་དྲེགས་པ་ཅན་མང་པོ་དང་བཅས་ཚུལ་དང་ཆོས་སྲིད་དང་མདོ་སྔགས་ཟུང་འབྲེལ་བསྐྱང་ཟེར་ནས་སྡོམ་པ་མཆིལ་མའི་ཐལ་བ་བཞིན་བོར་ཏེ་གང་བྱུང་བྱུང་བྱེད་ཅིང་རྩོམ་ཡན་ཆད་ཀྱི་བྱ་བ་གང་དང་གང་གི་ཚེ་གཞན་མཐོ་བར་ཕྲག་དོག མཉམ་པར་འགྲན་རྩོད། དམན་པ་ལ་བརྙས་སྨོད་སོགས་ཀྱིས་དུས་འདའ་བའི་རྣམ་ཐར་ལ་འགྲམ་ཆུ་ལྡང་ཞིང་ཡིད་བརྟན་བྱ་བ་ནི་བླུན་པོའི་རང་རྟགས་མངོན་པའོ་” (63)ཞེས་སྔོན་དང་སྐབས་དེའི་སྤྱི་ཚོགས་སྣང་ཚུལ་ལ་རང་ལུགས་བརྗོད་པའི་དཔྱད་པ་བཏང་བ་ལྟ་བུ་ཡིན།   
             ལོ་རྒྱུས་རྩོམ་མཁན་རྣམས་ནི་མི་ཞིག་ཡིན་པའི་ཆ་ནས་དེ་ལའང་ཆགས་སྡང་གི་སེམས་འགྱུ་ལྡན་པ་ཞིག་ཡིན་པས་ན། སྐབས་རེ་ལོ་རྒྱུས་སྨྲ་བ་དག་གིས་རང་རང་གི་གནས་སྐབས་ཀྱི་གནས་བབས་འདྲ་མིན་ལ་རང་གི་སེམས་འགྱུ་མཚོན་པའི་དཔྱད་བརྗོད་འོས་འཚམ་རེའང་བྱེད་པ་དཔེར་ན། 《ཡར་ལུང་ཇོ་བོའི་ཆོས་འབྱུང་》དུ། “དུས་ངན་སྐྱེ་བོའི་ངན་སྤྱོད་ཆེས་ཆེར་འཕེལ། །གཞན་དང་བསྟུན་ན་ཁྱོད་ཀྱི་གདུང་རུས་སྨད། །ཚུལ་བཞིན་བསྒྲུབས་ན་ད་ལྟའི་མིང་དང་འགལ། །བདག་ནི་སྨོན་ལམ་བཏབ་ལ་མ་དག་འདྲ། །” (64)ཞེས་བྱུང་བའང་། དོན་ལ་དེ་ནི་རྩོམ་མཁན་རང་གི་གནས་སྐབས་ཀྱི་གནས་བབས་དངོས་ལ་དཔྱད་པ་གནང་བ་ཞིག་རེད།   
             བདུན། ཤོད་སྲོལ།   
             ལོ་རྒྱུས་འཕེལ་རྒྱས་ཀྱི་དུས་རིམ་རིང་མོའི་ཁྲོད། ལོ་རྒྱུས་ཀྱི་བྱུང་འཕེལ་སྐོར་ལ་ལྟ་བ་འདྲ་མིན་དུ་མ་ཐོན་པའི་སྟེང་། ལོ་རྒྱུས་ཀྱི་བྱུང་རིམ་དང་སྣང་ཚུལ་སྐོར་ལ་ཤོད་སྲོལ་ཡང་འདྲ་མིན་བྱུང་ཡོད་ཅིང་། དེས་ལོ་རྒྱུས་ཀྱི་རྣམ་པ་ཅུང་འདྲ་མིན་དང་ཕུན་སུམ་ཇེ་ཚོགས་སུ་བཏང་བས་ལོ་རྒྱུས་སྨྲ་བ་དག་གིས་ཤོད་སྲོལ་འདྲ་མིན་ལ་དཔྱད་པ་གནད་དུ་འཕིགས་པ་བྱས་ཏེ་བརྗོད་ལུགས་དྲང་པོའི་ཕྱོགས་སུ་དྲང་རྒྱུ་ནི་ལོ་རྒྱུས་དཔྱད་བརྗོད་པའི་འགན་འཁྲི་གཙོ་བོར་གྱུར་ཡོད།   
             དེ་ཡང་དཔེར་ག 《ཡར་ལུང་ཇོ་བོའི་ཆོས་འབྱུང་》དུ།“མཆོག་གཉིས་རྒྱ་གར་ཡུལ་ན་གྲགས་པ་མེས རྒྱན་དྲུག་མཆོག་གཉིས་ཞེས་བར་བོད་ཀྱིས་བཏགས་” (65)ཞེས་མཆོག་གཉིས་ཞེས་པའི་ཡོངས་གྲགས་ཀྱི་ཤོད་སྲོལ་དེ་བོད་ཁོ་ནའི་བརྗོད་སྲོལ་ཞིག་ཡིན་པར་བསྟན་པ་ལྟ་བུ་དང་། 《དེབ་དམར་གསར་མ་》རུ།  “བུ་སྟོན་ཆོས་འབྱུང་དུ་མུ་ནེ་བཙན་པོ་ཆུ་སྟག་ལ་རྒྱལ་སར་བཏོག  