༄༅།། ཚེ་རིང་དབྱངས་སྐྱིད་ཀྱི་སྒྲུང་རིང‹‹མེ་ཏོག་དང་རྨི་ལམ།››ལས་བུད་མེད་ཀྱི་སྐྱོ་གར་གླེང་བ།

རྒྱལ་མཚན། རྩོམ་སྒྲིག་པ།ཡོང་ཁུངས།གངས་དཀར་རི་བོ། སྤེལ་དུས། 12-13



རྒྱལ་མཚན། (ཟི་ལིང་།)
        [ནང་དོན་གནད་བསྡུས།] སྒྲུང་གཏམ་འདིའི་ནང་དུ་བོད་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་སའི་དེང་རབས་འཚོ་བ་མཚོན་ལ་གྲོང་ཁྱེར་ཆེན་པོའི་བསླུ་བྲིད་འོག་གྲོང་གསེབ་ནས་གྲོང་ཁྱེར་དུ་ཡོང་བའི་བུད་མེད་བཞིའི་ལང་ཚོའི་མེ་ཏོག་ལ་གས་ཆག་ཤོར་ཞིང་འཚོ་བའི་གནོན་ཤུགས་ཀྱི་རྦ་རླབས་དྲག་པོས་སྡུག་བསྔལ་རྒྱ་མཚོའི་འཇིངས་ལ་བསྐྱལ། དངོས་པོའི་ལོངས་སྤྱོད་དང་མི་གཤིས་ཀུན་སྤྱོད་ཀྱི་འགྱུར་བག་ལ་སོགས་པའི་འཚོ་བའི་འགལ་འདུ་གང་མང་ཞིག་ཚིག་དང་ཡི་གེ་སྲུབས་ལས་མཚོན་པར་བྱས་ཡོད་པས། དཔྱད་རྩོམ་འདིར་རྩོམ་མཁན་གྱིས་བུད་མེད་ཚོའི་ལས་དབང་དང་རྩིས་ཐང་ལ་དུས་དང་ཁོར་ཡུག་གིས་བར་ཆད་ཐེབས་ཏེ་སད་ཀྱིས་བཅོམ་པའི་མེ་ཏོག་བཞིན་སྐྱ་ཟད་སྔོ་སྡུག་གི་རྣམ་པར་གནས་བའི་སྐྱོ་གར་ཞིག་བློས་བསླངས་བྱས་ཡོད་པའི་ཚུལ་ལ་ཅུང་ཟད་དཔྱད་ཡོད།
        [གནད་ཚིག] སྒྲུང་རིང་‹‹མེ་ཏོག་དང་རྨི་ལམ›› བུད་མེད་ཀྱི་སྐྱོ་གར། ལང་ཚོའི་མེ་ཏོག
        རྩོམ་རིག་སྨྲ་བ་དག་གིས་“རྩོམ་རིག་ཁྱབ་ཁོངས་ཁྲོད་ཀྱི་བྱུང་རིམ་དང་བཀོད་འབྲི་དང་རྩོམ་གཤིས་ལྟ་བུའི་གྲུབ་ཆ་དག་ནི་སྒྲུང་རིང་ཁོ་ནས་བརྒྱང་ཐུབ་ལ། སྒྲུང་རིང་ནི་རྩོམ་རིག་གི་ཚད་གཞི་ཡིན་པ་དང་། སྒྲུང་རིང་ནི་རྩོམ་རིག་ནར་སོན་པའི་རྟགས་མཚན་ཡིན”[footnoteRef:1][1]ཟེར།
        རྩོམ་པ་པོ་ཚེ་རིང་དབྱངས་སྐྱིད་གསར་རྩོམ་གྱི་ལམ་དུ་ཞུགས་སྔ་ནའང་ཤིན་ཏུ་ལྕི་བའི་ཁྱིམ་བདག་མའི་གནོན་ཤུགས་དང་བྱ་བའི་བྲེལ་གསེང་བར་ནས་སྒྲུང་རིང་ཞིག་འབྲི་རྒྱུའི་རེ་འདུན་ད་བར་དུ་མངོན་འགྱུར་མ་ཐུབ། ད་རེས‹‹མེ་ཏོག་དང་རྨི་ལམ››ཞེས་པའི་སྒྲུང་རིང་མི་ཡུལ་དུ་སྐྱེས་སུ་ཕུལ་བས་སྐྱེས་མའི་རྩོམ་རིག་ལ་སྔ་ན་མེད་པའི་གསོན་ཤུགས་གསར་བ་དང་སྒོས་སུ་ཕ་སྐད་མ་ཡིག་གི་གཟི་བྱིན་མཐོ་རུ་བཏེགས་ཏེ་སྐྱེས་མའི་ཕ་སྐད་སྒྲུང་རིང་གི་སྟོང་ཆ་ཡོངས་སུ་བསྐངས། འདས་པའི་མི་ལོ་སུམ་ཅུ་ལྷག་གི་ཡར་སྔོན་ནམ་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་བར་བོད་དུ་རྩོམ་རིག་གསར་བའི་རླབས་རྒྱུན་གང་སར་མཆེད་པས། མྱུ་གུ་ཐོགས་ཚད་པས་རྩོམ་འབྲིའི་ཤེས་རྟོགས་ལ་བརྟེན་ནས་དགའ་བའི་གླུ་བླངས་ཤིང་སྐྱོ་བའི་སྨྲེ་ངག་བཏོན། ཏག་ཏག་དུས་སྐབས་འདི་དང་བསྡོངས་ནས་རླབས་ཆེ་བའི་སྐྱེས་མ་རྣམས་ཀྱིས་ཀྱང་ལོ་ངོ་སྟོང་ཕྲག་མང་པོའི་རིང་སྨྲ་བ་འགག་པའི་སྐྱེས་མའི་གནས་སྟངས་ལ་གད་རྒྱངས་བསྒྲགས་ཤིང་། རྣམ་པ་གསར་བའི་སྒོ་གླེགས་དལ་གྱིས་ཕྱེས་ནས་སྐྱེས་མའི་ལོ་རྒྱུས་ཡི་གེར་ཕབ་ལ་དུས་རབས་གསར་བའི་བརྗོད་བྱ་རྩོམ་རིག་གི་སྲོག་ཏུ་བླུས། དུས་རིམ་མི་འདྲ་བས་སྤྱི་ཚོགས་ཀྱི་གནས་བབ་འདྲ་མི་སྲིད་ལ། རྩོམ་རིག་གི་བརྗོད་བྱ་དེ་བས་ཀྱང་གཅིག་མཐུན་ཡིན་ག་ལ་སྲིད། གཡང་འཚོ་སྐྱིད་ཀྱི་རྩྭ་ཐང་གི་ཉིན་ཐོས་མཚོན་པའི་གཉེན་སྒྲིག་རང་དབང་མིན་པའི་བརྗོད་བྱས་བག་ཆགས་རྙིང་བའི་གོ་ཆ་བསྒོས་པའི་རྒད་པོ་སྨ་ར་ཅན་ཚོར་ཅོ་འདྲི་བསྩལ་ཅིང་། རྒྱ་ཡིག་གི་ལམ་ནས་གསར་རྩོམ་ལས་ལ་གཞོལ་བའི་ཡེ་ཤེས་སྒྲོལ་མ་སོགས་ཀྱིས་རྒྱ་བོད་མི་རིགས་མཐུན་སྒྲིལ་གྱི་གདང་དབྱངས་ངག་ལ་གྱེར། ཚེ་རིང་དབྱངས་སྐྱིད་ཁོང་གསར་རྩོམ་ལམ་དུ་ཞུགས་ཉིན་ནས་ནང་དོན་གསར་བར་འབད་མཁན་ཞིག་དང་དུས་རབས་ཀྱི་ཆ་འཕྲིན་སྡུད་གསོག་རྒྱག་མཁས་པའི་གྲས་སུ་གཏོགས། ཁོ་མོས་རྟག་པར་“གསར་རྩོམ་ལ་གཞོལ་རྒྱུ་ནི་ངའི་དགའ་ཕྱོགས་དང་མོས་ཕྱོགས་ཙམ་མ་ཡིན་པར་ངའི་ཚེ་སྲོག་གི་གྲུབ་ཆ་གལ་ཆེན་ཞིག་དང་རྣམ་ཤེས་ཀྱི་རྟེན་ས་གལ་ཆེན་ཞིག་ཡིན”[footnoteRef:2][2]ཞེས་པས་ལངས་ཕྱོགས་བརྟན་པོའི་རང་གི་གསར་རྩོམ་ཀུན་སློང་དང་སེམས་འདུན་མཚོན་ཐུབ་ལ། རྣམ་པ་ཀུན་ཏུ་ཆེས་སྤྱིར་བཏང་དང་བབ་ཆགས་ཀྱི་སྐད་ཆ་ལ་བརྟེན་ནས་རང་དང་ཐག་ཉེ་བའི་ཁོར་ཡུག་གིས་རང་ལ་སྤྲད་པའི་ནང་སེམས་ཀྱི་འགྱུར་བ་དག་ཡི་གེ་རི་མོའི་གཟུགས་སུ་ཕབ་སྟེ། “མ་གཞིར་ང་ལ་ཟ་འོག་ཐགས་སུ་བཀྲ་བའི་གོང་མའི་ན་བཟའ་སྐྲུན་པའི་སྤོབས་པ་མེད་ཀྱང་། ཤེས་རབ་དང་འོག་འགྱུ། བརྩོན་འགྲུས་དང་དཀའ་སྤྱད་བཅས་ལ་བརྟེན་ནས། འཚོ་བའི་རྣལ་མ་བཀད་དུ་བྲེས་པའི་རྩོམ་རིག་གི་པང་གདན་བཏགས་ཏེ་ཀློག་པ་པོའི་སྤྱན་ལམ་དུ་བསྟར་རྒྱུ་ནི། ཁོ་མོས་རྩོམ་རིག་གསར་བའི་ཐད་བཅངས་པའི་ཕུགས་བསམ་ཡིན”[footnoteRef:3][3]པས་ན། སྒྲུང་གཏམ་འདི་ཕྱོགས་གཉིས་ནས་བལྟས་ཆོག་སྟེ། ཕྱོགས་གཅིག་ནས་གྲོང་གསེབ་ཀྱི་བུ་མོ་བཞིའི་རེ་སྨོན་དང་འཚོལ་སྙེག་གིས་ཡོངས་སུ་ཁེངས་བའི་མི་ཚེའི་ཕུགས་འདུན་དེ་འགྲུབ་མ་ཐུབ་པའམ། རེ་ལྟོས་ཁྲི་ཁྲག་གི་སྨོན་འདུན་ཡོད་ཚད་དེ་ལས་ལྡོག་སྟེ་ཆག་གྲུམ་ཤོར་བའི་སྐྱོ་གར་བྲིས་འདུག་ལ། ཡང་ཕྱོགས་གཞན་ཞིག་ནས་བལྟས་ན་ཆ་རྐྱེན་ཞན་པའི་གྲོང་གསེབ་ཀྱི་བུ་མོ་བཞིའི་མི་ཚེ་སྐྱོ་གར་བློས་བསླངས་བྱས་པ་ལས་བཞེངས་བའི་རྩོམ་པ་པོའི་ནང་སེམས་ཀྱི་ན་ཟུག་ཤ་དང་རུས་པའི་གསེང་ལས་བརྡོལ་འོང་།

གཅིག དུས་ཀྱི་རི་གཟར་ནས་གྲིལ་བའི་རྦབ་རྡོ།
དང་པོ། སྒྲོལ་དཀར་དང་གཡང་འཛོམས།
        སྒྲུང་གཏམ་འདི་འགོ་ཚུགས་མ་ཐག་ཏུ་རྩོམ་པ་པོས་ཆེས་སྤྱིར་བཏང་གི་བུ་ཁྲིད་ཟ་ཁང་ནས་གཏམ་གྱི་བྱུང་རིམ་བརྩམས་ཤིང་། དེའི་མུར་སྦྱིན་བདག་མ་བུ་ཁྲིད་ཀྱིས་རང་གི་ཚོང་མི་བྲིན་པའི་གནས་བབ་ལ་གཞིགས་ནས་གྲོང་གསེབ་ཏུ་ལས་མི་འཚོལ་དུ་ཕྱིན་མོད་ལག་སྟོང་མཆན་ལ་བཙིར་ནས་ཕྱིར་ལོག་དགོས་བྱུང་བས། ཧམ་ཐོབ་ཀྱི་དམིགས་སྒོ་རང་དང་ཉེ་དུར་ཅུང་འགྲོ་བའི་ཡུལ་མི་སྒྲོལ་དཀར་ལ་གཏད་དེ་གཞོན་ནུ་མའི་ལང་ཚོའི་འགུག་ཤུགས་དེ་མོའི་ཐབས་ཆག་གི་ཚོང་དོན་གཉེར་བྱེད་ཀྱི་ལག་ཆར་བསྒྱུར། སྤྱིར་འཚོ་ཚིས་ཀྱི་དོད་དུ་ངས་ཁྱོད་ལ་དངུལ་སྤྲད་ན་ཁྱོད་ཀྱིས་ང་ལ་གང་མཁོའི་ཞབས་ཞུ་འདོན་དགོས་པ་ཆོས་ཉིད་ཡིན་མོད། དེ་ལ་ཐོག་མའི་ཆ་རྐྱེན་ཞིག་ཡོད་པ་ནི་ཕ་རོལ་པོ་ལས་རིགས་དེའི་ངོ་བོ་དང་གླ་ཆར་འཐད་པའི་ཆ་རྐྱེན་འོག་གཞི་ནས་དང་ལེན་བྱེད་སྲིད་པས་སུ་དང་གང་ལའང་བཙན་ཤེད་ཀྱིས་གཉའ་བར་འཇོག་དབང་མེད་མོད། སྐབས་འདིར་བུ་ཁྲིད་ཀྱིས་རང་གི་ལག་ལ་དངུལ་མང་པོ་ཐོབ་ཆེད་སྦྱིན་བདག་ཀརྨ་རྡོ་རྗེ་བསུས་ཤིང་མོ་ལ་མཁོ་བ་དངུལ་དང་སྦྱིན་བདག་མ་མཁོ་བ་ལང་ཚོ་དར་བ་བབས་པའི་གཞོན་ནུ་མ་ཡིན་པའི་དམིགས་འདུན་དེ་འགྲུབ་ཕྱིར་ཉེས་མེད་ཀྱི་སྒྲོལ་དཀར་ལ་གོད་ཆག་གི་མདུང་རྩེ་སྤྲད་པ་ནི་ཤིན་ཏུ་མི་རུང་སྟེ། ཁོ་མོ་རང་ཉིད་ནས་དངུལ་གྱི་ཆེད་དུ་དེ་ལྟར་བྱས་ན་ནི་སུ་ལའང་ལག་བསྲིངས་བའི་འོས་མ་མཆིས་མོད་སྐབས་འདིར་བཞེངས་སྐྲུན་བྱས་པའི་སྒྲོལ་དཀར་གྱི་གནས་སྟངས་དེ་བུ་ཁྲིད་ཀྱི་ལྐོག་གཡོ་ཤ་སྟག་ལས་བྱུང་བས་མོ་ལ་མགོ་སྐོར་དངུལ་ལེན་གྱི་ཉེས་བ་དང་ཀརྨ་རྡོ་རྗེ་ཡིས་བཙན་གཡེམ་གྱི་ནག་ཉེས་བསགས་ཡོད། “རང་གི་ཨ་ཅག་བུ་ཁྲིད་ལ་དངུལ་ལོར་བྱུང་ན་ཁྱེད་དང་འདྲ་བའི་གྲོང་གསེབ་ཀྱི་བུད་མེད་ལྷད་མེད་དེ་ཚོ་ཐོག་ཁར་སྒོ་ལྕགས་བརྒྱབ་སྟེ་བཅུག་རྐྱང་རེད”[footnoteRef:4][4]་ཅེས་པ་འདི་ལས་ཀྱང་ཁོ་མོ་བྱོལ་སོང་གི་ལས་འདི་ལ་བྱང་ཆ་ལྡན་པ་རྟོགས་སླ་བས། ཁྲིམས་ཡོད་ལུགས་ཡོད་ཀྱི་ད་ལྟའི་སྤྱི་ཚོགས་ནང་ཁྲིམས་ཁ་ན་ཐར་ས་ག་ལ་ཡོད། རྩོམ་མཁན་གྱིས་འདི་ལྟར་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་བེམ་རོ་རོ་ལངས་བརྒྱབ་པ་ལྟ་བུ་ཞིག་བཞེངས་བསྐྲུན་བྱས་པ་ནི་མོའི་བསམ་འདུན་དངོས་ཡིན་མི་སྲིད་མོད་ལོ་ཆུང་གཞོན་ནུ་མའི་གནས་སྟངས་ལ་སྐྱོ་དྲགས་ཏེ་ཅུང་བརྩེ་གདུང་གི་དབང་དུ་གྱུར་བ་ཨེ་ཡིན་བསམས་བྱུང་། རྒན་ལྷག་པ་ཆོས་འཕེལ་གྱིས་“ཚེ་རིང་དབྱངས་སྐྱིད་ཀྱི་བརྩམས་སྒྲུང་ལ་གནམ་ས་གཡོ་བར་བྱེད་པའི་བརྗིད་ཉམས་ཤིག་མེད་ནའང་། ནང་དོན་རྣམས་རྒྱུན་གཏན་གྱི་འཚོ་བ་དངོས་ལ་ཞུན་བརྡར་བྱས་པའི་ཉིང་ཁུ་ཡིན་པས་མི་སེམས་གཡོ་བར་བྱེད་པའི་ཁྱད་ཆོས་ཡོད་” [footnoteRef:5][5]ཅེས་གསུངས་བ་བཞིན། ཁོ་མོའི་སྨྱུག་རྩེ་ཡི་མདུང་ཁ་བསྐོར་ས་ལོ་ཆུང་གཞོན་ནུ་རྣམས་དང་སྒོས་སུ་སྐྱེ་ཁུངས་དམན་པའི་ཉམ་ཆུང་ཞིང་དབུལ་པོའི་གཞོན་ནུ་ཕོ་མོ་ཟུང་གི་འཚོ་བའི་གནས་སྟངས་ལ་མནོ་སེམས་ཞིབ་ཏུ་བཏང་སྟེ་བརྩམས་སྒྲུང་ལས་ཁོ་མོའི་བསམ་འདུན་དངོས་མངོན་པར་མཚོན་ནོ། མི་སྣ་མང་པོ་མེད་ནའང་བཅུ་དྲུག་ལང་ཚོའི་གཞོན་ཤ་རྫོགས་པའི་སྨན་ཤར་བཞིའི་ལས་དབང་བརྩམས་ཆོས་ཀྱི་སྲོག་ཏུ་བླུས་ཏེ་རེ་རེ་བཞིན་བཀྲལ་ཡོད། དྲག་ཆར་གྱིས་མ་བཅོམ་པའི་མེ་ཏོག་རེ་རེར་རང་གི་མཚར་སྡུག་གི་གཟི་དཔལ་མཆིས་མོད། ལས་བསམ་སར་མི་འགྲོ་གསེག་སར་འགྲོ་ཞེས་པའི་དཔེ་ལྟར། སྒྲོལ་དཀར་དང་ལས་དབང་གཅིག་པའི་གཡང་འཛོམས་ནི་ཁྱིམ་གྱི་འཁོས་ཀ་ཞན་ནའང་ཤིན་ཏུ་བརྩེ་བའི་ཕ་མ་གཉིས་ནི་བག་ཆགས་རྙིང་བ་ཐོལ་གྱིས་བསུས་ཏེ་རང་དབང་རང་འཐད་ཀྱི་བཟའ་ཟླར་གྱུར་པས་ཕན་ཚུན་ཤིན་ཏུ་འཆམ་ལ་གཡང་འཛོམས་དཔྲལ་བའི་མིག་བཞིན་གཅེས་སྐྱོང་བྱེད། དེ་ལྟར་ལོ་རེ་བཞིན་ཡོང་འབབ་ཀྱང་ལྟོས་བཅས་ཀྱིས་ཇེ་བཟང་ཡིན་པས་ལོ་སར་སྐབས་བརྙན་འཕྲིན་ཞིག་ཉོ་བར་ཁ་འཆམ། བརྙན་འཕྲིན་ཉོས་ཏེ་ལོ་སར་མཚན་ཚོགས་ལ་བལྟ་རྒྱུའི་འདུན་པ་ཆེ་བ་ནི་གྲོང་གསེབ་ཀྱི་མི་བུ་ཐུན་མོང་གི་སྐབས་དེའི་བསམ་པའི་ལོངས་སྤྱོད་ཆེ་ཤོས་དེ་ཡིན་སྲིད། ཕུགས་འདུན་དེ་མངོན་འགྱུར་བྱ་ཆེད་ལམ་ཐག་རིང་བའི་ལྷ་སར་བསྐྱོད་དེ་ཁྱིམ་ལ་སྔར་ལས་ལྷག་པའི་དགོད་སྒྲ་ཞིག་བསྐྱལ་འཆར་ཡིན་མོད། མཐར་ཕ་བསྟན་འཛིན་རླངས་འཁོར་གྱིས་བརྫིས་ཏེ་ཕྱིར་ཡོང་མེད་པ་ནི་ཏག་ཏག་ལམ་ལ་ཆས་ཁར་ཆུང་མས་བཀྱགས་པའི་ཆང་དཀར་ཁ་སྦུབ་ཏུ་ལོག་སྟེ་རྟེན་འབྲེལ་ལོག་པས་རྣམ་རྟོག་ལུང་བ་མེད་པ་ཞིག་བྱུང་བ་ནི་བོད་རིགས་བྱིངས་ཀྱི་རིག་གནས་ངོས་འཛིན་ཞིག་དང་དོན་བཟང་ངན་བརྟག་པའི་ཐབས་ལམ་འགང་ཆེ་ཤོས་ཤིག་ཀྱང་ཡིན། མི་ཚེ་ནི་སྐྱིད་སྡུག་རེས་སུ་འཁོར་བའི་ངང་ཚུལ་ལས་བདའ་ཐབས་བྲལ་བས་ད་ནི་གཡང་འཛོམས་ཀྱི་བདེ་སྐྱིད་སྐད་ཅིག་འཇའ་ཚོན་བཞིན་ཡལ་ཏེ་ཕ་འདས་བས་མ་ཚད་མ་མས་ཀྱང་རྗེས་བསྙེགས། ཁོ་མོ་སྐྱབས་དང་དཔུང་གཉེན་བྲལ་བའི་བྱེའུ་ཕྲུག་ཐང་གྱར་དུ་གྱུར་ཚར་ནས་རྫོང་དཔོན་སྙན་གྲགས་ཚང་གི་བུ་རྫི་མར་འགྲོ་དགོས་བྱུང་བ་ནི་སྡུག་མྱངས་བའི་མཐའ་མར་སྐྱིད་ཅིག་འཆར་རྒྱུའི་སྔ་ལྟས་སུ་བསྒོམས་མོད། འཇིག་རྟེན་ཁམས་ལ་ཚང་བདེ་དཀོན་ཞེས་པ་བདེན་པར་མཐོང་སྟེ། དང་ཐོག་རྫོང་དཔོན་ཚང་གི་ཐབ་ཚང་དེ་ཉལ་སར་བཀོད་སྒྲིག་བྱས་པར་མི་མོས་པ་མེད་ཁར་ཁང་ཆུང་དེ་ནི་རང་ཁྱིམ་གྱི་ལྷ་ཁང་ཆུང་ཆུང་ལས་དཀར་ཆ་དོད་པས་རང་ལ་བདག་པའི་ཞིང་ཁམས་ཞིག་ཏུ་ངོས་འཛིན་བྱས་ཏེ་དེ་རིང་ནས་བཟུང་རང་ཉིད་གྲོང་ཁྱེར་ནང་གི་མི་ཆགས་པ་རེད་སྙམ་སྟེ་གཉིད་དང་བྲལ་བའི་མཚན་མོ་ཐོག་མ་དེ་བསྐྱལ། ཨ་ཅག་སྒྲོལ་མས་གཡང་འཛོམས་གྱིས་ཟ་མ་མ་ལས་པའི་སྔོན་ལ་ཕུང་བོ་བརྟག་དཔྱད་བྱེད་དགོས་པའི་རེ་བ་བཏོན་པར་དེ་ཙམ་མི་གོམས་ནའང་སྦྱིན་བདག་ལ་བསྟུན་རྒྱུ་ལས་ངོ་བཟློག་པར་ག་ལ་ནུས། བདེ་ཐང་ལ་དང་དོད་བྱེད་མིན་ཐད་གྲོང་གསེབ་དང་གྲོང་ཁྱེར་གྱི་མིར་ཧེ་བག་ཆེན་པོ་ཡོད། ཕྱོགས་གཅིག་ནས་འདང་བརྒྱབ་ན་གྲོང་ཁྱེར་གྱི་མིར་འཚེར་སྣང་རྒོད་པའི་སྣང་བ་ཞིག་སྟེར་མོད་ངོས་གཞན་ཞིག་ནས་བསམ་བློ་བཏང་ཚེ་དེ་ནི་ཅིས་ཀྱང་རང་གཞན་ཀུན་ལ་ཕན་པའི་སྟ་གོན་ཡག་ཤོས་དེ་ཡིན་པས། སྐབས་འདིར་གྲོང་གསེབ་ཀྱི་མིར་དོགས་འཚེར་མེད་པའི་ལྷད་མེད་གཞུང་དྲང་གི་རྣམ་པ་ཞིག་དང་གྲོང་ཁྱེར་གྱི་མི་གཟབ་གཟབ་ལ་གོམས་པའི་འཚོ་གནས་ཀྱི་བར་ཁྱད་དམ་ཁོར་ཡུག་གི་བསྐྱེད་འབྲས་ཤིག་ཀྱང་ངང་གིས་ཚོར་ཡོང་། དེ་ལྟར་ཁྱིམ་ལས་ལ་བྱང་ཆ་དོད་དེ་ཟས་རིགས་སྣ་ཚོགས་ཨ་ཅག་སྒྲོལ་མའི་མངག་བཀོད་ལྟར་བཟོ་ཐུབ་ཀྱིན་པའི་བར་སྐབས་ཤིག་ལ། འགལ་བ་གཞན་ཞིག་སྟེ། སྐུ་རླུང་རྒོད་པའི་ཨ་ཅག་སྒྲོལ་མས་རང་ལ་ཡང་དང་བསྐྱར་དུ་དངུལ་བརྐུས་པའི་བསྙོན་འཛུགས་བྱས་མཐར་ཁྱིམ་དེ་དང་མི་གྱེས་རང་གྱེས་བྱུང་། རྫོང་དཔོན་སྙན་གྲགས་ཚང་གི་གནས་ཚུལ་བྲིས་པ་བརྒྱུད་ང་ཚོར་འཚོ་བའི་དཀའ་ཉོག་གཞན་ཞིག་བརྒྱུད་སྒྲོག་བྱས་བྱུང་སྟེ། རྫོང་དཔོན་གཞུང་དོན་དུ་ཕྱི་ཡུལ་དུ་སྡོད་ཡུན་རིང་བས་བུ་མོའི་སློབ་གསོའི་ཐད་ལྟ་སྐྱོང་འཐུས་ཤོར་བྱུང་བ་དང་། ཨ་ཅག་སྒྲོལ་མ་ནམ་རྒྱུན་མཱ་ཅང་ལ་མགོ་འཁོར་ནས་དངུལ་འབོར་ཆེན་དེ་རུ་བསྟིམས་ཀྱིན་པ་བུ་མོའི་མིག་གི་ཚེར་མར་གྱུར་ཏེ་ཨ་མ་ཞེས་བའི་བརྩེ་སེམས་ཉམས་ཤིང་མའི་བཀའ་ལ་ཉན་རྒྱུ་ཕར་ཞོགས་ཕྱིར་ཁ་འཐབ་ཤ་སྟག་བྱེད་ཀྱིན་མཐར་བུ་མོའི་སློབ་སྦྱོང་གི་སྦྱང་འབྲས་མར་ངོའི་ཟླ་བར་གྱུར་ཞིང་། ཕྱིའི་རྣམ་པ་ཁོ་ནར་དང་དོད་བྱེད་པའི་ལོག་ལམ་དུ་ཕྱིན་ཏེ་རང་ཁྱིམ་དང་གྱེས། འདི་ལས་གྲོང་ཁྱེར་དུ་གནས་སྡོད་བྱས་པའི་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་བཟང་ནའང་དྲོད་སྐྱིད་ཡལ་བའི་འབྱུང་རྐྱེན་ངོ་སྦྱོར་བྱས་ཡོད། “སྤྱིར་སྒྲུང་གཏམ་དུ་རང་ཉིད་ཀྱི་ལྟ་ཚུལ་བརྗོད་པའི་སྐད་ཆ་ཉུང་ན་བཟང་། དུས་རྒྱུན་གསར་རྩོམ་གྱི་ཁྲོད་དུ་རྩོམ་པ་པོའི་ལྟ་ཚུལ་དེ་མི་སྣ་གཙོ་བོས་ཐབས་ཚུལ་དུ་མས་བརྗོད་ཀྱིན་ཡོད་པས་དགོས་གལ་ཤིན་ཏུ་ཆེན་པོ་མེད་ན་རྩོམ་པ་པོས་རང་གི་ལྟ་ཚུལ་ཐད་ཀར་དུ་བརྗོད་ན་སྒྲུང་གཏམ་གྱི་ཁ་ཕྱོགས་དེ་རྩོམ་པ་པོས་ཁ་ལོ་བསྒྱུར་བཞིན་ཡོད་པ་མངོན་སུམ་ཡིན་པས་སྒྱུ་རྩལ་གྱི་རིན་ཐང་མར་ཆག་འབྱུང་བའི་ཉེན་ཁ་ཡོད་”[footnoteRef:6][6]ཅེས་བསྟན་པ་ལྟར་རྩོམ་པ་པོ་ཁོང་གིས་ཀྱང་ཐབས་ཚུལ་དེ་ལེགས་པར་སྤྱད་ཡོད།
        གཡང་འཛོམས་གནས་དེ་དང་ཁ་གྱེས་ནས་གར་འགྲོ་འདིར་འགྲོ་མེད་པའི་སྐབས་སུ་དེ་སྔོན་སྒྲོལ་དཀར་གྱིས་སྤྲད་པའི་ཁ་པར་ཨང་གྲངས་བརྒྱུད་ནས་ཁོ་མོའི་སར་ཕྱིན། སྒྲོལ་དཀར་གྲོང་ཁྱེར་དུ་ཡོང་འབབ་གསོག་ཏུ་ཡོང་སྟེ་ཞབས་ཞུ་མའི་ལས་རིགས་འདྲ་མིན་ལ་འཇུས་མོད་གླ་ཆ་ཤིན་ཏུ་དམའ་བས་ཁྱིམ་གྱི་དཀའ་ཁག་དག་སེམས་ནད་དུ་གྱུར། དྭངས་གཙང་ལུས་པོ་ཀརྨ་རྡོ་རྗེས་བརྫད་རྗེས་དེ་ལ་གཅེས་སྐྱོང་གི་འདུ་ཤེས་ཉམས་ལ། ནུ་བོའི་སློབ་རིན་དང་པ་ཕའི་སྨན་རིན། ད་དུང་ཁྱིམ་གྱི་གྱང་རོ་བསླང་ཕྱིར་ལས་རིགས་ཀྱི་གཙང་བཙོག་ངོ་བོར་ཁ་ཡ་མ་བྱས་པར་གླ་ཆ་མཐོ་བའི་སྤྲོ་སྐྱིད་ཁང་གི་ཞབས་ཞུ་མའི་ལས་འདི་དང་ལེན་བྱས། ཚེ་རིང་དབྱངས་སྐྱིད་ཀྱི་རྩོམ་སྤྱི་ལ་ཁྱབ་པའི་ཁྱད་ཆོས་ཤིག་ནི་གྲོང་གསེབ་ཀྱི་བུད་མེད་དང་ལོ་ཆུང་གཞོན་ནུས་རྨི་ལམ་བསྙེག་པའི་ལས་དབང་གི་དཀའ་སྡུག་ཡོད་ཚད་ལ་བྱམས་བརྩེ་དང་སྙིང་རྗེས་གཟིགས་ཤིང་། བྱམས་ལྡན་ཕ་མ་ཞིག་གི་མི་གཤིས་དྲོན་མོས་ཀུན་ནས་བསླངས་ཏེ། བརྩམས་ཆོས་ཧྲིལ་བོའི་བརྗོད་དོན་མཚོན་པར་བྱས་ཡོད།

གཉིས་པ། འཛོམས་སྐྱིད་དང་ཞའོ་ལི།
        སྒྲོལ་དཀར་སྡོད་སའི་གནས་དེ་ན་ད་ད་དུང་ལོ་ཆུང་གཞོན་ནུ་མ་གཉིས་ཡོད་དེ། སྤྲོ་སྐྱིད་ཁང་ནང་གི་མིང་ཨུག་ཆོས་མེ་ཏོག་གམ་དངོས་མིང་འཛོམས་སྐྱིད་དུ་འབོད་པ་དང་ཨར་ཁར་ནང་ལྟོགས་ལྷ་མེ་ཏོག་གམ་ཞའོ་ལི་ཟེར་བ་གཉིས་འདུགཁོ་གསུམ་ག་ལས་རིགས་དེར་ཞུགས་ནས་བཟང་ཁ་མཐུན་ཕྱོགས་སུ་གྱུར་ཏེ་གུ་དོག་པའི་ཁང་མིག་གཅིག་ལ་འཛོམས་ཡོད། འཛོམས་སྐྱིད་ཀྱི་ཆ་རྐྱེན་གཞན་གསུམ་ག་ལས་བཟང་ནའང་སློབ་གྲྭའི་ནང་དགའ་རོགས་བསྒྲིགས་ཏེ་མངལ་འཁོར་ཞིང་མཐར་ཁྲེལ་མེད་མཛའ་བོས་རྩ་བཞིན་དོར་པས་སྨན་འཐུང་ནས་མངལ་འཆོར་དུ་བཅུག་པས་ཨ་མས་བཀའ་བཀྱོན་ནན་མོ་བཏང་བ་དང་སློབ་གྲྭའི་ནང་གི་གླེང་གཞིར་གྱུར་པས་གནོན་ཤུགས་མ་ཐེག་པར་མཐར་ཁྱིམ་དང་ཁ་བྲལ་ཏེ་དེ་རིང་གི་ལས་འདིར་ཞུགས། སི་ཁྲོན་གྲོང་གསེབ་ནས་ཡོང་བའི་རྒྱ་རིགས་ཞའོ་ལིས་མ་ཡར་གྱི་བརྙས་བཅོས་རབ་དང་རིམ་པ་མྱངས་ཏེ་ཡོང་འབབ་གསོག་ཏུ་ལྷ་སར་ཡོང་ལ་ལས་རིགས་འདྲ་མིན་བརྗེས་མཐར་སྤྲོ་སྐྱིད་ཁང་དུ་འབྱོར་པས་ཁོ་ཚོའི་ལས་དབང་ཕྲེང་ཐག་གཅིག་ལ་བརྒྱུས། སྐབས་འདིར་གཡང་འཛོམས་ཀྱང་ཆགས་ས་བརྟེན་ས་མེད་པར་ཡུལ་གྲོགས་སྒྲོལ་དཀར་ཡོད་སར་ཐོན། དང་པོ་མོ་རང་ཁོ་གསུམ་གའི་ལས་རིགས་འདིར་ཞེ་མེར་བའི་སྣང་བ་སྐྱེས་མོད། སོ་སོར་རང་གི་འཚོ་བའི་གནོན་ཤུགས་དང་སྐྱོ་གར་རེ་ཡོད་པ་རྟོགས་ནས་གཞི་ནས་ལྟ་སྟངས་འགྱུར། མོ་རང་ཐབས་རྡུགས་ནས་ཤི་དགོས་ཡང་ལས་དེར་མི་ཞུགས་པའི་ཆོད་སེམས་བརྟན་པོ་ཡོད་ལ་སྒྲོལ་དཀར་གྱིས་ཀྱང་རང་ཉིད་ལོག་ལམ་དུ་ཞུགས་ཚར་ཡང་གཡང་འཛོམས་ལ་འགེབ་སྲུང་བྱ་རྒྱུའི་སེམས་ཐག་བཅད། ཡིན་ནའང་མ་ཤི་བར་དུ་འཚོ་བའི་ཆེད་འདུར་དགོས་པ་ཆོས་ཉིད་ཡིན་པས། གཡང་འཛོམས་གྱིས་བཙལ་བཙལ་མཐར་དཀར་ཡོལ་བཀྲུས་ན་ཟླ་རེར་ཕོག་དངུལ་སྒོར་ལྔ་བརྒྱ་སྟེར་བའི་ལས་ཀ་ཞིག་རྙེད། མོ་རང་ཕ་མ་ཤི་བའི་དཀའ་སྡུག་གང་མང་མྱངས་ཡོད་པས་དཀའ་ངལ་གདོང་གིས་བསུ་བའི་སྙིང་སྟོབས་ཤིག་བག་ལ་ཞ་ཡོད། དེ་ལྟར་གྲང་ངར་ཇི་ལྟར་ཆེ་ཡང་འགྱིག་གི་ལག་ཤུབས་ཙམ་ཡང་མེད་ལ་ལྷམ་མཐིལ་དུ་སྙིགས་ཆུ་འཛར་འཛར་ཕོ་གཡོག་ལག་གི་སྟ་རེ་དང་མོ་གཡོག་ལག་གི་ཐོམ་བུར་གྱུར་ཀྱང་མོ་ལ་མཚོན་ན་ཆད་སྣང་ཞིག་ཕར་ཞོག་སྤྲོ་སྣང་གི་སྣ་གླུ་ཐན་ཐུན་རྒྱུན་མི་ཆད་དེ། “གངས་ལྗོངས་སྐྱིད་པའི་ཡུལ་ལ། ། ང་ཚོ་མཉམ་དུ་འཛོམས་བྱུང་། །ལྷག་བསམ་ཁ་བ་དཀར་པོས། །བཀྲ་ཤིས་སྨོན་འདུན་ཞུས་ཡོད”[footnoteRef:7][7]ཅེས་ལེན་པ་འདི་ལས་བབ་ཆགས་པའི་འཚོ་བའི་སྣང་བརྙན་ཞིག་འབུར་དུ་ཐོན་པར་བྱས་ཡོད་ལ་མི་རེ་རེའི་བདེ་སྐྱིད་ལ་བཟུང་བའི་ངོས་འཛིན་ཞིག་ངང་གིས་མཚོན། སྒྲོལ་དཀར་གྱིས་གཡང་འཛོམས་ཀྱི་ལས་ཀ་ཤིན་ཏུ་སྐྱོ་བར་མཐོང་ནས་སེམས་ཀྱིས་མ་གཟོད་པར་འཕྲལ་མར་གནས་དེ་ནས་ཕྱིར་ཁོ་ཚོའི་ལོག་མལ་ལམ་ཁང་མིག་དེར་བསུས་ནས་དེ་ལས་བཟང་བའི་ལས་ཀ་ཞིག་འཚོལ་རྒྱུའི་སེམས་ཐག་བཅད། དེ་ཡང་ཡིན་ཏེ་ཁོ་ཚོར་མཚོན་ན་མགྲོན་པོར་དབུ་སྐོར་ཞུས་ཏེ་ཆང་འཐུང་རོགས་དང་“བརླ་ཟུང”གདང་ཙམ་གྱིས་དངུལ་ལོ་ཆར་བ་འབབ་འབབ་བྱེད་ཀྱིན་པས་ན་ལས་ཀའི་ངོ་བོ་བཙོག་ཀྱང་ལུས་ཤུགས་འདོན་མི་དགོས། སྒྲོལ་དཀར་སྤྲོ་སྐྱིད་ཁང་དུ་ལས་ཀ་གཉེར་ནས་སྐྱེས་པ“རྩ་ཀྱེ”་དེ་ཚོར་དབུ་སྐོར་ཞུ་རྒྱུར་མོས་ཀྱང་ལྷག་བསམ་གཙང་མའམ་གྲོང་གསེབ་ཀྱི་བུ་མོ་ཞིག་ལ་མངའ་བའི་ལྷད་མེད་གཞུང་དྲང་གི་གཤིས་ཀ་ནམ་ཡང་ཡལ་མེད། ཁོ་མོའི་རང་གི་གོད་ཆག་ལ་འདང་བརྒྱབ་ནས་གཡང་འཛོམས་ལས་དེར་འཇུག་རྩིས་ཡེ་ནས་མེད། སྟབས་མ་ལེགས་པར་མོ་དང་མཉམ་དུ་སྤྲོ་སྐྱིད་ཁང་དུ་ཕྱིན་པའི་མཚན་མོ་དེར་མོ་གམ་ན་མེད་པའི་བར་གླགས་དང་བསྟུན་ནས་སྐྱེས་པ་འགས་བཙན་གྱིས་ཆང་བླུད་དེ་མགྲོན་ཁང་དུ་ཁྲིད་ནས་གཡང་འཛོམས་ཀྱི་དག་གཙང་གི་ལུས་པོ་ཡང་བཙོག་པོར་བཟོས། “མི་སྣའི་སྐད་ཆ་ལ་རང་གཤིས་ཡོད་དགོས། ཞི་ཞིང་དུལ་བའི་མི་སྣ་ཞིག་གིས་དྲག་པོའི་འཁོར་ལོ་བསྐོར་བའི་སྐད་ཆ་དེ་བརྗོད་མི་འོས”[footnoteRef:8][8]ཟེར་བའི་གཏམ་དེ་ཤིན་ཏུ་མད། གཡང་འཛོམས་ཀྱི་སྐད་ཆ་དང་པོ་ནི་སྐྱེས་པ་དེས་རང་ལ་བཙན་པོ་དབང་ཡོད་ཇི་ལྟར་བཏང་ཚུལ་མ་ཡིན་པར“ཨ་ཅག ད་ཡིན་དཔེ་བསགས་སོང་། མགྲོན་ཁང་གི་སྦྱིན་བདག་གིས་ངེད་གཉིས་ལ་གཤེ་གཤེ་བཏང་མི་ཡོང་ངམ། ངས་མིའི་རས་གདན་བཙོག་པར་བཟོས་སོང”[footnoteRef:9][9]ཟེར་བའི་རྩོམ་རིག་གི་སྐད་ཆའི་སྒྱུ་རྩལ་ལས་གྲོང་ཁྱེར་ནང་ཡོང་འབབ་གསོག་ཏུ་ཡོང་བའི་གྲོང་གསེབ་བུ་མོར་ཟིང་ཟིང་གཡོ་སྒྱུའི་ལས་ལ་གདོང་གཏོད་པའི་སྟ་གོན་ཙམ་ཡང་མེད་པར་ནག་ཉེས་ཐམས་ཅད་རང་མགོར་ལེན་ཞིང་། རྒྱུ་འབྲས་གཙུག་ལ་བཀུར་བའི་ཞིང་གྲོང་ནས་འཚར་བའི་བུ་མོར་ཕ་མའི་སློབ་གསོའི་རྒྱན་གོས་ཀྱིས་ཡོངས་སུ་སྤྲས་པ་ལས་བློ་གཏད་མི་རུང་བའི་གྲོང་ཁྱེར་ནང་གི་སྣ་མང་རྙོག་འཛིང་གི་སྦྱོར་བར་བྱང་གོམས་ལྟ་ཅི་ཚོད་ལྟ་ཙམ་ཡང་བགྱིས་མ་མྱོང་བའི་ལས་དང་པོ་བ་ཞིག་གི་ངང་ཚུལ་བརྙན་མིག་ཏུ་ཕབ་པ་བཞིན་གསལ་ལྷིང་ངེར་བྱེད་དོ། དེ་ནས་བཟུང་གཡང་འཛོམས་ལའང་ལུས་པོར་གཅེས་འཛིན་གྱི་འདུ་ཤེས་རྨང་ནས་ཞིག་སྟེ་ཁོ་ཚོ་དང་མཉམ་དུ་སུ་ཡིས་སྒོར་མོ་སྟེར་ན་དེ་ལ་གྱོན་པ་འཕུད་རྐྱང་བྱེད་པའི་ལས་དེར་ཞུགས་ཤིང་“བ་ལུའི་མེ་ཏོག”གི་ཆོ་ལོ་ཕྲག་ཏུ་བཞེས་ཏེ་གྲོང་ཁྱེར་འདིའི་མཚན་མོའི་གློག་ཞུའི་ངོགས་སྐྱེས་པ་ཚོའི་འདོམ་ན་བཞད་པའི་མེ་ཏོག་རྐང་བཞི་བར་གྱུར། རྩོམ་མཁན་ནས“སྤྱི་ཚོགས་ཀྱི་འཚོ་བ་གསོན་པོ་དེ་དག་གིས་ངའི་ཀླད་པའི་ནང་ལ་བུ་མོ་བཞི་ཡི་གཟུགས་བརྙན་རང་བཞིན་དུ་གྲུབ་བྱུང”[footnoteRef:10][10]ཞེས་བསྟན་པ་བཞིན་ཁོ་མོ་སྒྲུང་གཏམ་འདི་མི་ལོ་སུམ་ཅུ་རིང་ལྷ་ས་གྲོང་ཁྱེར་ནང་འཚོ་བ་རོལ་ཏེ་རང་གི་ཉེ་འཁོར་ན་བྱུང་དང་འབྱུང་གིན་པའི་གྲོང་གསེབ་ནས་གྲོང