༄༅།། གངས་ཅན་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཆེན་པོ་དཔལ་ལྡན་རྒྱུད་བཞིའི་པར་གཞི་སྣ་ཚོགས་ཇི་ལྟར་བྱུང་ཚུལ་བརྗོད་པ་ལས་སྡེ་དགེའི་རྒྱུད་བཞིའི་པར་མ་སྐོར་བཤད་པ།

རྩོམ་སྒྲིག་པ།ཡོང་ཁུངས།གོ་འཇོ་དབང་འདུས། སྤེལ་དུས། 12-13



གོ་འཇོ་དབང་འདུས། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན།


གངས་ལྗོངས་གསོ་རིག་སྨྲ་བའི་དབང་པོ་གོ་འཇོ་དབང་འདུས།
著名藏医药学家贡觉·旺堆


        ཨོཾ་ཨ་ཐཱ། བདེ་གཤེགས་སྨན་བླའི་གསང་གསུམ་ཡོན་ཏན་རྣམས། །གཅིག་བསྡུས་གངས་ཅན་སྨན་པའི་རྗེར་སྟོན་པའི། །གཡུ་ཐོག་པ་ཞེས་གྲགས་པ་གསར་རྙིང་གི །ཞབས་པད་ཚེ་རབས་ཀུན་ཏུ་བདག་གཙུག་མཆོད། །ཁ་བ་རི་པའི་གསོ་དཔྱད་བསྟན་པ་སྤྱི་དང་ཁྱད་པར་དུ། །དཔལ་ལྡན་གསོ་བ་རིག་པའི་རྒྱུད་སྡེ་རྣམ་བཞིའི་དགོངས་དོན་རྣམས། །འཆད་རྩོད་རྩོམ་སོགས་སྒོ་ནས་བསྟན་པ་ཕྱོགས་ཀུན་སྤེལ་མཛད་པའི། །སྔོན་བྱོན་མཁས་པའི་ཚོགས་ལ་སྙིང་ནས་རབ་གུས་དང་བས་འདུད། །གངས་ཅན་སྨན་རྒྱལ་གཡུ་ཐོག་གསར་རྙིང་གསུང་། །གངས་ལྗོངས་སྙིང་ནོར་དཔལ་ལྡན་རྒྱུད་ཆེན་བཞི། །གངས་ལྗོངས་སོགས་སུ་པར་དུ་བསྒྲུབས་ཚུལ་གཏམ། ། གངས་ཅན་དཔྱོད་ལྡན་ཡིད་ཀྱི་གསོས་སུ་གླེང་། །ཞེས་མཆོད་པར་བརྗོད་ཅིང་བརྩམ་པར་དམ་བཅའ་བའི་ཚིག་གིས་མདུན་བསུས་ཏེ། གང་གླེང་བ་ནི། ཇི་སྐད་དུ། མཁས་མཆོག་ཟུར་མཁར་བ་བློ་གྲོས་རྒྱལ་པོས། འཐབ་བྲལ་ལྷ་ཡི་ཡུལ་ནས་མ་འོང་ཞིང་། །ཆུ་གཏེར་ཆེན་པོ་དག་ཀྱང་མ་བསྲུབས་པར། །བསིལ་བའི་ལྗོངས་འདིར་བདུད་རྩིས་རབ་གང་བའི། །འཆི་མེད་བུམ་པ་རྒྱུད་བཞི་ཞེས་བྱ་བྱུང་། །ཞེས་དང་། བྱང་པ་ལྷུན་སྡིངས་པ་བདུད་རྩི་འགྱུར་མེད་ཀྱིས། ཟབ་དང་རྒྱ་ཆེ་ལེགས་བཤད་ཀུན་གྱི་གཏེར། །མ་ལུས་དགོས་འདོད་མཐའ་དག་འབྱུང་བའི་གཞི། །འགྲོ་བ་ཡོངས་ཀྱི་སྤྱི་ནོར་ཐར་པའི་ལམ། ། གསོ་རིག་རྒྱུད་ཀྱི་རྒྱལ་པོ་ཕྱག་གི་གནས། །ཞེས་དང་། བྱང་པ་མཻ་ཏྲིའི་མཚན་ཅན་གྱིས། དཔག་བསམ་ཤིང་དང་ཡིད་བཞིན་ནོར་བུ་ལས་ཀྱང་ཆེས་ལྷག་པའི། །འདོད་པའི་འབྲས་བུ་མ་ལུས་ཡོངས་སུ་བསྩོལ་བར་མཛད་པ་ཡི། །གསོ་དཔྱད་ཐེག་པ་མཆོག་གི་སྙིང་པོ་རྒྱུད་སྡེ་ཆེན་པོ་བཞིར། །སྐྱེ་དང་སྐྱེ་བར་སྙིང་ནས་འདུད་དོ་ཕན་དང་བདེ་བ་སྩོལ། །ཞེས་དང་། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས། རྟེན་ལུས་དང་བརྟེན་པ་སྲོག་བཅས་མི་ན་བར་གནས་ཤིང་ན་བ་གསོ་བར་བྱེད་པའི་རིག་པ་སྟོན་པའི་གཞུང་ལུགས་མཐའ་ཡས་ཀྱང་། དེ་དག་ཐམས་ཅད་ཀྱི་བཅུད། དཔལ་ལྡན་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཆེན་པོ་ཞེས་བྱ་བ། གོ་སླ། དོན་བཟང་། ཡན་ལག་བརྒྱད་ཀྱི་དོན་རྫོགས་པར་སྟོན་ཅིང་མཆོག་དམན་ཀུན་ལ་ཕན་པ་རླབས་སུ་ཆེ་བས་བོད་དུ་འགྱུར་བའི་བཀའ་དང་བསྟན་བཅོས་རྣམས་ཀྱི་ནང་ནས་ངོ་མཚར་རྨད་དུ་བྱུང་བ་འདིའི་ལུས་རྣམ་པར་གཞག་པ་རགས་པ་ཙམ་ཤེས་ན། གསོ་བྱེད་ཀུན་གྱི་དོན་བདེ་བླག་ཏུ་མཐོང་བར་འགྱུར་བས་མདོ་ཙམ་བཤད་པར་བྱ་བ་ཡིན་ནོ། །ཞེས་གསུངས་པ་ལྟར། ཡུལ་གངས་ཅན་པའི་གསོ་བ་རིག་པའི་གཞུང་ལུགས་ཐམས་ཅད་ཀྱི་རྩ་བའམ་ཕྱི་མོར་གྱུར་པའི་དཔལ་ལྡན་རྒྱུད་བཞི་ནི་བདེ་གཤེགས་སྨན་གྱི་བླ་མའི་རྣམ་རོལ་གངས་ལྗོངས་སྨན་གྱི་སྟོན་པ་ཆེན་པོ་རྗེ་བཙུན་གཡུ་ཐོག་པ་གསར་རྙིང་རྣམ་གཉིས་ཀྱི་རྨད་དུ་བྱུང་བའི་རྣམ་དཔྱོད་དང་བླ་ན་མེད་པའི་ཐུགས་བསྐྱེད་ལ་བརྟེན་ནས་བྱུང་བའི་འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་གཞན་ལ་མེད་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་དང་མཚུངས་པའི་གསོ་དཔྱད་ཀྱི་གཞུང་ལུགས་ཁྱད་དུ་འཕགས་པ་ཞིག་ཡིན། གཞུང་ལུགས་ཆེན་པོ་འདི་ཉིད་བོད་གངས་ཅན་གྱི་ལྗོངས་སུ་བྱུང་ནས་ད་བར་བགྲང་བྱ་ཆིག་སྟོང་ཉིས་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ནའང་། རབ་བྱུང་བརྒྱད་པ་ཙམ་བར་དཔལ་ལྡན་རྒྱུད་བཞི་ལག་བྲིས་ཁོ་ན་ལས་པར་དུ་བསྒྲུབས་པ་བྱུང་མེད། དེ་ཡང་དཔེར་མཚོན་ན། རྗེ་བཙུན་གཡུ་ཐོག