ལོ་གཅིག་དང་ཟླ་བ་བདུན་སྲིད་བཟུང་ནས་བཅུ་བདུན་པ་ལ་འདས་པར་བཤས(དཔེ་མ་དག་) མེ་ལོང་མར། ཆུ་སྟག་ལ་འཁྲུངས་ནས་ཉེར་བརྒྱད་པ་ལ་རྒྱལ་སར་བཏོན། སྲིད་ལོ་གཅིག་དང་ཟླ་བ་དགུ་བཟུང་ནས་ཉེར་དགུ་པ་ལ་འདས་པར་བཤད།(དཔེ་མ་དག་) ལུགས་དང་པོ་ལྟར་ན་སྲས་དགུང་ལོ་ཞེ་ལྔ་པ་ལ་རྒྱལ་སར་བཏོན་དགོས་པས། ཡབ་དྲུག་ཅུ་རྩ་དགུ་པ་མེ་སྟག་ལ་འདས་པར་ཆོས་འབྱུང་དུ་འབྱུང་བ་དང་ལོ་གྲངས་མ་འགྲིག ལུགས་གཉིས་པ་ལྟར་ན་རྒྱལ་པོ་དགུང་ལོ་ཞེ་ལྔ་པ་ལ་སྲས་འཁྲུངས་པར་བྱ་དགོས་ཤིང་། དེ་ལྟར་ན་ཡབ་རྒྱལ་པོ་ལྔ་བཅུ་རྩ་དྲུག་པ་ཆུ་གླང་ལ་འདས་པར་ཆོས་འབྱུང་རང་དུ་འབྱུང་བ་དང་ལོ་གྲངས་མ་མཐུན་ཤིང་གླང་ལ་འདས་ཞེས་པ་ནི་སྤར་མ་དག་པ་སྟེ། སྤར་མ་འདི་ལ་དབང་ཐང་འཆུགས་པ་གཞན་ཡང་མང་ངོ་། དཔེ་ཁ་ཅིག་(ཀཾ་ཀཾ་སྔའི་ཆོས་འབྱུང་སོགས་)ཏུ་སྲས་ཀྱིས་རྒྱལ་སྲིད་ལོ་གཅིག་དང་ཟླ་བ་དགུ་བཟུང་བར་བཤད་ལ། འདི་ཉིད་དག་པར་མངོན་ཏེ། རྒྱལ་པོ་འདིས་བོད་ལ་ལྟོགས་ཕྱུག་ལན་གསུམ་དུ་སྙོམ་པར་གསུང་ཞིང་ཆོས་འབྱུང་གཉིས་ཀྱི་ལོ་གྲངས་བཞིན་བྱས་ན་ལན་གསུམ་མཉམ་ལོང་མེད་དོ་” (66)ཞེས་མུ་ནེ་བཙན་པོའི་ལོ་ཚིགས་སྐོར་གྱི་བརྗོད་སྲོལ་འདྲ་མིན་ལ་དཔྱད་པ་རིམ་པར་བཏང་སྟེ་ཡིན་མིན་དབྱེ་འབྱེད་བགྱིས་པ་ལྟ་བུའོ།   
             བརྒྱད། ལོ་རྒྱུས་རིག་པའི་དཔྱད་བརྗོད།   
             འདིར་བརྗོད་པའི་ལོ་རྒྱུས་རིག་པའི་དཔྱད་བརྗོད་ཅེས་པ་ནི། ལོ་རྒྱུས་རིག་པའི་ནུས་པའི་སྐོར་དང་དེ་མིན་འབྲེལ་ཡོད་གཞུང་ལུགས་ཐད་ནས་དཔྱད་བརྗོད་སྤེལ་བར་གོ་ཞིང་། དེ་ནི་ལོ་རྒྱུས་རྩོམ་འབྲིའི་ལྟ་བ་དང་ལོ་རྒྱུས་བརྗོད་སྟངས། ལོ་རྒྱུས་རྩོམ་འབྲིའི་འགན་ནུས་སོགས་ལ་དཔྱད་པ་བྱས་ཏེ་དཔྱད་བརྗོད་སྤེལ་བའི་རིགས་ཤིག་ཡིན། ལོ་རྒྱུས་རིག་པའི་དཔྱད་བརྗོད་ནི་གཞུང་ལུགས་དཔྱད་བརྗོད་ཀྱི་ཁོངས་སུ་གཏོགས་ཤིང་། དེས་ལོ་རྒྱུས་རིག་པའི་མ་ལག་འཛུགས་སྐྲུན་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད་ལ། དེ་ནི་བོད་ཀྱི་ལོ་རྒྱུས་རིག་གཞུང་གི་ལྟ་དགོངས་མངོན་བྱེད་ཀྱི་སྐར་ཁུང་ལྟ་བུ་ཞིག་ཀྱང་ཡིན།   
             བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁག་ཏུ་བྱུང་བའི་ལོ་རྒྱུས་རིག་པའི་དཔྱད་བརྗོད་སྐོར་ལ་《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ནང་དུ “ལོ་རྒྱུས་གཞུང་ལ་དྲང་པོའི་རྒྱུད་དྲངས་ནས། །ལེགས་བཤད་འདབ་ལྡན་གཡོ་བའི་ཉག་ཕྲན་ཅན། །མི་ཤེས་རྨོངས་པའི་སྙིང་ལ་ཕོག་སྲིད་ཀྱང་། །གཟུར་གནས་མཁས་པས་མཐོང་ཚེ་སྤྲོ་བ་འཕེལ། །” (67)ཞེས་བཀོད་པ་ལྟ་བུ་དང་། ངག་འཕྲིན་གྱི་《གནས་ཆེན་གངས་རི་མཚོ་གསུམ་ཆུ་བོ་བཞི་དང་བཅས་པ་གཏན་ལ་དབབ་པ་ལུང་དོན་སྣང་བར་བྱེད་པའི་མེ་ལོང་》ཞེས་པ་ལས། “ཕྱི་རོལ་སྣང་བ་དྲི་མ་མེད་པའི་ཤེལ། །བག་ཆགས་མཚོན་གྱིས་བསྒྱུར་ཡང་ཕྱོགས་གཅིག་ཏུ། །ཞེན་པའི་ར་རི་མ་བཏང་དགག་བཞག་ཁུར། །བཞེས་པའི་གཏམ་དག་དཔྱད་བཟོད་མིན་སྙམ་མནོ། །” (68)ཞེས་སྤྱིར་ན་སྣང་ཡུལ་གྱི་ལོ་རྒྱུས་དངོས་ནི་དྲི་མ་མེད་པ་དངོས་སུ་གནས་པ་ཞིག་ཡིན་ནའང་། ཕྱིས་ལོ་རྒྱུས་ཟིན་འགོད་པ་དག་གི་སྨྱུག་རྩེ་དང་ངག་བརྒྱུད་བག་ཆགས་ཀྱི་མཚོན་གྱིས་ཁ་བསྒྱུར་བ་མེད་པ་ཉུང་བས། དེར་དཔྱད་ཞིབ་གཟབ་ནན་བགྱིས་ཏེ་རྩོམ་མཁན་གྱི་བག་ཆགས་ར་རིའི་ཞེན་རིག་གི་ཆ་དེ་འདོར་ཨེ་ཐུབ་ལ་འབད་པ་དང་། དེར་དགག་གཞག་སྤེལ་རྒྱུ་ནི་ཕྱི་རབས་ལོ་རྒྱུས་སྨྲ་བ་དག་གི་འགན་འཁྲི་ཡིན་པ་ལ། ཡིག་ཚང་དེ་དག་ལ་དཔྱད་ཞིབ་བགྱི་དུས་རང་ཉིད་ཀྱི་ཞེན་པའི་ར་རི་མ་བཏང་བར་དེ་ཉིད་དགག་གཞག་གི་ལམ་དུ་དྲངས་པ་ནི་དཔྱད་བཟོད་པ་རྒྱུ་མཚན་ཅན་གྱི་ཚིག་མིན་ཞེས་བསྟན་པ་བཞིན་རེད།   
             དེ་བཞིན། བྲག་དགོན་པ་བསྟན་པ་རབ་རྒྱས་འདི་པའང་ལོ་རྒྱུས་རིག་པའི་དཔྱད་བརྗོད་ལ་བྱང་བའི་ལོ་རྒྱུས་སྨྲ་བ་ཆེན་མོ་ཞིག་སྟེ། ཁོང་གིས་ལོ་རྒྱུས་ཇི་ལྟར་བརྗོད་དགོས་པའི་ཐད་ལ། ཐུན་མོང་མིན་པའི་རང་ཉིད་ཀྱི་ལྟ་བ་མཆོག་ཏུ་གྱུར་བ་དེ་མཚོན་པར་བྱས་ཡོད་པ་དཔེར་ན། “སྤྱིར་ལོ་རྒྱུས་ཀྱི་རིགས་འདི་ལ་བཀའ་བསྟན་ཚད་མ་དབང་པོ་བྱེད་པ་དང་། མདོ་རྒྱུད་མན་ངག་ལ་ཁུངས་བཅོལ་དུ་མེད་པས། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པས། དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་གསུངས་པ་ལྟར་དཔྱད་བཟོད་དུ་གྲུབ་པ་ཤིན་ཏུ་དཀའ་ལ། ཁྱད་པར་རང་ཉིད་བགྲང་བའི་ཁུར་དང་། འདུ་བ་འཁྲུགས་པའི་རྐྱེན་གྱིས་ནོན་པ་དང་། བྲེལ་བ་སྣ་ཚོགས་པས་གཡེང་བའི་དབང་གིས་རྟོག་འཇུག་ཞིབ་མོ་མ་ནུས་པས་ཚིག་དོན་གྱི་ཆ་ལ་ནོངས་པར་གྱུར་པ་གང་མཆིས་མཁས་པ་རྣམ་དཔྱོད་ཀྱི་ནོར་དང་ལྡན་པ་དག་འཕྱ་སྨོད་ཀྱི་གནས་སུ་མི་མཛད་པར་ལེགས་པར་འཆོས་རིགས་སོ་” (69)ཞེས་བོད་སྔ་རབས་པའི་ལོ་རྒྱུས་རྩོམ་པའི་སྐྱོན་གཙོ་བོ་ཞིག་གསལ་བར་བསྟན་ཡོད་པ་ལྟ་བུ་ཡིན། དེ་ཡང་སྔ་རབས་སུ་མཁས་པ་མང་པོ་ཞིག་གིས་བོད་ཀྱི་ལོ་རྒྱུས་འབྲི་བ་ལ་བཀའ་བསྟན་ཁོ་ན་ཚད་མར་འཛིན་པ་དང་མདོ་རྒྱུད་མན་ངག་ལ་ཁུངས་བཅོལ་ཏེ་འབྲི་བ་ཡིན་ཞིང་། མདོ་རྒྱུད་མན་ངག་དང་ལུང་བསྟན་དག་ལ་མི་མཐུན