་ཁྱེར་དུ་ཡོང་འབབ་གསོག་ཏུ་ཡོང་བའི་ལོ་ཆུང་གཞོན་ནུ་མང་པོར་རྒྱུས་ལོན་མི་ཉུང་བ་བྱས་མཐར་བུད་མེད་ཀྱི་སྐྱོ་གར་ཤུགས་ཆེར་མངོན་པའི་གཏམ་གྱི་ས་བོན་ཕོན་པོ་འདི་ལག་སོན་བྱུང་། ༡༩༨༦ལོར་བྲིས་པའི‹‹བྲག་སྟེང་གི་རྩྭ་ཆུང››ལ་མཚོན་ན་བར་སྐབས་ཤིག་ལ་ལམ་བཅོས་ས་ཚིགས་ཀྱི་བཟོ་བ་བྱས་མྱོང་བས་འཚོ་བ་དངོས་དེ་ཇི་མ་ཇི་བཞིན་སྒྲུང་གཏམ་དུ་ལེགས་འགྲུབ་བྱུང་བ་རེད་ལ། བློས་བསླངས་བྱེད་མི་དགོས་པར་འཚོ་བ་དངོས་དེ་མ་གཞི་ནས་བློས་བསླངས་བྱས་ཟིན་པའི་སྒྲུང་གཏམ་ཞིག་ཡིན། ད་རེས་སྒྲུང་གཏམ་འདིར་མཚོན་ན་གཙོ་ཆེ་བ་མཐོང་ཐོས་ཡིག་ངོར་བཀོད་པ་ཡིན་པས་དངོས་བརྒྱུད་ལས་རྟོག་བཟོ་དང་འཆར་སྣང་ཤས་ཆེར་སྣང་། གང་ལྟར་སྒྲུང་འདིའི་མི་སྣ་དག་འདི་ལྟར་གསོན་ཉམས་དོད་ལ་མི་སྣ་རེ་རེའི་སྣང་བརྙན་ལོ་ཆུང་གཞོན་ནུ་སྤྱི་ལ་གཞོལ་ཆེ་བས་ཁོང་ཉིད་རྟག་ཏུ་འཁྲེང་ཞེན་ཆེ་བའི་ཡུལ་ཅན་སྤྱི་ལ་ཁྱབ་བོ། “སྒྲུང་གཏམ་ནི་དོན་བརྗོད་རྣམ་པ་ཡིན་ལ་། ངོས་གཞན་ཞིག་ནས་གླེང་ན། མི་རྣམས་ཀྱིས་དོན་བརྗོད་ཕྱིར་དུ་སྒྲུང་གཏམ་གྱི་རྩོམ་ལུས་བརྩམས་པ་རེད”[footnoteRef:11][11]ཅེས་བ་བཞིན་ཀློག་མཁན་དག་ལ་དོན་གྱི་བྱུང་རིམ་འཆད་པ་ལས་གོ་སྐོན་བློ་འགུག་གི་གནས་ལུགས་བགྲོ་བ་ནི་ཡར་འདེགས་ཀྱི་རྒྱ་ཤིང་མ་ཡིན་པར་མར་འདྲུད་ཀྱི་རྒྱ་རྡོ་ཡིན་པ་སུས་ཀྱང་རྟོགས་སླ་བས། ཁོ་མོས་བབ་ཆགས་མཚོན་སྟོབས་ཆེ་བའི་སྐད་ཆར་བརྟེན་ནས་གྲོང་ཁྱེར་ལྷ་སའི་དུས་བབས་ཀྱི་འགྱུར་ལྡོག་གིས་སྤྲད་པའི་འཚོ་བའི་དཀའ་ཉོག་གསར་བ་ཞིག་ལ་ཐུགས་གཞིགས་མཛད་ཡོད། བོད་ཀྱི་རྩོམ་རིག་དུས་དེབ་སྟེང་དུ་བཀོད་པའི་ཁོང་གི་མཚམས་སྦྱོར་ལའང་“ཚེ་རིང་དབྱངས་སྐྱིད་ཁོང་བུད་མེད་རྩོམ་མཁན་ཞིག་དང་དགེ་རྒན་ཞིག་ཡིན་པའི་དབང་གིས། དུས་དང་རྣམ་པ་ཀུན་ཏུ། བུད་མེད་དང་ལོ་ཆུང་གཞོན་ནུའི་ལས་དབང་ལ་ཉམས་ཞིབ་ཀྱིས་ཕུན་སུམ་ཚོགས་པའི་རྒྱུ་ཆ་གསོག་འཇོག་བྱས་ཡོད”[footnoteRef:12][12]ཅེས་གསུངས་བ་ལྟར། རྣག་ཐོག་ལ་མེ་བཙའ་འཕེན་ས་རང་ལ་རྒྱུས་མངའ་ཆེ་བའི་ཁོར་ཡུག་གི་བུད་མེད་དང་གཞོན་ནུའི་ལས་དབང་སྐོར་ཡིན་པ་མིག་མཐོང་ལག་ཟིན་ཡིན་ནོ། །

གཉིས། ལང་ཚོའི་མེ་ཏོག་གི་སྐྱོ་གར།
        ངས་འདི་ལྟར་ལང་ཚོའི་མེ་ཏོག་ཅེས་ཁ་བྱང་འགོད་དོན་རྩོམ་པ་པོས་གྲོང་གསེབ་ནས་ཡོང་བའི་བུད་མེད་བཞིའི་འཚོ་གནས་ཀྱི་དཀའ་ཁག་བྲིས་པ་བརྒྱུད་རྨི་ལམ་གང་ཞིག་གི་ཆེད་དུ་བུད་མེད་ཞིག་ལ་མཚོན་ན་རྩིས་ཐང་ཤིན་ཏུ་ཆེ་བའི་ལང་ཚོའི་མེ་ཏོག་གཞན་དབང་དུ་གྱུར་བ་གཙོ་ཆེར་བརྗོད་ཡོད། ཁ་བྱང«མེ་ཏོག་དང་རྨི་ལམ»་ཞེས་པའི“མེ་ཏོག”་གཅིག་པུའི་ངོས་ནས་བརྗོད་ནའང་ཕྱོགས་གཉིས་ནས་གོ་བ་བླངས་ཆོག་པར་སྙམ། གཅིག་ནི་བུད་མེད་རྣམས་སྐྱེས་པ་དང་ལུས་འབྲེལ་མ་བྱུང་པའི་ལུས་པོར་མེ་ཏོག་ཏུ་འབོད་པ་དང་ཕྱོགས་གཞན་ནས་ཁོ་བཞི་བོ་སྤྲོ་སྐྱིད་ཁང་དུ་སོང་ནས་དངོས་མིང་དོར་ཏེ་གཤིས་ཀ་དང་ལོ་ཚོད། འཕྱོ་སྒེག་བཅས་གཞིར་བཅས་ནས་བཏགས་པའི་མེ་ཏོག(པད་ཁའི་མེ་ཏོག ཨུག་ཆོས་མེ་ཏོག ལྟོགས་ལྷ་མེ་ཏོག བ་ལུའི་མེ་ཏོག)བཞིའི་འབོད་མིང་གིས་འབོད་པ་ལས་དངོས་མིང་འབོད་ཀྱིན་མེད་པས་ཁ་བྱང་གི་མེ་ཏོག་འདི་ལྟར་བཏགས་པར་ཡང་གོ་ཆོག གོང་སྨྲས་ལྟར་མི་སྣ་དང་པོ་སྒྲོལ་དཀར་སྦྱིན་བདག་ཀརྨ་རྡོ་རྗེས་བཙན་པོ་དབང་ཡོད་བཏང་བས་ཕུང་པོར་རང་བརྩི་དང་གཅེས་འཛིན་འདུ་ཤེས་ཉམས་ཤིང་། ཡང་གཅིག་བཤད་ན་གྲོང་ཁྱེར་ནང་ཡོང་དོན་ཕ་ལགས་ནད་པར་ཆགས་ཚར་ནས་དེ་སྔོན་རྡོ་བཟོའི་ལག་ཤེས་ལ་བརྟེན་ནས་ཡོང་འབབ་གསོག་པའི་བསོད་སྐལ་ཆད་པས་ལྗིད་ཏིག་ཏིག་གི་འགན་ཁུར་མོའི་ཕྲག་ལ་ལྷུང་། ནུ་བོ་སློབ་ཆེན་ནས་ཐོན་མེད་པས་སློབ་ཡོན་དང་འཚོ་བའི་འགྲོ་གྲོན་ཡང་སྒྲོལ་དཀར་གཅིག་པུས་ཐེག་དགོས། དེ་རིང་གི་སྒྲོལ་དཀར་ཁྱིམ་འདིའི་གདུང་འདེགས་ཀྱི་ཀ་བ་ཉག་གཅིག་ཡིན་པས་མོ་ཡང་ལས་ཀ་ཡག་སྡུག་གང་ལ་ཐུག་ཀྱང་ཁྱིམ་མིའི་དོན་དུ་ཡོད་ཚད་བློས་གཏོང་གི་ཡོད། གཡང་འཛོམས་ཕ་མ་བྲལ་བའི་དྭ་ཕྲུག་ཏུ་གྱུར་ནས་ཞེ་འཐོག་ས་ཅི་ཡང་མེད་མོད་རང་ཉིད་ལོག་སའི་གནས་མལ་ཞིག་ཀྱང་