་པའི་རྒྱུད་བཞི་ཕྱག་དྲེག་མ་དང་རྒྱུད་བཞི་གསེར་མཆན་མ། བྱང་པ་མིའི་ཉི་མའི་རྒྱུད་བཞི་སྙན་བརྒྱུད་མ། རྗེ་བཙུན་ཟུར་མཁར་བ་མཉམ་ཉིད་རྡོ་རྗེའི་རྒྱུད་བཞི་ཕྱག་དྲེག་མ་དང་རྒྱུད་བཞི་སྒམ་ནང་མ་རྣམས་བྲིས་མ་འབའ་ཞིག་ཡིན་ཅིང་། དེ་དག་གི་འཕྲིན་ལས་ཀྱི་རྒྱུན་ཁ་བ་རི་པའི་ཡུལ་གྲུ་མཐའ་དབུས་ཀུན་ཏུ་ཁྱབ་པར་གྱུར་ཏེ་འགྲོ་དོན་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་སྤེལ་ཐུབ་པ་བྱུང་ཡོད། འོན་ཀྱང་བྲིས་མ་ཕལ་ཆེ་བ་འབྲི་མཁན་རྣམས་ཡིག་གཟུགས་ལེགས་པ་ཙམ་ལས་བརྡ་སྤྲོད་དང་གསོ་དཔྱད་ཀྱི་གཞུང་སོགས་ཇི་བཞིན་རྟོགས་མཁན་ཆེས་ཉུང་བའི་དབང་གིས་བྲིས་མའི་ནང་གཞུང་དོན་ལྷག་པ་དང་། ཆད་པ། འཁྲུགས་པ་སོགས་ཀྱི་ཉེས་སྐྱོན་དུ་མ་བྱུང་ཞིང་དེ་ཉིད་མ་དག་རྒྱུན་འབྱམས་སུ་ཤོར་ཏེ་རྒྱུད་བཞིའི་གཞུང་དོན་གཅིག་གྱུར་མ་ཡིན་པ་སྣ་ཚོགས་བྱུང་བར་གྱུར། རྒྱུ་མཚན་དེར་བརྟེན་ནས་རབ་བྱུང་བརྒྱད་པའི་སྟོད་ཙམ་དུ་བྱང་པ་རིགས་ལྡན་ཆེན་པོའི་ཞལ་སློབ་ལྷུན་སྡིངས་པ་ལེགས་གྲུབ་དཔལ་གྱིས་དཔལ་ལྡན་རྒྱུད་བཞིའི་ཡ་གྱལ་རྩ་བ་ཐུགས་ཀྱི་རྒྱུད་ཀྱི་པར་གཞི་གསར་དུ་བསྒྲུབས་ཏེ་རང་གི་སློབ་དཔོན་རྒྱལ་པོ་པཎྜི་ཏ་བྱང་བདག་རྣམ་རྒྱལ་གྲགས་བཟང་ལ་ཕུལ་བ་དང་། རབ་བྱུང་བརྒྱད་པའི་སྨད་ཙམ་དུ་ཟུར་མཁར་བ་ཨ་བོ་ཆོས་རྗེའི་ཞལ་སློབ་ཕྲག་དབོན་བསོད་ནམས་བཀྲ་ཤིས་ཀྱིས་དཔལ་ལྡན་རྒྱུད་བཞིའི་ཡ་གྱལ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་པར་གཞི་གསར་དུ་བསྒྲུབས་ཏེ་རང་གི་སློབ་དཔོན་རྗེ་བཙུན་ཟུར་མཁར་བ་མཉམ་ཉིད་རྡོ་རྗེ་ལ་ཕུལ་བའི་ལོ་རྒྱུས་མཆིས་ཀྱང་དུས་ཀྱི་འགྱུར་བའི་དབང་གིས་དེང་སྐབས་པར་གཞི་དེ་གཉིས་པོ་རང་རེའི་འདྲེན་བྱེད་ཀྱི་ཡུལ་དུ་མཇལ་རྒྱུ་ཡོད་པར་མ་བཞུགས། དེའི་རྗེས་རབ་བྱུང་དགུ་པའི་མེ་ཕོ་རྟ་(སྤྱི་ལོ་1546)ལོར་མཁས་མཆོག་ཟུར་མཁར་བ་བློ་གྲོས་རྒྱལ་པོས་དཔལ་ལྡན་རྒྱུད་བཞི་ཞུས་དག་པར་གནང་ཞིང་སྡེ་པ་ཡར་རྒྱབ་པར་སྦྱིན་བདག་ཏུ་བསྐུལ་ཏེ་པར་དུ་བསྒྲུབས་ནས་གཏེར་སྟོན་གྲ་པ་མངོན་ཤེས་ཅན་གྱི་གདན་ས་དཔལ་གྲ་ཐང་གི་གཙུག་ལག་ཁང་དུ་བཞུགས་སུ་གསོལ་བར་མཛད། པར་གཞི་དེ་ནི་བོད་ཀྱི་གསོ་རིག་ལོ་རྒྱུས་ཐོག་རྒྱུད་བཞི་ཆ་ཚང་བར་པར་དུ་བསྒྲུབས་པ་ཐེངས་དང་པོ་དེ་ཡིན་ཅིང་། དེའི་རྗེས་སུ་གསོ་དཔྱད་ཀྱི་བསྟན་པ་འཛིན་པའི་སྐྱེས་ཆེན་དམ་པ་དུ་མའི་ཐུགས་བསྐྱེད་དང་འབད་བརྩོན་ལ་བརྟེན་ནས་སྔ་རྗེས་སུ་རྒྱུད་བཞི་སྦྱོར་རའི་པར་མ་དང་། རྒྱུད་བཞི་མངའ་རིས་ཀྱི་རྫོང་དཀར་པར་མ། རྒྱུད་བཞི་སྒམ་པོའི་པར་མ། རྒྱུད་བཞི་རྟག་བརྟན་ཕུན་ཚོགས་གླིང་གི་པར་མ། རྒྱུད་བཞི་ཨེའི་རོང་ཆ་དཀར་པར་མ། རྒྱུད་བཞི་པོ་ཏ་ལའི་པར་མ་དང་པོ། རྒྱུད་བཞི་པོ་ཏ་ལའི་པར་མ་གཉིས་པ། རྒྱུད་བཞི་དིང་རིའི་ཤེལ་དཀར་པར་མ། རྒྱུད་བཞི་སྡེ་དགེའི་པར་མ་དང་པོ། རྒྱུད་བཞི་སྡེ་དགེའི་པར་མ་གཉིས་པ། རྒྱུད་བཞི་སྐུ་འབུམ་བྱམས་པ་གླིང་གི་པར་མ། རྒྱུད་གསུམ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་པར་མ། རྒྱུད་བཞི་ལྕགས་པོ་རིའི་པར་མ། རྒྱུད་བཞི་པེ་ཅིན་གྱི་པར་མ། རྒྱུད་བཞི་ནང་སོག་ཐུ་མེད་ཀྱི་པར་མ། རྒྱུད་བཞི་འབྲུག་ཡུལ་གྱི་པར་མ་དང་པོ། རྒྱུད་བཞི་འབྲུག་ཡུལ་གྱི་པར་མ་གཉིས་པ། རྒྱུད་བཞི་ཕྱི་སོག་ཁལ་ཁའི་པར་མ། རྒྱུད་བཞི་ཨུ་རུ་སུའི་ཨ་ཀོའི་པར་མ་བཅས་ཁོ་བོ་ཅག་གིས་དངོས་སུ་མཇལ་བ་དང་སྔར་གྱི་དཔེ་རྙིང་རྣམས་སུ་དཀར་ཆག་གསལ་བར་འཁོད་པའི་པར་གཞི་མི་འདྲ་བ་ཉི་ཤུ་ཐམ་པ་བཞུགས་ཤིང་། གཤམ་དུ་གོང་སྨོས་ཀྱི་པར་གཞི་ཁག་མི་འདྲ་བ་ཉི་ཤུ་ཐམ་པ་སོ་སོར་ཞུས་དག་མཛད་མཁན་དང་། པར་བྱང་བསྩལ་མཁན། བསྟན་པའི་སྦྱིན་བདག་གནང་མཁན། པར་དུ་བསྒྲུབས་པའི་ལོ་ཚིགས། གང་དུ་བཞུགས་པའི་གནས། ད་ལྟ་མཇལ་དུ་ཡོད་པར་བཞུགས་ཡོད་མེད་བཅས་ཀྱི་སྒོ་ནས་རིམ་པར་འཆད་པར་བྱ་བ་ལས་སྐབས་འདིར་བཅུ་པ་རྒྱུད་བཞི་སྡེ་དགེའི་པར་མ་དང་པོ་དང་བཅུ་གཅིག་པ་རྒྱུད་བཞི་སྡེ་དགེའི་པར་མ་གཉིས་པ་འཆད་པར་བྱའོ། །

རྒྱུད་བཞི་སྡེ་དགེའི་པར་མ་དང་པོ།

གཅིག པར་གཞི་ཇི་ལྟར་བཞེངས་ཚུལ།

        ཇི་སྐད་དུ། སྡེ་དགེའི་པར་མའི་རྩ་རྒྱུད་ཀྱི་པར་བྱང་ལས། སྡེ་བཞིའི་དཔལ་ལྡན་དགེ་བཅུའི་རྫོགས་ལྡན་མགྲོན། །འབོད་པའི་བསོད་ནམས་མ་ལ་ཡར་སྐྱེས་དྲིས། །ཕུན་ཚོགས་ཚེ་ཡི་རྒུད་པ་ཡོངས་བཅིལ་བའི། །གསོ་རིག་བདུད་རྩི་འཛད་མེད་ཆར་དུ་བསྙིལ། །ཞེས་གསུངས་པ་ལྟར། སྡེ་དགེ་ཆོས་རྒྱལ་གྱི་ཁྲི་རབས་ལྔ་པ་བླ་ཆེན་བསོད་ནམས་ཕུན་ཚོགས་མཆོག་གིས་མཁས་མཆོག་ཟུར་མཁར་བ་བློ་གྲོས་རྒྱལ་པོས་ཞུས་དག་མཛད་དེ་པར་དུ་བསྒྲུབས་པའི་གྲ་ཐང་པར་མ་ལས་ཕྱི་མོ་འབྲུ་ལེན་བྱས་ནས་པར་ཞུས་མཛད་ཅིང་པར་བྱང་བསྩལ་ཏེ། སྡེ་བཞི་དགེ་བཅུའི་དཔལ་གྱིས་མངོན་པར་མཐོ་བའི་ལུགས་བརྒྱའི་འདུན་ས་དཔལ་ལྡན་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ཆེན་པོར་པར་དུ་བསྒྲུབས་ནས་བཞུགས་སུ་གསོལ་ཀྱང་དེང་སྐབས་མཇལ་དུ་མེད་པར་གྱུར་འདུག་པས་རྒྱུ་མཚན་གང་ཡིན་བརྟག་དགོས་པར་མཆིས་སོ། །པར་གཞི་འདི་ཉིད་བཞེངས་པའི་ལོ་ཚིགས་མ་གསལ་ཀྱང་བླ་ཆེན་བསོད་ནམས་ཕུན་ཚོགས་མཆོག་གིས་སྡེ་དགེའི་ལུགས་གཉིས་ཀྱི་སྲིད་བསྐྱངས་པའི་དུས་དེ་རབ་བྱུང་བཅུ་གཅིག་པའི་མཇུག་དང་རབ་བྱུང་བཅུ་གཉིས་པའི་སྟོད་གྱི་ཆར་ཡིན་པས་དུས་དེ་གཉིས་གང་རུང་ཞིག་ཏུ་བཞེངས་པར་རྟོགས་ནུས་པས་སོ། །

གཉིས། སྡེ་དགེ་ཆོས་རྒྱལ་བླ་ཆེན་བསོད་ནམས་ཕུན་ཚོགས་ཀྱི་སྐོར།

སྡེ་དགེ་ཆོས་རྒྱལ་བླ་ཆེན་བསོད་ནམས་ཕུན་ཚོགས་ནི། སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་འབྲི་ཟླ་ཟལ་མོའི་བར་སྒང་དུ་གཏོགས་པའི་མདོ་ཁམས་སྡེ་དགེ་ཆོས་རྒྱལ་གྱི་གདན་ས་ཆེན་པོ་དཔལ་ལྡན་ལྷུན་གྲུབ་སྟེང་དུ་ཡབ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་མེད་ཐབས་མེད་པའི་བཀའ་བློན་བཞིའི་ཡ་གྱལ་མགར་སྟོང་བཙན་ཡུལ་སྲུང་གི་གདུང་རྒྱུད་བར་མ་ཆད་པ་ལས་བྱོན་པའི་སྡེ་དགེ་རྒྱལ་པོ་ཨོ་རྒྱན་བཀྲ་ཤིས་ཀྱི་སྲས་སུ་སྐུ་བལྟམས། ཡུམ་གྱི་མཚན་དང་འཁྲུངས་ལོ་འཁོད་པའི་ཡིག་ཆ་མ་མཇལ། དགུང་ལོ་ཆུང་ངུའི་དུས་ནས་བརྡ་སྤྲོད་དང་། ཚད་མ། གསོ་རིག་བཅས་ཐུགས་སུ་ཆུད་པར་མཛད། ངོར་མཁན་ཆེན་འཇམ་དབྱངས་སངས་རྒྱས་ཕུན་ཚོགས་དང་། མཁན་ཆེན་བཟང་པོ་རྒྱལ་མཚན། ཆོས་རྗེ་ཀུན་དགའ་ཆོས་འཕེལ། ཆོས་རྗེ་དོན་གྲུབ་རྒྱལ་མཚན་སོགས་སྐྱེས་ཆེན་དམ་པ་དུ་མའི་ཞབས་པད་བསྟེན་ཏེ་སྡོམ་པ་གསུམ་གྱི་ཉམས་བཞེས་གནད་དུ་སྨིན་པར་མཛད་པས་གཞན་ཕན་བྱང་ཆུབ་སེམས་ཀྱི་ཐུགས་རྒྱུད་ཡོངས་སུ་གཏམས་པར་གྱུར། སྡེ་དགེའི་ཁྲི་རབས་ལྔ་པའི་ལུང་ལས་ཐམ་ཕྱག་ཏུ་འཛིན་ནས་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས། སྐབས་འདི་དུས་ཡིད་སྲུབས་བདག་པོ་སོག་པོ་ལྷ་བཟང་ཧན་གྱིས་༧རྒྱལ་མཆོག་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་ཡང་སྲིད་དུ་ཚ་བ་རོང་ནས་ལྷ་སར་འཁྱར་ཡོང་བའི་བཟའ་མི་གཉིས་ཀྱི་བྱིས་པ་རང་ག་བ་ཞིག་(ཡིག་ཆ་འགའ་ཞིག་ཏུ་ལྷ་བཟང་རང་ཉིད་ཀྱི་བུ་ཡིན་པར་བཀོད་པའང་མཆིས་སོ། )ལྷ་བླར་བརྟག་པ་ཞུ་བ་སོགས་གནའ་སྲོལ་ལུགས་མཐུན་གྱི་འགྲོ་ལུགས་གང་ཡང་མ་བརྒྱུད་པར་རང་གར་ཐོ་ཅོའི་སྒོ་ནས་པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ་ཞེས་མིང་བཏགས་ཏེ་རྒྱལ་བའི་གསེར་ཁྲིའི་སྟེང་དུ་བཞག་ཀྱང་། བོད་ཀྱི་སེར་སྐྱ་རྣམས་ཀྱི་བློ་ལ་མ་བབ་ཅིང་བརྩི་བཀུར་མ་ཐོབ་པ་མ་ཟད། ༧རྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་ལྷ་བླའི་བརྟག་བབས་ལྟར་རབ་བྱུང་བཅུ་གཉིས་པའི་ས་ཕོ་བྱི་བ་(སྤྱི་ལོ་1708)ལོར་མདོ་ཁམས་ལྷོ་རྒྱུད་ཀྱི་ལི་ཐང་དུ་སྐུ་བལྟམས་པར་གྱུར། དོན་དེ་ལྷ་བཟང་གིས་ཐོས་པས་ལྐོག་ཏུ་ངན་སྤྱོད་ཀྱིས་ཐོ་བཙམས་ནས་སོག་པོ་ཨེར་ཁེ་ཇུ་ནང་དཔུང་ཉུང་བསྡུས་ལི་ཐང་དུ་རྒྱལ་བའི་ཡང་སྲིད་རིན་པོ་ཆེ་བཀྲོང་བར་མངགས་ཀྱང་། སྡེ་དགེ་ཆོས་རྒྱལ་མཆོག་ནས་ལྷ་བཟང་གི་ཇུས་ངན་བཤམས་པ་དེ་མཁྱེན་རྗེས་འཕྲལ་དུ་བློན་པོ་ཆོས་སྐྱོང་བློ་གྲོས་དང་སྐུ་འཁོར་ཧྲག་བསྡུས་བཅས་ལི་ཐང་དུ་བཏང་སྟེ་རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་རྟ་(སྤྱི་ལོ་1714)ལོར་༧གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་དགུང་གྲངས་བདུན་བཞེས་སྐབས་ས་སྐྱོང་སྡེ་དགེའི་རྒྱལ་ཁབ་ཏུ་གདན་འདྲེན་ཞུས་ནས་བླ་ན་མེད་པའི་སྲི་ཞུ་བསྒྲུབས་པ་དང་སྐུ་ཕྱྭའི་འཇིགས་པ་ལས་གྲོལ་བའི་སྲུང་སྐྱོབ་མཛད་པས་ལྐོག་གཡོའི་ཇུས་ངན་ལས་རྣམ་པར་རྒྱལ་བར་གྱུར་ཅིང་། དེ་ནས་རིམ་བཞིན་རྒྱལ་བ་ཙོང་ཁ་པའི་སྐུ་བལྟམས་ཡུལ་སྐུ་འབུམ་བྱམས་པ་གླིང་སོགས་བྱང་ལམ་བརྒྱུད་ནས་དབུས་སུ་ཕེབས་པས་རབ་བྱུང་བཅུ་གཉིས་པའི་ལྕགས་ཕོ་བྱི་བ་(སྤྱི་ལོ་1720)ལོར་ཉེར་འཚེའི་བར་ཆད་མེད་པར་༧གོང་ས་རྒྱལ་བའི་དབང་པོ་མཆོག་ཉིད་གྲུ་འཛིན་གཉིས་པའི་ཕོ་བྲང་ཆེན་པོ་པོ་ཏ་ལར་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་ཐུབ་པའི་མཛད་རྗེས་རླབས་པོ་ཆེ་བཞག་པར་བརྟེན། གཞུང་ས་དགའ་ལྡན་ཕོ་བྲང་ནས་བཀའ་ཤོག་ཤེལ་བམ་སོགས་ཀྱི་གཟིགས་བཟོས་དང་གཟེངས་བསྟོད་འཕར་མ་ཐོབ་ཏེ་སྡེ་དགེ་ཆོས་རྒྱལ་གྱི་མཚན་སྙན་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ་པར་གྱུར། ཁྱད་པར་དུ་གསོ་བ་རིག་པའི་བསྟན་པ་བསྐྱངས་ཚུལ་ནི། རྗེ་འདིས་རྣམ་ཀུན་གཡུ་ཐོག་བླ་སྒྲུབ་ཆག་མེད་རྒྱུན་ཁྱེར་དང་། སྨན་གྱི་སྲུང་མ་ཞང་བློན་ཆེན་པོའི་རྟེན་སྒྲུབ་རྟགས་ཐོན་མཛད་ཅིང་། རིན་ཆེན་རིལ་ནག་ཆེན་མོ་སོགས་སྨན་སྦྱོར་ཟབ་གནད་ཅན་སྣ་ཚོགས་མཐོང་བརྒྱུད་ཀྱི་ཕྱག་ལེན་ཚུལ་བཞིན་གནང་སྟེ་སྨན་གྱི་སྦྱིན་པ་ཁོ་ནས་འགྲོ་བ་ཁྲི་སྟོང་དུ་མ་འབྲེལ་ཚད་དོན་ལྡན་གྱི་སར་བཀོད། མཁས་མཆོག་ཟུར་མཁར་བ་བློ་གྲོས་རྒྱལ་པོས་ཞུས་དག་མཛད་ནས་པར་དུ་བསྒྲུབས་པའི་གྲ་ཐང་པར་མ་ལས་འབྲུ་ལེན་བྱས་ནས་དཔལ་ལྡན་རྒྱུད་བཞིའི་པར་གསར་དུ་བཞེངས་ཏེ་འཛད་མེད་ཆོས་སྦྱིན་གྱི་སྒོ་འཕར་ཕྱེ་བ་སོགས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་བསྒྲུབས། དཔལ་ལྡན་ལྷུན་གྲུབ་སྟེང་གི་གཙུག་ལག་ཁང་བསམ་གྲུབ་མཐོང་གྲོལ་ཆེན་མོ་ཉམས་གསོ་དང་གཙང་ཁང་གསར་བཞེངས་གནང་བ་སོགས་བྱ་བ་ལས་ཀྱི་འཁོར་ལོ་རྣམས་རྒྱལ་རབས་གོང་མའི་འཕྲིན་ལས་ཀྱི་རྒྱུན་བསྐྱངས། རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་རྟ་(སྤྱི་ལོ་1714)ལོའི་དབྱུ་གུ་ཟླ་བའི་ཚེས་བཅུའི་ཉིན་མཁའ་སྤྱོད་མའི་འཕོ་བའི་རྣལ་འབྱོར་གསལ་བཏབ་ནས་ཞི་བར་གཤེགས་པར་གྲགས་སོ། །ཡིག་རྙིང་འགའ་རེར་དགུང་གྲངས་བདུན་ཅུ་བཞུགས་ཞེས་བཀོད་པའང་མཆིས་པས་དེ་ལྟར་ཡིན་ན་རྗེ་འདི་ཉིད་རབ་བྱུང་བཅུ་གཅིག་པའི་ས་ཕོ་སྤྲེལ་(སྤྱི་ལོ་1668)ལོར་འཁྲུངས་པ་ཡིན་པས་སླད་དཔྱོད་ལྡན་དག་གིས་ཁུངས་ལྡན་ཡིན་མིན་བརྟག་འཚལ་ལོ། །

