༄༅།། ཁྱེད་ཀྱིས་བོད་ལ་དཔར་སྐྲུན་ལས་རིགས་འདི་དུས་ནམ་ནས་དར་བ་ཤེས་སམ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-13




     ད་ལྟ་ཉར་ཚགས་བྱས་པའི་བོད་ཡིག་གི་ལོ་རྒྱུས་ཡིག་ཆ་གཞིར་བཟུང་ན་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོས་ཀྱི་སྔོན་ལ་བོད་ཡིག་དཔར་སྐྲུན་གྱི་ལས་རིགས་དར་སྲོལ་མི་འདུག་ཅིང་། ཡོན་རྒྱལ་རབས་ཀྱི་གོང་མ་ཨུ་ཙུང་ཧའི་ཧྲན(武宗海山)གྱི་སྐབས་དབུས་ལ་བློ་གསལ་བྱང་ཆུབ་ཡེ་ཤེས་དང་། བཅོམ་ལྡན་རིག་པའི་རལ་གྲི་གཉིས་ཀྱིས་བོད་དུ་ཡོད་པའི་བཀའ་འགྱུར་དང་བསྟན་འགྱུར་ཡོངས་རྫོགས་གཅིག་བསྡུས་བྱས་ནས་ཆ་ཚང་གཅིག་ཐོག་མར་བཟོས་པ་བོད་དུ་ཡོད་པའི་བཀའ་འགྱུར་དང་བསྟན་འགྱུར་ཕྱོགས་བསྒྲིགས་བྱེད་ཐེངས་བཞི་པ་ཡིན་ཅིང་། དེ་ནས་བཟུང་བཀའ་འགྱུར་དང་བསྟན་འགྱུར་གྱི་མ་དཔེ་ཆ་ཚང་ཐོག་མར་བྱུང་བ་དང་། མཚུར་ཕུ་དགོན་པ།ས་སྐྱ། མངའ་རིས། ཁམས། སོག་ཁུལ། རྒྱ་ནག་ནང་ཁུལ་བཅས་ལ་དར་ཁྱབ་བྱུང་བ་དེ་ཚོ་ཚང་མ་བྲིས་མ་ཤ་སྟག་ཡིན། བོད་རབ་བྱུང་འདུན་པའི་ས་བྱི(༡༤༠༨)ལོར་མིང་རྒྱལ་རབས་ཀྱི་གོང་མ་ཡང་ལོས་ཀྱིས་ནང་བློན་ཐའི་ཀྱེན(ཉུག་རུམ)བཞི་བོད་དུ་མངགས་ནས་རྗེ་ཙོང་ཁ་པར་འཚམས་འདྲི་ཞུས་ཤིང་། ཙོང་ཁ་པས་རང་ཉིད་ཀྱི་སྐུ་ཚབ་ཏུ་རང་ཉིད་ཀྱི་སློབ་མ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་བཏང་ནས་རྒྱ་ནག་ཏུ་དགེ་ལུགས་པའི་ཆོས་ཐོག་མར་སྤེལ། གོང་མ་ཡུང་ལོས་ཀྱིས་ནན་ཅན་དུ་བོད་ཡིག་བཀའ་འགྱུར་ཟངས་དཔར་དེ་ཐོག་མར་དཔར་བརྐོས་བྱས་ཐོགས་སྐྱ་པ་དང་། ཀརྨ་པ། ཙོང་ཁ་པ་བཅས་ལ་བོད་ཡིག་ཟངས་དཔར་གྱི་བཀའ་འགྱུར་ཆ་ཚང་རེ་ཕུལ་རྒྱུ་བསྐུར་བ་རྣམས་བོད་དུ་འབྱོར་རྗེས། བོད་དུ་ཡོད་པའི་མཁས་པ་མང་པོ་དགའ་ཚོར་ཆེན་པོ་བྱུང་བར་མ་ཟད། མཐོང་རྒྱ་ཆེ་རུ་ཕྱིན་པ་རེད།

     དེ་སྔོན་མ་གཞི་བོད་དུ་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་ནས་བཟུང་ཤིང་ལྡེབས་དང་། རྡོ་ངོས་ལ་ཤིང་ལོ་དང་མེ་ཏོག་སྲོག་ཆགས་ཀྱི་གཟུགས་རིས་བཅས་བརྐོ་ཤེས་ཀྱི་ཡོད་ཀྱང་། དེ་ཚོའི་གྲས་བརྐོས་རིས་མཁས་པ་ཚོས་རང་ཉིད་ཀྱི་ལག་རྩལ་ཆུ་ཚད་མཐོ་དམན་ལ་གཞིགས་པའི་གང་འདོད་ལྟར་བརྐོས་ཆོག་པ་ལས་གཅིག་གྱུར་གྱི་ཚད་གཞི་ངེས་ཅན་མེད་པས་ཅུང་ཟད་སྟབས་བདེ་ཡང་། ཤིང་ལེབ་ཐོག་ཏུ་ཡི་གེ་བརྐོ་རྒྱུ་ནི་དཔེ་བྲིས་པ་ལྟར་ཚད་གཞི་ངེས་ཅན་གཞིགས་ནས་བརྐོ་དགོས་པས་ལག་རྩལ་གྱི་ཆུ་ཚད་མཐོ་པོ་དགོས་ཀྱི་ཡོད། ཟངས་དཔར་དང་ཁྲོ་དཔར་ལུགས་བརྒྱབ་ནས་བརྐོ་རྒྱུ་དེ་ཤིང་དཔར་ལས་སྟབས་བདེ་ཡང་། སྐབས་དེར་བོད་དུ་ཟངས་དང་། ཁྲོ་ཡི་གཏེར་ཁ་དཀོན་པོ་ཡིན་པས་དཔེ་ཆ་ཕོན་ཆེན་དཔར་སྐྲུན་བྱེད་རྒྱུར་རྒྱུ་ཆའི་ཐད་དཀའ་ལས་ཆེན་པོ་ཡོད་པ་དང་། བོད་རང་གི་དཔར་སྐྲུན་རྒྱུ་ཆའི་ཐད་ཤིང་ཆ་འབོལ་པོ་ཡོད་པའི་ཐོག བོད་ཀྱི་བརྐོས་རིས་ཐད་ཤིང་བརྐོས་དང་། རྡོ་བརྐོས་ཀྱི་ལག་རྩལ་མཐོ་པོ་ཡོད་པ་བཅས་ཀྱི་གནས་ཚུལ་དངོས་ཡོད་དང་བསྟུན་ནས་ཕག་གྲུ་སྡེ་སྲིད་ཁྲི་རབས་ལྔ་པ་དབང་གྲགས་པ་རྒྱལ་མཚན་གྱིས་ཐོག་མར་ས་སྐྱ་གོང་མ་ལྔའི་གསུང་འབུམ་ཐོག་མར་དཔར་བརྐོས་གནང་ཤིང་། ཙོང་ཁ་པ་འདས་རྗེས་སྣེའུ་རྫོང་དཔོན་ནམ་མཁའ་བཟང་པོས་སྦྱིན་བདག་བྱས་ནས་ཙོང་ཁ་པའི་གསུང་འབུམ་ཆ་ཚང་དཔར་བརྐོས་བྱས་པའི་དཔར་ཤིང་དེར་ཡོངས་གྲགས་སུ་དགའ་ལྡན་དཔར་རྙིང་ཟེར་གི་ཡོད་པ་དང་། དཔར་ཤིང་དེའི་ཐོག་དཔར་འདེབས་བྱས་པའི་དཔེ་ཆ་ཁག་མང་དེང་སང་སེ་ར་འབྲས་སྤུངས། པོ་ཏ་ལ་བཅས་སུ་མང་པོ་མཐོང་རྒྱུ་ཡོད་པ།དེ་ཚོའི་ཁྱད་ཆོས་ནི། དཔར་ཤིང་གི་འགོར་ཡོད་པའི་ལྷ་སྐུ་རྣམས་དབུ་ཆེ་ཞིང་། སྐེད་པ་དང་རྐང་པ་ཕྲ་བ། སྟོད་ཞེང་ཆེ་བ་བཅས་བརྐོས་རིས་དེ་ཙམ་ལེགས་པོ་མེད་རུང་། དཔར་ཡིག་གི་གཟུགས་ནི་ཟངས་དཔར་དང་ཁྲོ་དཔར་ཐོག་བཀོད་པའི་ཡིག་གཟུགས་ལྟར་ཧ་ལས་དགོས་པའི་ལག་རྩལ་ཡོད། བོད་ཡིག་གི་དཔར་སྐྲུན་ལག་རྩལ་བོད་དུ་དར་བ་ནས་བཟུང་བོད་ཀྱི་རིག་གཞུང་སྔར་ལས་ལྷག་པའི་དར་རྒྱས་བྱུང་བ་མ་ཟད། ཡིག་གཟུགས་དང་དག་ཆའི་ཐད་སྔར་ལས་ཅུང་ཟད་ཁྱབ་ཆེ་བའི་གཅིག་གྱུར་བྱུང་སྟེ། བོད་ཀྱི་ས་གནས་ཁག་གི་ཡུལ་སྐད་ཕན་ཚུན་གོ་བརྡ་མི་འཕྲོད་པ་ཁག་ཅིག་ཡོད་པ་ཕུད། དེ་མིན་གྱི་སྐད་རྣམས་བོད་ཀྱི་ས་གནས་ཁག་མང་ཆེ་བས་གོ་ཐུབ་ཀྱི་ཡོད་པ་དེའི་ཐོག་ནས། དཔར་སྐྲུན་ལག་རྩལ་དར་བ་དེས་བོད་ཀྱི་སྐད་ཡིག་སྔར་ལས་ལྷག་པར་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་ཐུབ་པའི་ར་སྤྲོད་གསལ་པོ་བྱུང་ཡོད། གོང་དུ་བཤད་པ་ལྟར་མིང་རྒྱལ་རབས་གྱི་གོང་མ་ཡུང་ལོས་བོད་ཡིག་གི་བཀའ་འགྱུར་ཆ་ཚང་ནན་ཅིན་དུ་དཔར་སྐྲུན་བྱས་ཏེ། སྐབས་དེར་བོད་དུ་སྐད་གྲགས་ཡོད་པའི་ཆོས་ལུགས་མི་སྣ་ས་སྐྱ་བ་དང། ཀརྨ་པ། ཙོང་ཁ་པ་བཅས་ལ་དཔར་ཕུད་དུ་ཆ་ཚང་རེ་ཕུལ་བ་དེས་བོད་དུ་དཔར་བརྐོའི་ལག་རྩལ་གསར་གཏོད་བྱེད་པའི་སྒོ་གསར་པ་ཕྱེ་བ་མ་ཟད།དེ་ནས་བཟུང་དབུས་གཙང་། མངའ་རིས། མདོ་ཁམས། སྡེ་དགེ ཡུན་ནན། སི་ཁྲོན། ཀན་སུའུ། མཚོ་སྔོན། ནང་སོག ཕྱི་སོག་བཅས་སུའང་བོད་ཡིག་གི་ཤིང་དཔར་དང་ཁྲོ་དཔར་བཅས་མང་པོ་འཕེལ་རྒྱས་བྱུང་བ་དེ་ཚོའི་ནང་ནས་དཔར་ཁང་ཆེ་ཤོས་ནི་བཞི་ཡོད་པ་སྟེ། ༡.བོད་རབ་བྱུང་བཅུ་གཉིས་པའི་ལྕགས་བྱ(༡༧༤༡)ལོར་སྐབས་དེའི་བོད་ཀྱི་སྲིད་འཛིན་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱིས་བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་ཤིང་དཔར་ཐོག་བརྐོས་ཏེ་པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ལ་ཕུལ་བ་དེ་སྣར་ཐང་དགོན་པའི་ནང་བཞག་པ་དེ་རེད། ༢.བོད་རབ་བྱུང་བཅུ་གཉིས་པའི་ཤིང་བྱི(༡༧༤༤)ལོར་སྡེ་དགེ་རྒྱལ་པོ་བསྟན་པ་ཚེ་རིང་གིས་སྡེ་དགེ་དགོན་ཆེན་དུ་བཀའ་འགྱུར་དང་བསྟན་འགྱུར་སོགས་སངས་རྒྱས་ཆོས་ལུགས་ཀྱི་དཔེ་ཆ་ཁག་མང་པོ་དཔར་བརྐོས་བྱས་པའི་དཔར་ཁང་དེར་ཡོངས་གྲགས་སུ་སྡེ་དགེ་དཔར་ཁང་ཟེར། ༣.རབ་བྱུང་བཅུ་གསུམ་པའི་ཆུ་སྤྲེལ(༡༧༥༢)ལོར་ཅོ་ནེ་དཔོན་བསྟན་སྲུང་ཚེ་རིང་དང་མེ་མོ་རིན་ཆེན་དཔལ་འཛོམས་གཉིས་ཀྱིས་དབུས་དཔར་དང་། པེ་ཅིན་གྱི་དཔར་མ། སྣར་ཐང་དཔར་མ་བཅས་ལ་ཕྱི་མོ་བྱས་ཏེ་བཀའ་བསྟན་ཤིང་དཔར་བརྐོས་ཏེ་དཔར་སྐྲུན་བྱས་པའི་ཅོ་ནེ་དཔར་ཁང་། ༤. དུས་རབས་ཉི་ཤུ་པའི་འགོར། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་རྒྱ་གར་ནས་ཕྱིར་ལོག་ཕེབས་རྗེས་པོ་ཏཱ་ལའི་ཞོལ་དུ་དེ་སྔོན་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་ནས་ཡོད་མུས་ཀྱི་དཔར་ཁང་རྙིང་པ་རྒྱ་སྐྱེད་བྱས་ཐོག་བཀའ་འགྱུར་སོགས་ཆོས་དཔེ་ཁག་མང་པོ་དཔར་སྐྲུན་བྱས་པ་དེར་དེང་སང་ཞོལ་དཔར་ཁང་ཟེར། དེ་མིན་སེ་ར་དང་། འབྲས་སྤུངས། དགའ་ལྡན། བཀྲ་ཤིས་ལྷུན་པོ། བླ་བྲང་བཀྲ་ཤིས་འཁྱིལ། སྐུ་འབུམ་སོགས་དགོན་པ་ཆེ་ཆུང་མང་པོར་བོད་ཡིག་གི་ཆོས་དཔེ་དང་། རིག་གནས། སྣམ་གཞུང་། ལོ་རྒྱུས། དག་ཡིག་སོགས་ཀྱི་དཔར་ཤིང་ཧ་ཅང་ཕོན་ཆེན་པོ་འདི་འདྲ་འཛམ་གླིང་ཐོག་ཧ་ཅང་མཐོང་དཀོན་པ་ཞིག་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1