མེད་པས་གནས་འདིར་སྒྲོལ་དཀར་དང་འཕྲད་པ་ནི་མོ་ལ་མཚོན་ན་བསོད་ནམས་ཆེ་ཤོས་དེ་ཡིན། ཁོ་གཉིས་གཅེན་གཅུང་བཞིན་ཤིན་ཏུ་བརྩེ་བས་སུ་ལའང་སུ་མེད་མི་རུང་། གཡང་འཛོམས་ལ་རང་གི་ལྟོ་རྒྱབ་ལྡང་ངེས་ཤིག་གིས་ཆོག་ལ་དེ་ལས་གཞན་པའི་འཚོ་བའི་འགན་ཁུར་དང་སྲེད་པ་ཅི་ཡང་མེད། སྤྲོ་སྐྱིད་ཁང་དུ་ཡོང་དོན་ཡང་གཞན་གྱི་བརྙས་བཅོས་ལས་ཕུང་བོ་བཙོག་པར་བཏང་རྗེས་བློ་ཁ་འགྱུར་བ་མ་གཏོགས་ཐོག་མའི་ཀུན་སློང་གནས་དེར་དངུལ་མང་པོ་གསོག་ཐུབ་པས་མ་ཡིན། གཞན་རྒྱ་མོ་ཞའོ་ལིའམ་ལྟོགས་ལྷ་མེ་ཏོག་རང་དང་ཕ་གཅིག་ལ་མ་མི་གཅིག་པའི་གཅུང་བོ་སྐྱེས་ནས་བཟུང་མ་གཡར་གྱིས་སྡང་སྡིགས་ཁོ་ན་བསྟན་ཏེ་ཕྱི་རུ་ལས་ཀར་མི་འགྲོ་བར་ཁ་རྡུང་ཡང་ཡང་བཏང་བས་གར་འགྲོ་འདིར་འགྲོ་མེད་པར་ལྷ་སར་ཐོན། དང་ཐོག་མཛེས་བཟོ་ཁང་ཞིག་ནས་གླ་ཆ་༡༥༠ལས་མེད་པའི་གཡོག་མོའི་ལས་ཀ་གཉེར་མོད། མ་གཡར་གྱིས་ཁ་པར་གཏོང་ཐེངས་རེར་འཚོ་བ་བདེ་སྡུག་གི་གནས་ཚུལ་མི་འདྲི་བར“ལོ་འཁོར་ཡང་ད་དུང་ཁྱིམ་ལ་དངུལ་བསྐུར་རྒྱུ་མེད་པར་ཁྱོད་ལྷ་སར་ཉི་མ་བསྲོ་བར་སོང་ངམ”[footnoteRef:13][13]ཞེས་གཤེ་གཤེ་གཏོང་གིན་ཡོད། སྒོར་མོ་འཚོ་བའི་སྲོག་ཤིང་ཡིན་པ་སྨོས་མ་དགོས་མོད། ཚུལ་འདི་ལས་སྒོར་མོ་ཡོད་ཚད་ཀྱི་དང་པོར་འཇོག་པའི་རྒྱ་བོད་མི་རིགས་ཀྱི་རིག་གནས་སེམས་ཁམས་ཤིག་ཀྱང་ཞོར་དུ་རྟོགས་འོང་། དེ་འདྲའི་གནོན་ཤུགས་མ་ཐེག་པའི་སྒང་ལ་མཛེས་བཟོ་ཁང་དུ་སྒོར་ཁྲི་ཡི་བྱུགས་རྫས་སྤྱོད་པའི་བུད་མེད་གཉིས་ཡག་ལས་བྱེད་དུ་ཡོང་བ་དང་དེ་གཉིས་ཀྱི་གཏམ་གླེང་ལས་ཞའོ་ལི་ཡི་བློ་ཁ་སྤྲོ་སྐྱིད་ཁང་དུ་བསྒྱུར། སྤྱིར་སྒྲུང་གཏམ་འདིའི་ཁ་བྱང་གི་མེ་ཏོག་ཞེས་པའི་མེ་ཏོག་དེ་ནག་ནག་གི་དྲི་མས་མ་གོས་པའི་ལང་ཚོའི་མེ་ཏོག་ལ་གོ་བ་ཤུགས་ཆེར་ལེན་དགོས་ཚེ་ཞའོ་ལི་ཡི་ཐོག་དང་པོ་སུ་ཡིས་བཅོམ་པའམ་སུ་ལ་བྱིན་པ་རབ་རབ་ཅིག་ཏུ་མཐོང་། གང་ལྟར་མོ་རང་སྒོར་མོའི་བསླུ་བྲིད་འོག་གནོང་འགྱོད་ཅི་ཡང་མེད་པར་ལང་ཚོ་འཚོང་བའི་ལས་སུ་ཞུགས། མེ་ཏོག་བཞི་ལས་སྐྱེད་འབྲས་མཚར་ཤོས་དེ་ཨུག་ཆོས་མེ་ཏོག་ཡིན་ལ་ཁྱིམ་གྱི་ཆ་རྐྱེན་བཟང་ཤོས་ཀྱང་མོ་ཡིན། མོ་ལ་མཚོན་ན་སྡུག་ཐང་ན་ཡོད་པ་རུམ་དུ་བླངས་ཞེས་པའི་དཔེ་ལས་མ་འདས། དང་པོ་སློབ་གྲྭ་ནས་དགའ་རོགས་བསྒྲིགས་ཏེ་མངལ་འཁོར་བར་ཕ་མས་བཀའ་བཀྱོན་གནང་ཡང་རང་གི་ནོར་འཛོལ་ལ་རིག་པ་ནང་དུ་བསྒྲིམས་ཏེ་སང་ཉིན་གྱི་འཚོ་བར་གདོང་གཏད་ཐུབ་ན་ལམ་ལོག་འདི་ལ་ཕྱིན་དགོས་མི་འདུག སློབ་གྲྭ་ཡག་པོར་བཏོན་ནས་སྔ་ས་ནས་རང་གི་ལྕགས་ཕོར་ལ་བདག་པོ་བརྒྱག་ཆོག འདི་ལས་གྲོང་གསེབ་ཀྱི་ཉམས་ཆུང་ནུས་ཞན་གྱི་གཞོན་ནུ་མས་མིག་མདུན་གྱི་འཚོ་བའི་འགལ་འདུ་ཕྲན་ཙམ་བྱུང་བ་དེ་མི་ཚེ་ཕམ་ཁ་ཁོ་ནར་བརྩིས་ཏེ་ཐང་ལ་འགྱེལ་ཡང་ཡར་འགྲེང་རྒྱུའི་ཆོད་སེམས་ཡེ་ནས་མེད་སྟབས། མི་ཞིག་གི་མི་ཚེ་གོ་རིམ་ནང་རིན་ཐང་ཆེ་ཤོས་དང་བཅུ་དྲུག་ལང་ཚོའི་ཆ་ཤས་ཡོངས་སུ་རྫོགས་པའི་རྫོགས་ལྡན་གསེར་གྱི་དུས་བཟང་དེ་མདོ་མེད་སྐྱེས་པ་དག་གི་མཆིན་འོག་ནས་འདས་ཤིང་། སྐྱུག་མེར་བའི་སྒོག་དྲི་དང་ཆང་དྲི། ཐ་མག་གི་དྲི་ལ་བསྣམས་ནས་བཞུད་ཟིན་པས། རྩོམ་པ་པོ་སྐྱོ་གདུང་གི་དབུགས་རིང་ནར་ནར་འབྱིན་ཞོར་བུད་མེད་བཞི་བོའི་ལས་དབང་ག་དུས་ཡིན་ཡང་སེམས་ལ་བརྣགས་ནས་གླང་ཆེན་འགྱིང་རིའི་མཛེས་སྡུག་གིས་ཀྱང་ཡིད་ཀྱི་དང་བ་འདྲེན་མ་ཐུབ་པར“༢༠༠༩ལོར་གླང་ཆེན་འགྱིང་རིའི་རི་སྐེད་ཀྱི་བོད་ཡིག་ཡིག་རྒྱུགས་འདོན་པར་ཁྲིད་པའི་སྐབས་ཁ་ཁུ་སིམ་པའི་ཁོར་ཡུག་འདི་འདྲ་ཞིག་བེད་སྤྱད་དེ་ཁ་ཕྱིད་ཤོག་བུའི་སྟེང་མ་ཟིན་བཏབ”[footnoteRef:14][14] ཁོ་མོའི་གསར་རྩོམ་གྱི་མྱོང་བ་གླེང་བའི་ནང་དུའང“དལ་ཁོམ་ཡོད་དུས་སྒྲུང་ནང་གི་མི་སྣ་དེ་དག་དང་གླེང་མོལ་ཡང་ཡང་བྱེད་ཀྱི་ཡོད། མདོར་ན་མ་ཟིན་མགོ་བརྩམས་པ་ནས་མི་ལོ་བདུན་གྱི་རིང་ངས་མི་སྣ་དེ་དག་སྐབས་རེར་དགའ་རུ་བཅུག སྐབས་རེར་སྡུག་ཏུ་འཇུག་གིན་ཡང་ནས་བསྐྱར་དུ་བཟོ་བཅོས་ཀྱིས་འདི་ལོར་གཞི་ནས་ཀློག་པ་པོའི་སྤྱན་ལམ་དུ་འབུལ་ཐུབ་ཙམ་བྱུང”[footnoteRef:15][15]ཞེས་གསུངས་བས། བཙོ་སྦྱངས་ཡང་ཡང་བྱས་པའི་གསེར་ནང་བཞིན་ལྷད་མེད་པའི་ཕྱོགས་སུ་འབད་ཡོད་པས་བརྩམས་ཆོས་ཀྱི་རིན་ཐང་རང་བཞིན་ཡར་འཕགས་པར་ཐེ་ཚོམ་མེད་དོ། བུད་མེད་བཞི་བོའི་སྐྱོ་གར་བཞེངས་སྐྲུན་བྱས་ཡོད་པས་ཀློག་མཁན་དག་རང་དབང་མེད་པར་གདུང་སེམས་སྐྱེས་ངེས་ལ། ལྷག་པར་དུ་སྒྲོལ་དཀར་ལ་རག་ཏིག་གི་ནད་འགོས་ཤིང་མོ་མཚན་རུལ་ནས་བཅོས་ཐབས་བྲལ་ཏེ་འཇིག་རྟེན་གཞན་ཡུལ་བསྙེགས་ཚར་བས། ང་ཚོར་བསམ་གཞིག་གི་བར་སྟོང་ངེས་ཅན་ཞིག་སྤྲད་ཡོད་ལ་སྒྲོལ་དཀར་གྱི་འདས་རྐྱེན་གྱིས་སྒྲུང་ནང་གི་མི་སྣ་གཞན་གསུམ་པོ་ཚེ་སྲོག་གི་འགག་རྩ་ནས་ཐར་ཏེ་ཞའོ་ལི་དང་འཛོམས་སྐྱིད་གཉིས་རྒོད་ཐང་དཀར་གྱི་གནམ་འཕང་བསྟད་ཀྱང་འབབ་ས་བྲག་གི་ཐེམ་ཡིན་ཞེས་པའི་དཔེ་ལྟར་རང་ཡུལ་དུ་ལོག གཡང་འཛོམས་ནི་ཕ་མ་མེད་པའི་དྭ་ཕྲུག་ཡིན་པས་ད་རུང་གནས་ངེས་མེད་འཁྱམ་རྒྱུ་ལས་ཐབས་ཅི། སྒྲུང་གི་མཇུག་ཏུ་བཙུན་མ་ཞིག་གིས་མི་འཐེན་ཐེར་ཆས་ནང་ཉལ་ཆས་བླུགས་ཏེ་པོ་ཏཱ་ལའི་ཕྱོགས་སུ་ཕྱག་འཚལ་བའི་ངང་ཚུལ་གྱིས་བ་ལུའི་མེ་ཏོག་གི་ཡིད་སེམས་རབ་ཏུ་བཀུག་སྟེ་དད་པའི་སྤུ་ལོང་གཡོ་བར་བྱས་སོང་ཞེས་ཆེས་སྙིང་ཉེ་བའི་གྲོགས་མོ་གང་བྱས་ལས་ཀྱིས་ཚེ་སྲོག་འཕྲོག་པས་གཞི་ནས་ངེས་ཤེས་གཞན་ཞིག་འདྲོངས་བའི་སེམས་བྱུང་གིས་ཕྱི་དངོས་པོའི་ལོངས་སྤྱོད་ཇི་ལྟར་རྒྱས་ཀྱང་ནང་སེམས་ལ་ཁ་ལོ་བསྒྱུར་རྒྱུ་ནི་གནད་ཀྱི་དམ་པ་ཡིན་པའི་བདེན་པའི་གོ་ཆ་བསྩལ་ཅིང་བརྗོད་བྱ་སྤྱིའི་ཁྱད་ཆོས་ལ་སྐྱོ་གར་གྱི་རང་བཞིན་མི་དམན་པ་ཐོན་ཡོད་ཕྱིར། བརྗོད་དོན་གཏིང་ཇེ་ཟབ་དང་བྱུང་རིམ་ཧྲིལ་བོ་གཅིག་ཏུ་སྒྲིལ་བའི་སྒྱུ་རྩལ་ཁྱད་ཆོས་གདའ།

གསུམ་པ། མཇུག་སྡོམ།
        སྒྲུང་གཏམ་འདིར་མཚོན་ན་གྲོང་གསེབ་ནས་གྲོང་ཁྱེར་དུ་བུ་རྫི་མར་ཕྱིན་པའམ་ཡོང་འབབ་གསོག་ཏུ་ཕྱིན་པའི་གཞོན་ནུ་མའི་ལས་དབང་བྲིས་ཡོད་ཅིང་། “‹‹ཆེས་ཐོག་མའི་བྲག་སྟེང་གི་རྩྭ་ཆུང་››ནས། རིམ་བཞིན་‹‹རི་རྩེའི་སྤྲིན་དཀར›› ‹‹སྟོན་ལོ་སེར་པོ›› དེ་བཞིན་‹‹མེ་ཏོག་དང་རྨི་ལམ››་བཅས་ཀྱི་བརྗོད་བྱའི་ཐད་ཞིང་གྲོང་གི་འཚོ་བ་ནས་གྲོང་ཁྱེར་གྱི་འཚོ་བར་འཕོ་འགྱུར་བྱུང་ཡོད་ཅིང་། དེ་ནི་རྩོམ་མཁན་རང་ཉིད་ཀྱི་འཚོ་བའི་ཁོར་ཡུག་བརྗེ་བསྒྱུར་དང་ཡོངས་སུ་མཐུན་ཡོད་པ་ལས། ཁོང་གིས་སྔ་ཕྱི་བར་གསུམ་དུ་དངོས་ཡོད་འཚོ་བ་གདོང་གིས་བསུས་ནས། གསར་རྩོམ་གྱི་ལག་ལེན་བསྐྱངས་ཡོད་པ་ར་སྤྲོད་བྱེད”[footnoteRef:16][16]ཅེས་བསྟན་པ་ལྟར། ནམ་ཞར་མཐོང་སྣང་གཅིག་བསྐྱར་མཚོན་གྱི་ངལ་བ་རིང་དུ་སྤངས་ཏེ་ཡུལ་དང་དུས་ཀྱི་གནས་བབ་ལ་གཞིགས་ཏེ་མིག་སྔར་བྱུང་དང་འབྱུང་གིན་པའི་རང་ལ་རྒྱུས་ཟབ་པའི་གནས་ཚུལ་ལམ་རིགས་མཐུན་སྨན་ཤར་ཚོའི་ལས་དང་བསྐོས་ཐང་གི་སྐྱོ་གར་གང་དེས་ཁོ་མོའི་ཡིད་ཀྱི་མུན་པ་སངས་ཐུབ་བྲལ་ཞིང་བསམ་གཞིགས་བྱ་ཡུལ་དུ་གྱུར་ཕྱིར། སྒྲུང་ནང་གི་མི་སྣ་རེ་རེར་འོས་ཤིང་འཚམ་པའི་འཚོ་གནས་ཁོར་ཡུག་ཅིག་དང་ཆེན་པོའི་ཡ་ང་སྙིང་རྗེ་མེད་པའི་གཉུག་གཤིས་དང་གཉོམ་པོའི་བབ་ཆགས་ནུས་ཞན་གྱི་སྤྱོད་སྟངས་ཀྱིས་ཟུར་བརྒྱན་པས་ཀློག་མཁན་གང་རང་དབང་མེད་པར་ཨ་ཅག་བུ་ཁྲིད་དང་སྦྱིན་བདག་ཀརྨ་རྡོ་རྗེ་ལྟ་བུར་སྐྱུག་མེར་ལ། སྒྲོལ་དཀར་དང་གཡང་འཛོམས་ལ་སྐྱོ་གདུང་སྐྱེས་སྲིད། སྒོས་སུ་མཐའ་མཇུག་སྒྲོལ་དཀར་ནད་ཀྱིས་མནར་ཏེ་སྲོག་གི་དབང་བོ་བླུ་ཐབས་བྲལ་བས། སྒྲུང་ནང་གི་མེ་ཏོག་གཞན་གསུམ་སྐྲག་ཐག་ཆོད་པར་མ་ཟད་སྒྲུང་ཕྱིའི་མེ་ཏོག་མང་པོར་རང་ལུས་གཅེས་འཛིན་གྱི་ཉེན་བརྡ་ཁ་ཚ་དགོས་གཏུག་མ་བཏང་ངོ་། “ལས་ཀ་ག་རེ་བྱེད་བཞག་སྟེ། ཡིན་གཅིག་ལས་ཀ་འདི་འདྲ་ཞིག་བྱེད་དགོས་དོན་ག་རེ་ཡོད” [footnoteRef:17][17] ཅེས་པའི་ཨེམ་རྗེ་བུ་མོའི་སྐད་ཆ་དེ་ནི་རྩོམ་པ་པོས་སྒྲུང་ནང་གི་མི་སྣར་བརྟེན་ནས་ལས་རིགས་འདིར་འཇུག་གིན་པའི་ལོ་ཆུང་གཞོན་ནུ་མ་ཚོར་གདམས་པའི་བསླབ་བྱ་དང་སྒྲུང་སྤྱིའི་བསམ་བློའི་དགོངས་དོན་རེད་ཅེས་ཁོ་བོས་བརྗོད་པར་འདོད་དོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1