རྒྱུད་བཞི་སྡེ་དགེའི་པར་མ་གཉིས་པ།

གཅིག པར་གཞི་ཇི་ལྟར་བཞེངས་ཚུལ།



སྡེ་དགེ་པར་མའི་རྒྱུད་བཞི། 
        ཇི་སྐད་དུ། གཞུང་འདིའི་ཕྱི་མ་རྒྱུད་ཀྱི་པར་བྱང་ལས། སྲིད་པའི་རྒྱུ་འབྲས་དུཿཁ་དྲུངས་འབྱིན་པའི། །ཟླ་མེད་ཐུགས་རྗེ་ཆེན་པོའི་རང་གཟུགས་གང་། །བཻ་ཌཱུརྱ་སྣང་ཞིང་དུ་རྣམ་རོལ་བའི། །སྨན་པའི་རྒྱལ་པོས་འགྲོ་འདི་དགེ་ལེགས་མཛོད། །དེ་ལ་འདིར་ཤེས་བྱ་རིག་པའི་གནས་ལྔའི་ནང་ཚན་ལས་གཞན་རྗེས་སུ་འཛིན་པ་ལ་ཕྱིའི་རིག་གནས་ཀྱི་གཙོ་བོར་གྱུར་པ་གསོ་བ་རིག་པ་འདི་ལ་འཕགས་བོད་རྒྱ་ནག་ལ་སོགས་པའི་ཡུལ་དུ་དྲང་སྲོང་དང་པཎྜི་ཏ་ལ་སོགས་པས་བརྩམས་པའི་བསྟན་བཅོས་མང་དུ་བྱུང་བ་ལས། རང་ཅག་ཁ་བ་ཅན་པ་ཉིད་དང་ཉེ་བར་འཚམ་པའི་གསོ་རིག་གི་གཞུང་ཁྱད་པར་དུ་འཕགས་པ། དཔལ་ལྡན་རྒྱུད་བཞི་ཞེས་ཡོངས་སུ་གྲགས་པ་འདི་ཉིད། ཆོས་རྗེ་རང་བྱུང་པ་དང་། བུ་སྟོན་ཐམས་ཅད་མཁྱེན་པ་དང་། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་དང་། དུས་ཕྱིས་ཟུར་མཁར་བ་བློ་གྲོས་རྒྱལ་པོ་སོགས་གཡུ་ཐོག་པ་ཉིད་ཀྱིས། ཡན་ལག་བརྒྱད་པ་སོགས་འཕགས་ཡུལ་གྱི་གཞུང་དང་། སོ་མ་རཱ་ཛ་སོགས་རྒྱ་ནས་བསྒྱུར་བའི་གཞུང་དང་། འཁོར་ལོ་རྒྱལ་པོའི་བེ་བུམ་སོགས་ཞང་ཞུང་ནས་བསྒྱུར་བའི་གཞུང་རྣམས་ཀྱི་དགོངས་པ་བླངས་ནས་བརྩམས་པར་བཞེད་པ་དང་། འགའ་ཞིག་གིས། བདག་ཅག་གི་སྟོན་པ་སྨན་རྒྱལ་གྱི་སྐུར་བཞེངས་ནས། རྗེས་སུ་གནང་བའི་བཀའ་དངོས་སུ་བཞེད་པ་དང་། འགའ་ཞིག་གིས། བཀའ་དངོས་ཡིན་ཀྱང་། སྔོན་སློབ་དཔོན་པདྨས་བསམ་ཡས་དབུ་རྩེར་གཏེར་དུ་སྦས་པ། གྲྭ་མངོན་དབང་ཕྱུག་འབར་གྱིས་ཕྱུང་བའི་གཏེར་མར་བཞེད་པ་སོགས་སྣ་ཚོགས་ཡོད་པ་དོན་ལ་ཇི་ལྟར་ཡང་། སྙིགས་མའི་དུས་ཀྱི་མི་བཟད་པའི་ཟུག་རྔུ་དྲག་པོ་དུས་མིན་དུ་རྣམ་པར་ལྡང་བའི་གཉེན་པོར་གྱུར་པས། སྐྱེ་དགུའི་ལུས་སེམས་ལ་ཕན་བདེའི་བཅུད་ལེན་སྟེར་བར་བྱེད་པའི་ཚིག་དོན་གྱི་ཆ་ཆེས་ཕུན་སུམ་ཚོགས་པར་མཁས་པ་རྣམས་བཞེད་པ་མཐུན་པ་ལྟར། གངས་ཅན་གྱི་ལྗོངས་འདིར་གསོ་བ་རིག་པའི་ཁུར་འཛིན་ཐམས་ཅད་ཀྱིས་བསྟེན་བྱ་གཅིག་པུར་གྱུར་པ་ཡིན་མོད། འོན་ཀྱང་བར་སྐབས་དུས་དབང་གིས་སྨན་པ་རྣམས་ཁོ་ནར་མ་ཟད། རིག་གནས་གང་ལའང་ཚུལ་བཞིན་སློབ་པ་མི་འབྱུང་ཞིང་། བསླབ་ཀྱང་ཤེས་པ་ཉུང་བས། གཞུང་འདིའང་འཆད་ཉན་གྱི་སྲོལ་ཇི་ལྟ་བ་ནུབ་པ་ལ་ཕྱོགས་པའི་ཚེ། ཟུར་མཁར་བ་མཉམ་ཉིད་རྡོ་རྗེའི་རིགས་ཆོས་ཀྱི་དབོན་པོ་མཁས་དབང་བློ་གྲོས་རྒྱལ་པོས་འགྲེལ་བཤད་དང་། ཞུ་ཆེན་གྱིས་གཏན་ལ་ཕབ་པ་བཞིན། ནང་སོ་ཡར་རྒྱབ་པས་པར་དུ་བརྐོས་པ་དང་། དེ་ལའང་དཔྱད་པས་མ་ཁྱབ་པའི་ནོར་ལུས་ཀྱི་རྙོག་མ་ཕྲན་བུ་བྱུང་བ་རྣམས། མི་དབང་སངས་རྒྱས་རྒྱ་མཚོའི་རྣམ་དཔྱོད་ཀྱི་ཀེ་ཏ་ཀས་བགྲུངས་པའི་ལྷ་ལྡན་པོ་ཏ་ལའི་པར་མ་འདི་ཉིད་ཀུན་གྱིས་ཡིད་རྟོན་པའི་གནས་སུ་རུང་བར་འདུག་པ་ལྟར། དེ་ཉིད་ལས་འབྲུ་ལེན་གྱི་ཕྱི་མོ་ཞུས་ཏེ། སྡེ་དགེ་བསྟན་པ་ཚེ་རིང་གི་ལྷག་བསམ་རྣམ་པར་དཀར་བས་སྐྱེ་དགུ་རྣམས་ཀྱི་ཕན་བདེ་དང་། གསོ་བ་རིག་པའི་བསྟན་པ་གོང་ནས་གོང་དུ་རྒྱ་ཆེར་སྤེལ་བའི་སླད་དུ། རབ་ཉི་ཆུ་གླང་ལོར་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ཆེན་པོར་པར་དུ་བསྒྲུབས་པ་འདིའི་དགེ་བས། ལུས་ཅན་ཀུན་གྱི་འཁོར་བའི་རྒྱུ་དུག་གསུམ་གྱིས་ཀུན་ནས་བསླངས་པའི་མི་དགེ་བ་དང་། འབྲས་བུ་ཚོར་བ་སྡུག་བསྔལ་སྐྱེད་པའི་རྣམ་གྱུར་འཕེལ་ཟད་འཁྲུགས་པའི་རང་བཞིན་གྱི་གདུང་བ་མཐའ་དག་མྱུར་དུ་ཞི་ནས། སྨན་པའི་རྒྱལ་པོའི་གོ་འཕང་ལ་གནས་པར་གྱུར་ཅིག །ཅེས་གསུངས་པ་ལྟར། མི་རྗེ་ས་ཡི་ཚངས་པ་ཆེན་པོ་སྡེ་དགེའི་ཁྲི་རབས་དྲུག་པ་ཆོས་རྒྱལ་བསྟན་པ་ཚེ་རིང་མཆོག་དགུང་གྲངས་ལྔ་བཅུ་རྩ་དྲུག་བཞེས་པ་རབ་བྱུང་བཅུ་གཉིས་པའི་ཆུ་མོ་གླང་(སྤྱི་ལོ་1733)ལོར་མི་དབང་པཎྜི་ཏ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཞུས་ཆེན་མཛད་པའི་པོ་ཏ་ལའི་པར་མ་ལས་ཕྱི་མོ་འབྲུ་ལེན་བྱས་ནས་པར་ཞུས་མཛད་ཅིང་པར་བྱང་བསྩལ་ཏེ། སྡེ་བཞི་དགེ་བཅུའི་དཔལ་གྱིས་མངོན་པར་མཐོ་བའི་ལུགས་བརྒྱའི་འདུན་ས་དཔལ་ལྡན་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ཆེན་པོར་པར་དུ་བསྒྲུབས་པས་དུས་ད་ལྟའི་བར་དུ་མ་ཉམས་པར་ཡུལ་གངས་ཅན་པའི་འགྲོ་བའི་བསོད་ནམས་ཀྱི་བགོ་སྐལ་དུ་བཞུགས་ནས་འགྲོ་དོན་འཕྲིན་ལས་བསམ་གྱིས་མི་ཁྱབ་པར་ བྱུང་དང་འབྱུང་བཞིན་ཡོད་པ་ལགས་སོ། །


