མཚོ་བོད་མཐོ་སྒང་དུ་མིའི་གདོང་གཟུགས་ཀྱི་བྲག་རིས་རྙེད་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-18


     ཟླ་12ཚེས་13ཉིན། “དེ་སྔོན་གྱི་འབྲེལ་ཡོད་བརྟག་དཔྱད་ཞིབ་འཇུག་ཁྲོད་མཚོ་བོད་མཐོ་སྒང་གི་བྲག་བརྐོས་རི་མོ་ལས་མིའི་གདོང་གཟུགས་རྙེད་མྱོང་མེད། ཐེངས་འདིར་མཚོ་སྔོན་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་གི་མངའ་ཁོངས་ནས་མིའི་གདོང་གཟུགས་ཀྱི་བྲག་བརྐོས་རི་མོ་2རྙེད་པ་དང་། དེ་མཚོ་བོད་མཐོ་སྒང་གི་ལོ་རྒྱུས་དང་སྒྱུ་རྩལ། རིག་གནས། ཆོས་ལུགས་བཅས་ཀྱི་ཞིབ་འཇུག་ཐད་ལ་གལ་ཆེ་བ་ཡོད།” ཅེས་མཚོ་སྔོན་ཡུལ་ཤུལ་གྲོང་ཁྱེར་ལོ་རྒྱུས་རིག་གནས་ཞིབ་འཇུག་ཁང་གི་འགོ་འཛིན་འཇམ་དབྱངས་ཉི་མས་ཚེས་13ཉིན་ངོ་སྤྲོད་བྱས། 

    ཐེངས་འདིར་གསར་དུ་རྙེད་པའི་གདོང་གཟུགས་བྲག་བརྐོས་རི་མོ་2ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ལབ་ཞང་ནན་ཡུན་ཁང་དུ་གནས་པ་དང་། དེ་ནི་ས་ངོས་ནས་ལི་སྨི་220ཡས་མས་སུ་བརྐོས་ཡོད་པ་དང་། གདོང་གཟུགས་གཉིས་པོ་ནི་གཞི་རྩའི་ཆ་གནས་སྒོར་སྒོར་ཡིན་པ་དང་། སྨིན་མ་སྟུག་ཅིང་མིག་ཟུང་ཆེ་བ། སྣའི་དབྱིབས་ཟུར་གསུམ་དུ་མངོན་པ། ཁའི་ཞེང་ཆེ་བ།  མཆུ་འགྲམ་གཉིས་སུ་འོག་ལ་འཐེན་པའི་ཐིག་གཉིས་ཡོད་པ། སྐྲ་མེད་སྤྱི་ཐེར། གདོང་རིས་ཅུང་གཏུམ་པོར་མངོན་ཡོད།


  “གདོང་གཟུགས་བྲག་བརྐོས་རི་མོ་ནི་འཛམ་གླིང་བྲག་བརྐོས་རི་མོའི་ལོ་རྒྱུས་ཐོག་ཏུ་བསྡུར་ཚད་ཆེན་པོ་བཟུང་ཡོད་ཅིང་། ཁེར་རྐྱང་དུ་ཞིབ་འཇུག་བྱས་ཆོག ཀྲུང་གོའི་ནང་ལོགས་སུའང་དུས་རྒྱུན་དུ་མཐོང་རྒྱུ་མང་བ་སྟེ། དཔེར་ན་ཧོ་ལན་ཧྲན་དང་། དབྱིང་ཧྲན། དམག་དཔོན་བྲག་ངོས་སོགས་སུ་ཡོད་ལ། དེ་དག་སོ་སོའི་རྣམ་པ་ཅུང་མི་འདྲ་བ་ཙམ་རེད། ”ཅེས་འཇམ་དབྱངས་ཉི་མས་ངོ་སྤྲད་བྱུང་། ཡུལ་ཤུལ་འབྲི་ཆུའི་འབབ་ཁོངས་ཀྱི་བྲག་བརྐོས་བརྟག་དཔྱད་ལ་དུས་ཡུན་ལོ་ངོ་5ཡས་མས་སོང་ཡོད་ཅིང་། འདིའི་སྔོན་གདོང་གཟུགས་ཀྱི་བྲག་བརྐོས་རི་མོ་ཕུད། ད་དུང་སྲོག་ཆགས་དང་འཁོར་རིགས། དེ་བཞིན་དུ་རྟགས་མཚོན་སྣ་ཚོགས་ཀྱི་བྲག་བརྐོས་རི་མོའང་རྙེད་ཡོད། 
     ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་མཚོ་སྔོན་ཡུལ་ཤུལ་ཁུལ་ནང་ཁོངས་ནས་བྲག་བརྐོས་རི་མོ་59གསར་རྙེད་བྱུང་ཡོད་ཅིང་། དེའི་ཁྲོད་དུ་གཟུགས་རྐྱང་བརྙན་རིས་3400ཡོད་ཅིང་། ད་བར་ལོ་ངོ་3500ནས་ལོ་ངོ་2600ཡི་ལོ་རྒྱུས་ལྡན་ཡོད།
   འཇམ་དབྱངས་ཉི་མས། མིག་སྔར། ཐེངས་འདིར་གསར་དུ་རྙེད་པའི་མིའི་གདོང་གཟུགས་ཀྱི་བྲག་བརྐོས་རི་མོ་2གཞུང་ལུགས་ལ་ཁུངས་གཏུགས་ནས་གཏན་འཁེལ་བྱས་མེད་ཅིང་། གོམ་གང་མདུན་སྤོས་ཀྱིས་ཞིབ་འཇུག་བྱེད་དགོས་པ་བསྟན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1