༄༅།།མཁས་དབང་དགེ་འདུན་ཆོས་འཕེལ་གྱི《དེབ་ཐེར་དཀར་པོ་》དང་བོད་བཙན་པོའི་སྲིད་དོན་ལོ་རྒྱུས།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་རིག་པ། སྤེལ་དུས། 12-18


 བུ་བཞི་བསམ་པའི་དོན་གྲུབ།

[ནང་དོན་གནད་བསྡུས།] དགེ་འདུན་ཆོས་འཕེལ་ལགས་ཀྱིས་མཛད་པའི་《དེབ་དཀར་》 ནི་དེང་རབས་ལོ་རྒྱུས་རིག་པའི་འདུ་ཤེས་ཏེ།“མིའི་ལོ་རྒྱུས་ས་ཐོག་ཏུ་བྱུང་བ་”ཡི་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ལྟ་བ་དང་།   “མཐོང་ན་འཇིགས་པའི་བདེན་པ་གཅེར་བུ་ཡི་དངོས་ཐོག་བདེན་འཚོལ་གྱི་ཞིབ་འཇུག་རིགས་ལམ།  “མངོན་འགྱུར་རྟགས་ཀྱི་བདེན་པ་ར་སྤྲོད་པ་”ཡི་དངོས་དཔང་རྗེན་པར་སྟོན་པའི་ཞིབ་འཇུག་ཐབས་ཤེས་དང་། “རྟེན་འབྱུང་རྒྱལ་པོའི་བཞག་ཁྲིམས་བསྲུང་བའི་འཇིག་རྟེན་ཆོས་ཉིད་དང་དངོས་པོའི་གཤིས་ལུགས་ལ་བརྩི་མཐོང་བྱེད་པ་རྨང་གཞིར་བྱས་ནས་འབད་པས་བྲིས་པས།  མི་ཆོས་རྩ་བར་བཟུང་བ་དང་མི་གཤིས་འབུར་དུ་ཐོན་པའི་ལོ་རྒྱུས་ཀྱི་རྩོམ་གཤིས་གསར་བ་ཆགས་ཤིང་།  ཁོང་གི་ལོ་རྒྱུས་བརྩམས་ཆོས་དང་རྩོམ་རིག་བརྩམས་ཆོས་གང་མང་དུ།  སྦ་གསང་དང་རྫུན་ཟོལ་བྲལ་བའི་ངང་རྒྱལ་གཅེས་རིང་ལུགས་དང་དམངས་གཙོ་རིང་ལུགས། མི་རིགས་རིང་ལུགས་སོགས་ཀྱི་ལྟ་བ་མངོན་པར་མཚོན་ཡོད་པས། ཁོང་ནི་ཀྲུང་གོའི་ལོ་རྒྱུས་སྟེང་ཏུན་ཧོང་ཡིག་རྙིང་ལ་ཞིབ་འཇུག་བྱེད་པའི་མཁས་པ་ཐོག་མ་དང་། བོད་ལ་སྲིད་ལུགས་ཀྱི་ལོ་རྒྱུས་འབྲི་མཁན་གྱི་མཁས་པ་ཐོག་མ། དེང་རབས་ལོ་རྒྱུས་ཀྱི་ལྟ་བ་དང་ཐབས་ཤེས་སྤྱད་ནས་རིག་གཞུང་ཞིབ་འཇུག་བྱེད་མཁན་མཁས་པ་ཐོག་མ་བཅས་ཡིན།
[བརྡ་ཆད་གཙོ་བོ།] དགེ་འདུན་ཆོས་འཕེལ། དེབ་ཐེར་དཀར་པོ། སྲིད་དོན་ལོ་རྒྱུས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]  P128
[ཡིག་ཚང་མཚན་བྱང་།]A
[རྩོམ་གྱི་གོ་རིམ་ཨང་སྒྲིག]    l002  9060(2013) 02 -0035-16
གཅིག བོད་པའི་སྲོལ་རྒྱུན་གྱི་ལོ་རྒྱུས་རིག་པའི་ལྟ་བ།
            བོད་ཀྱི་ལོ་རྒྱུས་རིག་པའི་སྲོལ་རྒྱུན་ལྟ་བ་དང་ཁྱད་པར་དུ་བསྟན་པ་ཕྱི་དར་སྐབས་ཀྱི་“ཆོས་འབྱུང་ལོ་རྒྱུས་”དང་གྲུབ་མཐའ་མཁན་པོ་རྣམས་ཀྱི་“རྣམ་ཐར་”སོགས་ནི། ཧ་ལམ་སྐྱེ་བུ་དམ་པའི་ཐུན་མོང་མ་ཡིན་པའི་མཛད་རྣམ་དག་བྲིས་པ་ཡིན།    དེང་རབས་ལོ་རྒྱུས་རིག་པའི་དབྱེ་སྟངས་ལ་མིའི་མཛད་རྗེས་ས་ཐོག་ཏུ་བྱུང་བ་བཀོད་པ་རྣམས་ལ་“ལོ་རྒྱུས་”ཀྱི་ཐ་སྙད་དང་།   ལྷ་དང་འཕགས་སྐྱེས་རྣམས་ཀྱི་མཛད་བཟང་ལ་“ལྷ་སྒྲུང་”དུ་འབོད་པ་ཡིན།  དེ་ཡང་རྒྱ་གར་གྱི་ལྷ་ཆེན་བཞིའི་ལོ་རྒྱུས་བརྗོད་པ་ལ་“རིག་བྱེད་གཏམ་རྒྱུད་དམ་རིག་བྱེད་ལྷ་སྒྲུང་”དུ་འབོད།  དངོས་གཙོ་རིང་ལུགས་དང་དེང་རབས་ལོ་རྒྱུས་རིག་པའི་རིགས་ལམ་ལྟར་ན།  སོ་སྐྱེས་ཀྱི་དབང་པོ་ལྔའི་གཞལ་བའི་ཡུལ་ལས་འགོངས་པའི་གསང་བ་ལྐོག་གྱུར་གྱི་གནས་རྣམས་ལོ་རྒྱུས་མཁན་པོས་རྟོགས་ཀྱང་མི་ནུས་ལ་འབྲི་བ་དེ་བས་མི་རུང་།   དེ་བས་རྩོམ་པ་པོ་ཞིག་གིས་གཞན་གྱི་ཐུན་མིན་རྣམ་ཐར་འབྲི་བ་ལ་རང་ཉིད་ཀྱང་འཕགས་པའི་སྐྱེ་བུ་ཞིག་ཡིན་དགོས།  དེ་བས་དེང་རབས་ལོ་རྒྱུས་རིག་པའི་ལྟ་བ་ལྟར་ན།   མིས་བྱས་པའི་ལོ་རྒྱུས་དང་ལྷས་མཛད་པའི་ལྷ་སྒྲུང་གཉིས་ཀྱི་ངོ་བོ་དེ་ངེས་དོན་དང་དྲང་དོན་གྱི་ཁྱད་པར་གཅིག་པུ་མ་ཡིན་པར། ལོ་རྒྱུས་དང་རྩོམ་རིག་གི་ཤེས་རིག་ཚན་ཁག་གཉིས་བར་གྱི་ཁྱད་པར་ཡང་ཡིན་པར་སེམས།  དེ་བས་ཐུབ་བསྟན་ཆོས་དར་གྱི་《དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་》ཕྱག་བྲིས་མ་ལས།“དགེ་ཆོས་རིན་པོ་ཆེ་ཉིད་ཀྱི་ཞལ་ནས་ཡང་ཡང་ཐོས་པའི་གཞིར། བར་སྐབས་ཤིག་ནས་རང་རེའི་བླ་མ་མང་པོ་ཞིག་གི་རྣམ་ཐར་འབྲི་སྐབས།  འགོ་ནས་མར་ལ།  བསྐལ་བ་དཔག་ཏུ་མེད་པའི་སྔ་རོལ་ནས་སངས་རྒྱས་ཟིན་ཀྱང་། ལ་ལར་ནི་རྒྱལ་པོའི་ཚུལ་དང་ལ་ལར་ནི་བློན་པོའི་ཚུལ་སོགས་ཟེར་ནས།   