གཉིས། སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་གི་སྐོར།

        སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་ནི། སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་འབྲི་ཟླ་ཟལ་མོའི་བར་སྒང་དུ་གཏོགས་པའི་མདོ་ཁམས་སྡེ་དགེ་ཆོས་རྒྱལ་གྱི་གདན་ས་ཆེན་པོ་དཔལ་ལྡན་ལྷུན་གྲུབ་སྟེང་དུ་ཡབ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་མེད་ཐབས་མེད་པའི་བཀའ་བློན་བཞིའི་ཡ་གྱལ་མགར་སྟོང་བཙན་ཡུལ་སྲུང་གི་གདུང་རྒྱུད་བར་མ་ཆད་པ་ལས་བྱོན་པའི་སྡེ་དགེ་རྒྱལ་པོ་དབང་ཆེན་མགོན་པོའི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ས་ཕོ་རྟ་(སྤྱི་ལོ་1678)ལོར་སྐུ་བལྟམས། མཚན་གཞན་དུ་བུ་རིན་པོ་ཆེ་དང་བུ་ལགས་(འཇམ་དཔལ་རྩ་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ། ས་ཡི་སྟེང་འདི་སྟོངས་པ་ན། །ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །དེ་ཚེ་དགོན་ཆེན་རབ་དགའ་བ། །ཁ་བ་ཅན་ན་ཡོད་པ་ཡིན། །ཞེས་གསུངས་པའི་ལུང་འདི་ཉིད་ཆོས་རྒྱལ་འདིའི་མཚན་ལ་བཞེད་པའང་མཆིས་སོ།)ཞེས་ཀྱང་ཞུ། སྔ་ཕྱིར་གཏེར་ཆེན་ཉི་མ་གྲགས་པ་དང་། དཔལ་རི་རིག་འཛིན་ཀུན་བཟང་འོད་ཟེར། མདོ་ཁམས་རྫོགས་ཆེན་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན། ངོར་ཨེ་ཝཾ་ཆོས་ལྡན་གྱི་མཁན་ཆེན་བཀྲ་ཤིས་ལྷུན་གྲུབ། ཡར་ཀླུངས་བཀྲ་ཤིས་ཆོས་སྡེའི་དབོན་རིན་པོ་ཆེ་ཀུན་དགའ་ལེགས་པའི་འབྱུང་གནས། དཔལ་སྤུངས་སི་ཏུ་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བ་སོགས་སྟོན་པ་ཐུབ་པའི་དབང་པོ་དང་ཞལ་མི་གཉིས་པའི་བསྟན་འཛིན་གྱི་སྐྱེས་ཆེན་དུ་མ་དབུའི་མཆོད་གནས་སུ་བཀུར་ནས་མདོ་སྔགས་ཀྱི་ཟབ་ཆོས་དུ་མ་གསན་བཞེས་གནང་། ཁྱད་པར་དུ་རྒྱ་གར་འཕགས་པའི་ཡུལ་དུ་འཚོ་བྱེད་གཞོན་ནུ་དང་། བོད་གངས་ཅན་གྱི་ལྗོངས་སུ་བྱང་བདག་རྣམ་རྒྱལ་གྲགས་བཟང་། མི་དབང་པཎྜི་ཏ་སངས་རྒྱས་རྒྱ་མཚོ་བཅས་ཀྱི་རྣམ་ཐར་བདག་གིར་བཞེས་ནས་གསོ་དཔྱད་སྨན་གྱི་རིག་པའི་བསྟན་སྒོར་ཞུགས་ཏེ། མཁས་མཆོག་དེལ་དམར་བ་བསྟན་འཛིན་ཕུན་ཚོགས་དང་། དཔལ་སྤུངས་སི་ཏུ་བསྟན་པའི་ཉིན་བྱེད་སོགས་བདེ་གཤེགས་སྨན་པའི་རྒྱལ་པོ་དང་ཞལ་མི་གཉིས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དུ་མའི་མདུན་ནས་གཡུ་ཐོག་སྙིང་ཐིག་གི་དབང་ལུང་། དཔལ་ལྡན་རྒྱུད་བཞིའི་བཤད་ཁྲིད། སྨན་ངོ་ངོས་འཛིན་དང་སྨན་སྦྱོར་བཟོའི་མཐོང་བརྒྱུད་ཀྱི་ཕྱག་ལེན་སོགས་གསོ་བ་རིག་པའི་གཞུང་དང་ལག་ལེན་སྐོར་གྱི་གདམས་ཟབ་སྣ་ཚོགས་མཐའ་ཀླས་པ་གསན་བཞེས་མཛད། རིས་སུ་མ་བཅད་པའི་འགྲོ་བ་ནད་ཀྱིས་མནར་བ་ཁྲི་ཕྲག་དུ་མར་མི་འཇིགས་སྲོག་གི་སྦྱིན་པ་བསྩལ་ཏེ་དུས་མིན་འཆི་བའི་འཇིགས་པ་ལས་བསྒྲལ། ཆིང་རྒྱལ་རབས་ཀྱི་གོང་མ་ཆེན་པོ་ཡུང་ཀྲེང་གིས་རབ་བྱུང་བཅུ་གཉིས་པའི་ལྕགས་མོ་གླང་(སྤྱི་ལོ་1721)ལོར་གཟིགས་སྐྱོང་དེད་དཔོན་ཞེས་པའི་ཆོ་ལོ་དང་རབ་བྱུང་བཅུ་གཉིས་པའི་ཆུ་ཕོ་བྱི་བ་(སྤྱི་ལོ་1732)ལོར་སྡེ་དགེ་དམག་འབངས་བྱམས་གཟིགས་ཀྱི་དེད་དཔོན་ཞེས་པའི་ཆོ་ལོ་དང་གསེར་གྱི་དམ་ག་བསྩལ་ཏེ། མི་བདག་ཆེན་པོར་དབང་བསྐུར་ཅིང་ནུབ་འདམ་སོག་ལ་སྐྱ་བོ་མན་ཆད་དང་ཤར་དར་རྩེ་མདོ་ཡན་ཆད་དབང་བསྒྱུར་ཆོག་པའི་བཀའ་ཕེབས་ཀྱང་སྔར་ཕན་དབང་བའི་རང་སྲིད་ཀྱིས་ཆོག་ཤེས་གནང་ནས་བདག་གིར་མ་མཛད། མངའ་འབངས་རྣམས་ལ་ཁྲལ་འུལ་ཡང་ཞིང་རྣམ་ཀུན་བརྡབ་གསིག་སོགས་མེད་པར་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་པས་སྡེ་དགེ་ཆོས་རྒྱལ་ཆེན་པོ་ཞེས་གངས་ཅན་ཡུལ་དབུས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོ་༧ཆོས་རྒྱལ་མེས་དབོན་རྣམ་གསུམ་ལྟར་ཀུན་གྱིས་བཀུར་ཞིང་བསྔགས་པའི་ཡུལ་དུ་གྱུར། རྗེ་འདིའི་མཛད་པ་གཙོ་བོ་དམ་པའི་ཆོས་ཁོ་ན་ལ་ཐུགས་ཕྱོགས་ཏེ་ཐུགས་དམ་ཉམས་བཞེས་ཀྱང་ན་རོ་མཁའ་སྤྱོད་མ་དང་། ཐུགས་རྗེ་ཆེན་པོ། སྒྲོལ་དཀར་ཡིད་བཞིན་འཁོར་ལོ་སོགས་ཀྱི་སྒོམ་བཟླས་དང་ ཐུན་མཚམས་སུ་དཀོན་མཆོག་རྗེས་དྲན། གཏོར་མ་བརྒྱ་རྩ། ཡན་ལག་བདུན་པ་རྣམས་ཆག་མེད་རྒྱུན་ཁྱེར། ཉིན་རེ་བཞིན་འཇམ་དཔལ་མཚན་བརྗོད་ཚར་བདུན་རེ། འཇམ་དབྱངས་ཀྱི་བསྟོད་པ་གང་བློ་མ་ཚར་ཉེར་གཅིག་རེ། སྒྲོལ་མའི་བསྟོད་པ་ཕྱག་འཚལ་ཉེར་གཅིག་མ་ཚར་ཉེར་གཅིག་རེ། མདོ་ཤེས་རབ་སྙིང་པོ་ཚར་དགུ་རེ། གཡུ་ཐོག་སྙིང་ཐིག་གི་བླ་སྒྲུབ་རྒྱུན་ཁྱེར། སྨན་སྲུང་ཞང་བློན་ཆེན་པོ་རྡོ་རྗེ་བདུད་འདུལ་གྱི་གསོལ་ཀ་བཅས་ཞལ་འདོན་ཆག་མེད་གནང་། དེ་བཞིན་རྗེ་འདིའི་ཞལ་ཐོག་ནས་མ་ཎི་དུང་ཕྱུར་གཅིག་དང་། འཇིགས་བྱེད་ཀྱི་བསྙེན་པ་དུང་ཕྱུར་གཅིག མགོན་པོའི་བསྙེན་པ་དུང་ཕྱུར་གཅིག སེང་གདོང་མའི་བསྙེན་པ་དུང་ཕྱུར་གཅིག གཞན་ཡང་ཡི་དམ་དུ་མའི་བདག་བསྐྱེད་ཀྱི་སྙིང་པོ་བྱེ་བ་ས་ཡ་དུ་མ་སོང་བ་བརྗོད་ཀྱིས་མི་ལངས། གཙང་གི་ངོར་ཨེ་ཝཾ་ཆོས་ལྡན་དང་ལྷུན་གྲུབ་སྟེང་གི་གཙུག་ལག་ཁང་ཉམས་གསོ། འཛམ་ཐོག་དགོན་དང་། ལྡན་དྲན་ཐང་དགོན། དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་སོགས་གཙུག་ལག་ཁང་བཅུ་བདུན་གསར་བཞེངས། གདན་ས་ཆེན་པོ་དཔལ་ལྡན་ལྷུན་གྲུབ་སྟེང་དུ་གསེར་ཟངས་ལས་གྲུབ་པའི་བླ་མ་དང་། ཡི་དམ། སངས་རྒྱས། བྱང་སེམས། མཁའ་འགྲོ། ཆོས་སྐྱོང་བཅས་ཀྱི་སྐུ་བརྙན་བཟོ་བཀོད་ཁྱད་དུ་འཕགས་པ་སུམ་བརྒྱ་ལྔ་བཅུ་ཙམ་དང་། ཙན་དན་དཀར་དམར་ལས་གྲུབ་པའི་སངས་རྒྱས་སྟོང་གི་སྐུ་བརྙན་ཚར་གཉིས། ཙན་དན་ལས་གྲུབ་པའི་བཟོ་བཀོད་ཁྱད་དུ་འཕགས་པ་ཅན་གྱི་བདེ་གཤེགས་མཆོད་རྟེན་ཐོག་བརྩེགས་རེ་ལྡན་པ་བརྒྱད། གསེར་བྲིས་ཀྱི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཚར་གཅིག དངུལ་བྲིས་ཀྱི་བསྟན་འགྱུར་རིན་པོ་ཆེ་ཚར་གཅིག ཁྱད་པར་དུ་ཆོས་ཀྱི་སྦྱིན་པ་དང་བསྟན་པའི་བཙས་སུ་དགོངས་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་པོ་ཏི་བརྒྱ་དང་གསུམ། ས་སྐྱའི་བཀའ་འབུམ་པོ་ཏི་བཅོ་ལྔ། གསོ་བ་རིག་པའི་དཔལ་ལྡན་རྒྱུད་བཞི། དེལ་དམར་བའི་གསུང་བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་གོང་ཤེལ་ཕྲེང་། དེ་མིན་འདོན་ཆོག་གི་སྐོར་དང་། ཆོས་འབྱུང་། རྣམ་ཐར་སོགས་པོ་ཏི་དྲུག་ཅུ་ཡར་འདས་ཀྱི་དཔར་གསར་དུ་བསྒྲུབས། བསྟན་འགྱུར་རིན་པོ་ཆེ་པོ་ཏི་ཉི་ཤུ་ཙམ་གྱི་པར་གསར་དུ་བཞེངས་པའི་དབུ་ཚུགས་པ་སོགས་མདོར་ན་སངས་རྒྱས་ཀྱི་བསྟན་པར་བྱ་བ་བྱས་པའི་ཕྱག་རྗེས་ལ་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོར་གྲགས་པ་དག་གིས་ཀྱང་བསྒྲུན་དུ་མེད་པ་དཔེར་མཚོན་ན། སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་ཞེས་འཛམ་གླིང་གི་ཡངས་པའི་ས་ཕྱོགས་ཀུན་ལ་མེད་པའི་ཡིད་བཞིན་གྱི་ནོར་བུའི་མཛོད་ལྟ་བུ་འདི་ཉིད་རྗེ་འདིས་རབ་བྱུང་བཅུ་གཉིས་པའི་ས་མོ་བྱ་(སྤྱི་ལོ་1729)ལོར་བཞེངས་ཤིང་། ད་ཆ་ཆོས་མཛོད་འདིའི་ནང་ཆོས་རྒྱལ་འདི་དང་རྒྱལ་རབས་རིམ་བྱོན་སོགས་ནས་པར་དུ་བསྒྲུབས་པའི་བཀའ་བསྟན་འགྱུར་གཉིས་ཀྱི་གཙོས་འཕགས་བོད་མཁས་པའི་གསུང་སྣ་ཚོགས་ཀྱི་པར་ཤིང་ཁྲི་ཕྲག་སུམ་ཅུ་སོ་དགུ་ལྷག་ཙམ་བཞུགས་པའང་རྗེ་འདི་པའི་རླབས་ཆེན་གྱི་ཐུགས་བསྐྱེད་དང་རྨད་དུ་བྱུང་བའི་མཛད་འཕྲིན་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་ནོ། །དེ་ལྟ་བུའི་རླབས་ཆེན་གྱི་མཛད་པ་འཕྲིན་ལས་རྣམས་རེ་ཞིག་གྲུབ་པའི་ཚུལ་བསྟན་ཏེ་དགུང་གྲངས་དྲུག་ཅུ་རྩ་གཅིག་བཞེས་པ་རབ་བྱུང་བཅུ་གཉིས་པའི་ས་ཕོ་རྟ་(སྤྱི་ལོ་1738)ལོར་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་ཐིམ་པར་གྱུར་ཏོ། །

        སྨྲས་པ། རིན་ཆེན་ནོར་བུའི་མཛོད་དང་མི་མཉམ་པའི། །མེས་པོའི་ཕྱག་སོར་ལས་བསྐྲུན་ཤུལ་བཞག་ནོར། །དུས་ཀྱི་འགྱུར་བས་རྨེག་མེད་གྱུར་པ་འདི། །བསམ་ཚེ་འདྲེན་བྱེད་མཆི་མ་མི་བསྙིལ་སུ། །འོན་ཀྱང་བསྟན་པ་ཉམས་ཞེས་སྡུག་བསྔལ་ནས། །སྡོད་པས་ཅི་ཕན་སྔོན་བྱོན་རྗེས་ཞུགས་ཏེ། །བསྟན་ལ་སྲི་ཞུ་ཅུང་ཙམ་བསྒྲུབ་ནུས་ན། །དོན་དང་ལྡན་པའི་བྱ་བ་ཡིན་པར་སེམས། །མཐོན་པོའི་ཐོབ་དང་ཕྱུག་པོའི་ནོར་སོགས་ཀྱིས། །རང་བསྟན་ཉམས་པ་གསོ་བའི་མཐུ་མེད་ངའི། །སྙིང་དབུས་རང་རིགས་ཞེན་པའི་ལ་རྒྱ་ཡིས། ། སྔོན་བྱུང་གསལ་བའི་དྲན་གསོས་འདི་ཉིད་བྲིས། །རྣམ་དཀར་འདི་ལ་དགེ་འབྲས་ཅུང་མཆིས་ན། །གངས་ལྗོངས་རྒྱལ་བསྟན་སྤྱི་དང་ཁྱད་པར་དུ། །རྗེ་བཙུན་གཡུ་ཐོག་ཡོན་ཏན་མགོན་པོ་ཡི། །བསྟན་པ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །བསྟན་པ་དེ་འཛིན་དཔོན་སློབ་འཁོར་བཅས་ཀུན། །རང་ལུགས་མེས་པོའི་བཞེད་སྲོལ་མི་ཉམས་ཕྱིར། །འཁོར་ལོ་གསུམ་གྱི་མཛད་བཟང་ལ་བྲེལ་ནས། །སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་འགྲུབ་ཤོག །ཅེས་པ་འདིའང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་དགེ་རྒན་གྱི་གྲལ་མཐར་འཁོད་པའི་དགེ་མིང་འཛིན་པ། བདེ་ལྡན་ཞིང་གི་མགོན་པོ་སྣང་བ་མཐའ་ཡས་ཀྱི་རྣམ་རོལ་༧པཎ་ཆེན་ཐམས་ཅད་མཁྱེན་པ་ཆོས་ཀྱི་རྒྱལ་མཚན་སོགས་དམ་པ་འགས་གོ་འཇོ་དབང་འདུས་ཞེས་མིང་དུ་བསྩལ་བའི་རྨོངས་རྟུལ་གྱི་ན་བ་དེས་རབ་བྱུང་བཅུ་བདུན་པའི་ཤིང་ཕོ་སྤྲེལ་ལོའི་ཆུ་སྟོད་ཟླ་བའི་ཚེས་བཞི་སྟེ། འོ་སྐོལ་གྱི་༧སྟོན་པ་ཐུགས་རྗེ་ཅན་མཉམ་མེད་ཤཱཀྱ་སེངྒེས་འཁོར་ལྔ་སྡེ་བཟང་པོ་ལ་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་བསྐོར་བའི་དུས་བཟང་པོར་བོད་ཀྱི་ཡུལ་དབུས་ལྷ་ལྡན་སྤྲུལ་པའི་ཞིང་ཁམས་སུ་མཇུག་རྫོགས་པར་སྦྱར་བའོ། ། སརྦ་མངྒ་ལཾ། །

གསལ་བཤད། གོང་གསལ་གྱི་རྒྱུད་བཞི་སྡེ་དགེའི་པར་མ་སྔ་ཕྱི་གཉིས་ཀྱི་མཚམས་སྦྱོར་འདི་ནི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བ་གོ་འཇོ་དབང་འདུས་ཀྱིས་བརྩམས་པའི་གངས་ཅན་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཆེན་པོ་དཔལ་ལྡན་རྒྱུད་བཞིའི་པར་གཞི་སྣ་ཚོགས་ཇི་ལྟར་བྱུང་ཚུལ་བརྗོད་པའི་གཏམ་དཔྱོད་ལྡན་ཡིད་གསོས་ཞེས་བྱ་བའི་ནང་ནས་ལྷུ་འདོན་བྱས་པ་ཡིན་ནོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1