་པ་བྱུང་ཚེ་ལོ་རྒྱུས་ཚད་མར་མི་བྱེད་པའི་སྟེང་། སྔོན་གྱི་ཡིག་ཚང་རྙིང་པར་འཁོད་པའི“དངོས་དོན་”ལོ་རྒྱུས་དག་ཀྱང་ཐབས་བརྒྱ་ཇུས་སྟོང་གིས་མདོ་རྒྱུད་མན་ངག་དག་དང་མཐུན་པར་སྦྱར་ཏེ་སྤྱི་འགྲོས་རང་བཞིན་དུ་བརྗོད་པར་བྱེད་པ་ཡིན། དེ་ནི་ལོ་རྒྱུས་ཀྱི་དམིགས་བསལ་རང་བཞིན་ཁས་མ་བླངས་པ་ཞིག་ཡིན་ལ། ཆོས་ལུགས་ལོ་རྒྱུས་ལྟ་བས་རྒྱུན་བཟུང་བའི་ལོ་རྒྱུས་ཆོས་ལུགས་ཅན་དུ་བྱས་པའི་བསམ་བློའི་འབྲས་བུའང་ཡིན་པས། དེས་ན་ཇི་ལྟར་ཕྱོགས་ཤུགས་ཆེ་བ་དེ་བཞིན་དུ་ལོ་རྒྱུས་ཀྱི“དངོས་དོན་”རང་བཞིན་མོག་པོར་གྱུར་བའི་ཚུལ་དེ་འདྲ་བ་བྲག་དགོན་པས་གསལ་པོར་མཁྱེན་ནས་ད་གཟོད་དུས་ཀྱི་ཚོད་བགམ་ཐེག་པའི་བསྟན་བཅོས་ཆེན་པོ་《མདོ་སྨད་ཆོས་འབྱུང་》ལྟ་བུ་བརྩམས་གནང་ཐུབ་པ་བྱུང་བ་དང་། ལྷག་པར་ཁོང་གིས་རང་ཉིད་ན་སོས་གཙེས་ཏེ་དོན་མང་པོར་རྟོག་འཇུག་ཞིབ་མོ་མ་ནུས་ཞེས་ཁེངས་སྐྱུང་གི་ཚིག་བརྗོད་གནང་ཡོད་པ་དེ་ལས། ལོ་རྒྱུས་རྩོམ་པར་ངེས་པར་རྟོག་འཇུག་ཞིབ་ཏུ་བྱེད་དགོས་པའི་ལོ་རྒྱུས་སྨྲ་བའི་ཞིབ་དཔྱོད་ཀྱི་རྣམ་འགྱུར་ཡང་གང་ལེགས་མཚོན་པར་བྱས་ཡོད། །
             ལུང་འདྲེན་དཔྱད་ཡིག
             ①⒄ཉང་ཉི་མ་འོད་ཟེར། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1988ལོ། ཤ165 ཤ156 -160
             ②(28)ངག་དབང་སྐལ་ལྡན་རྒྱ་མཚོ་དང་བླ་མ་རོག་གེ་བན་དེ་ཤེས་རབ་འོད། 《ཤེལ་དཀར་ཆོས་འབྱུང་དང་བླ་མ་རོག་གེ་བན་དེ་ཤེས་རབ་འོད་ཀྱིས་མཛད་པའི་གྲུབ་མཐའི་ཆོས་འབྱུང་》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2012ལོ། ཤ255 ཤ71
             ③(50)སྟག་ཚང་དཔལ་འབྱོར་བཟང་པོ། 《རྒྱལ་རབས་མང་པོའི་ལེགས་བཤད་རྣམ་གྲངས་ཡིད་འཛིན་ནོར་བུའི་ཕྲེང་བ་》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོ། ཤ120 ཤ101
             ④(36)(39)(44)(51)གུ་གེ་གྲགས་པ་རྒྱལ་མཚན། 《ཉི་མའི་རིགས་ཀྱི་རྒྱལ་རབས་》 《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས་》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2011ལོ། ཤ330-338 ཤ388 ཤ276 ཤ319-320 ཤ344⑤(33)(34)(38)འགོས་ལོ་གཞོན་ནུ་དཔལ། 《དེབ་ཐེར་སྔོན་པོ་》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོ། ཤ886-887 ཤ441 ཤ64 ཤ239