མཁས་གྲུབ་རྗེ་རིན་པོ་ཆེའི་རྣམ་ཐར་དད་པའི་འཇུག་ངོགས་བྲིས་གནང་ལ་ལད་ཟློས་བྱས་ཏེ། དེ་འདྲ་ཞིག་མ་བྲིས་ན་བླ་མའི་རྣམ་ཐར་གྱི་གྲངས་ལ་མི་འགྲོ་བ་ལྟ་བུ་བྱེད་བགྱི་འདུག་ཀྱང་།   བླ་མའི་རྣམ་ཐར་ཟེར་བ་མི་ལ་དང་།   དེ་བཞིན་སྔ་རབས་པའི་བླ་མ་མང་པོའི་རང་རྣམ།   དེ་བཞིན་རྒྱལ་དབང་ལྔ་པའི་རང་རྣམ་དག་ལྟ་བུ་མཇལ་ན།  དེ་ཚོའི་ནང་ཟོལ་མིན་པའི་ལོ་རྒྱུས་ངོ་མཚར་ཅན་མང་པོ་མཇལ་རྒྱུ་འདུག    ཉེ་ཆར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་རྣམ་ཐར་མཇལ་བ་ཡིན་ཀྱང་། རྒྱལ་དབང་འདིའི་རིང་གི་ཆོས་སྲིད་ཀྱི་མཛད་པ་ལྟ་བུ་བར་སྐབས་མ་བྱུང་བ་འདྲ་བ་ལ། བཀོད་འོས་རྣམ་ཐར་ནི་གང་ཡང་འཁོད་མི་འདུག་པ་ཕངས་པ་ལ་ཨང་། ”①ཞེས་དེང་རབས་དང་ཉེ་རབས་ཀྱི་སྐྱེས་ཆེན་དམ་པ་རྣམས་ནས་དུས་རབས་དཀྱིལ་མའི་སྐབས་ཀྱི་ལོ་རྒྱུས་འབྲི་སྟངས་སྤྱོད་པ་འདིའང“དེང་རབས་ལོ་རྒྱུས་པ་རིག་པ་”དང་“ཆོས་འབྱུང་ལོ་རྒྱུས་རིག་པ་གཉིས་ཀྱི་ཁྱད་པར་ཡིན།  
            དེས་ན་“ཆོས་འབྱུང་ལོ་རྒྱུས་དང་“སྲིད་དོན་ལོ་རྒྱུས་གཉིས་བར་གྱི་ཁྱད་པར་ཡང་འདི་འདྲ་ཞིག་མཐོང་དུ་ཡོད་དེ། བསྟན་པ་ཕྱི་དར་སྐབས་ཀྱི་ཆོས་འབྱུང་ལོ་རྒྱུས་དེ་དག་ལ་གཟིགས་ན།   རྒྱ་གར་ཀྱི་ལོ་རྒྱུས་བྲིས་པ་མང་ཞིང་བོད་ཀྱི་ལོ་རྒྱུས་ཉུང་།  ཆོས་ཕྱོགས་ཀྱི་ལོ་རྒྱུས་བྲིས་པ་མང་ཞིང་སྲིད་ཕྱོགས་ཀྱི་ལོ་རྒྱུས་ཉུང་། སྐྱེས་རབས་སྔ་མའི་ཕྲེང་བ་བྲིས་པ་མང་ཞིང་སྐྱེས་པ་ད་ལྟའི་སྲིད་ཕྱོགས་ཀྱི་མཛད་པ་ཉུང་།  ལྷ་སྒྲུང་དང་ངག་རྒྱུན་བྲིས་པ་མང་ཞིང་ལོ་རྒྱུས་དངོས་ཀྱི་དོན་རྐྱེན་ཉུང་། དག་སྣང་གི་མཐོང་ཐོས་ངོ་མཚར་བྲིས་པ་མང་ཞིང་ཆུ་བུར་མིག་གིས་གཞལ་བའི་དོན་རྐྱེན་ཉུང་བ་བཅས་ཀྱི་ཁྱད་པར་ཡོད། སྤྱིར་ན་རྒྱལ་པོ་མཁས་པ་དང་བློན་པོ་མཛངས་པ་དེ་དག་གི་ཆེ་བ་བརྗོད་སྐབས་ཀྱང་།  མིའི་ཐོབ་ཐང་དང་སོར་སྐྱེས་ཀྱི་མིག་རྒྱང་གིས་ཤེས་རིག་གི་ལེགས་བྱས་ས་ཐོག་ཏུ་བཀོད་པ་བརྗོད་དགོས་ཀྱི།  ལོ་ཚད་ཇེ་རིང་དུ་གