ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིར་མཇལ་འཕྲད་གནང་།
རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 12-18
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཚེས་16ཉིན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་གཟེངས་བསྟོད་ཐོབ་པའི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས་ཁོང་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་འབྲེལ་ཁོང་ཚོས་གཟི་བརྗིད་ལྡན་པའི་ལོ་རྒྱུས་ལ་གཅེས་སྤྲས་དང་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་མི་ཉམས་པར་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་མུ་མཐུད་ལེགས་སྐྱེས་འབུལ་རྒྱུའི་ཐུགས་རེ་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་བཅས་མཇལ་འཕྲད་ནང་ཞུགས་པ་རེད།
སྔ་དྲོའི་ཆུ་ཚོད10སྟེང་། ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ཕེབས་སྐབས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས་པ་རེད། ཞི་ཅིན་ཕིང་སོགས་ཀྱིས་འཐུས་མི་ཚོ་དང་བྱམས་བརྩེའི་ངང་ཕྱག་འཇུ་གནང་བ་དང་འབྲེལ་ཚང་མ་དང་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཁྲེན་ཞི་མཇལ་འཛོམས་ནང་ཞུགས་པ་དང་འབྲེལ་གཟེངས་བསྟོད་ཚོགས་ཆེན་ཐོག་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “ཡིད་རྟོན་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ཏེ་བློ་མཐུན་རྒན་གྲས་ཀྱི་ལོ་རྒྱུས་ཀྱི་མཛད་རྗེས་བློ་ལ་བརྟན་པོར་ངེས་པ། བློ་མཐུན་རྒན་གྲས་ཀྱི་བླ་ན་མེད་པའི་སྙིང་སྟོབས་རྒྱུན་འཛིན་བྱེད་པ། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་བྱས་རྗེས་སློབ་སྦྱོང་དང་དར་སྤེལ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས་རང་འཁྲིའི་ལས་གནས་ཐོག་གཞི་ཚུགས་པ་དང་བྱས་རྗེས་འཇོག་པར་སྐུལ་ལྕག་བྱེད་དགོས་ཞེས་གསུངས་པ་རེད།
ཚོགས་ཆེན་ཐོག་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་སྔོན་ཐོན་ཐུན་མོང150དང་སྔོན་ཐོན་མི་སྒེར450ལ་གཟེངས་བསྟོད་བྱས་པ་དང་། ཧྲང་ཧའེ་གྲོང་ཁྱེར་ཕུའུ་ཏུང་ཁུལ་གསར་ཧྲང་ཀང་གྲོང་གསར་ཁྲོམ་གཞུང་གི“སྲུང་སྐར་གཅིག་དང་འབར་མདེལ་གཉིས”ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞིའི་ཏང་ཀྲི་པུའི་ཧྲུའུ་ཅི་ཁྲེན་ཕུའུ་ལེའང་དང་། ཧུའུ་པེ་ཞིང་ཆེན་དམག་ཁུལ་ཁང་ཝུའུ་ཧན་ལས་བྲལ་ལས་བྱེད་པའི་ལུས་གསོ་ཁང་གཉིས་པའི་ལས་བྲལ་ངལ་གསོའི་ལས་བྱེད་པ་མཱ་ཞུས། ཧེ་ལུང་ཅང་ཞིང་ཆེན་སྤྱི་བདེ་ཐིང་གི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་ཚུའེ་ཏའོ་ཀྲི་བཅས་སོ་སོས་ཚོགས་ཆེན་ཐོག་གཏམ་བཤད་གནང་བ་རེད།
ཏིང་ཞུའེ་ཞང་དང་། ཞུས་ཆི་ལེང་། ཧུའུ་ཁྲུན་ཧྭ། ཀྲུང་དབྱང་དམག་ཨུའི་ཨུ་ཡོན་མེའོ་ཧྭ་བཅས་མཇལ་འཕྲད་ནང་ཞུགས་ཡོད་པ་རེད། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1