             ⑥⑿(64)ཤཱཀྱ་རིན་ཆེན་སྡེ། 《ཡར་ལུང་ཇོ་བོའི་ཆོས་འབྱུང་》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2012ལོའི་དཔར་གཞི་གཉིས་པ། ཤ15 ཤ167 ཤ69
             ⑦《རྒྱལ་རབས་ཟླ་རིགས་མ་》 ལག་བྲིས་མ།
             ⑧ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ།《དེབ་གཏེར་དྭངས་ཤེལ་འཕྲུལ་གྱི་མེ་ལོང་》 《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ་》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1990ལོ། ཤ144
             ⑨⑩⑾ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ 《ཐུའུ་བཀྭན་གྲུབ་མཐའ་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1984ལོ ཤ3 ཤ477 ཤ477-478
             ⒀(32)(49)རྟ་ཚག་ཚེ་དབང་རྒྱལ། 《ལྷོ་རོང་ཆོས་འབྱུང་》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1994ལོ། ཤ48 ཤ20 ཤ367
             ⒁(22)(41)(61)པཎ་ཆེན་བསོད་ནམས་གྲགས་པ། 《བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2001ལོ། ཤ20 ཤ180-181 ཤ16-17 ཤ4-5
             (15)(59)ནེའུ་པཎྜི་ཏ་གྲགས་པ་སྨོན་ལམ་བློ་གྲོས། 《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་》《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ་》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1990ལོ། ཤ31 ཤ15
             ⒃(23)(45)(52)(66)པཎ་ཆེན་བསོད་ནམས་གྲགས་པ། 《དེབ་དམར་གསར་མ་》 《པཎ་ཆེན་བསོད་ནམས་གྲགས་པའི་གསུང་འབུམ་》(ད་)འབྲས་སྤུངས་བློ་གླིང་གྲྭ་ཚང་དཔེ་མཛོད་ཁང་། རྒྱ་གར། 1988ལོ། ཤ439 ཤ548 ཤ480 ཤ447 -448
             ⒅(60)གུ་གེ་མཁན་ཆེན་ངག་དབང་གྲགས་པ། 《མངའ་རིས་རྒྱལ་རབས་》 རྒྱ་གར། 1996ལོ། ཤ26 ཤ67 -68⒆⒇(26)(43)མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། 《བསྟན་རྩིས་གསལ་བའི་ཉིན་བྱེད་》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988ལོ། ཤ9- 14 ཤ 73  ཤ 66  ཤ 46
             (21)སྡེ་སྲིད་སངས་རྒྱས་རྒྱ་མཚོ། 《ཚངས་དབྱངས་རྒྱ་མཆོའི་རྣམ་ཐར་》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2010ལོ། ཤ451
             (24)(29)(35)(40)(42)སྤ་བསྟན་རྒྱལ་བཟང་པོ། 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ་》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1991ལོ། ཤ68 -69 ཤ64 ཤ85 ཤ138 (25)(69)བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། 《མདོ་སྨད་ཆོས་འབྱུང་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982ལོ། ཤ688 ཤ780
             (27)འབྲུག་པ་པདྨ་དཀར་པོ། 《འབྲུག་པའི་ཆོས་འབྱུང་》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1992ལོ། ཤ67
             (30)(55)(65) ཏཱ་ར་ནཱ་ཐ།《རྒྱ་གར་ཆོས་འབྱུང་》སྡེ་དགེའི་པར་མ། ཤ59 ཤ113 ཤ3
             (31) D . H .Fischer《 HistonansFallasies》 1971     P155
             (37)(47)(48)(58)སངས་རྒྱས་རྡོ་རྗེ་སོགས། 《གཙང་སྟོད་རྒྱལ་པོའི་རྣམ་ཐར་དང་རྒྱལ་རབས་བཞུགས་སོ་》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2011ལོ། ཤ183 ཤ14 ཤ12 ཤ181
             (46)མགོན་པོ་སྐྱབས། 《རྒྱ་ནག་ཆོས་འབྱུང་》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2005ལོ། ཤ205
             (50)སྟག་ཚང་དཔལ་འབྱོར་བཟང་པོ། 《རྒྱལ་རབས་མང་པོའི་ལེགས་བཤད་རྣམ་གྲངས་ཡིད་འཛིན་ནོར་བུའི་ཕྲེང་བ་》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོ། ཤ101
             (53)(57)དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》མི་རིགས་དཔེ་སྐྲུན་ཁང་། 2006ལོ། ཤ306 ཤ321
             (54)ཇོ་ནང་ཏཱ་ར་ན་ཐ། 《མྱང་ཆོས་འབྱུང་》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1983ལོ། ཤ143
             (56)ལྡེའུ་ཇོ་སྲས། 《ཆོས་འབྱུང་བསྟན་པའི་རྒྱལ་མཚན་》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ ཤ159
             (62)(67)ངག་དབང་བློ་བཟང་རྒྱ་མཚོ། 《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》 མི་རིགས་དཔེ་སྐྲུན་ཁང་། 1988ལོ ཤ117 ཤ200
             (63)སུམ་པ་ཡེ་ཤེས་དཔལ་འབྱོར། 《ཆོས་འབྱུང་དཔག་བསམ་ལྗོན་བཟང་》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1992ལོ། ཤ255
             (68)ངག་འཕྲིན། 《གནས་ཆེན་གངས་རི་མཚོ་གསུམ་ཆུ་བོ་བཞི་དང་བཅས་པ་གཏན་ལ་དབབ་པ་ལུང་དོན་སྣང་བར་བྱེད་པའི་མེ་ལོང་》《བོད་ཀྱི་གནས་ཡིག་བདམས་བསྒྲིགས་》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1995ལོ། ཤ3


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1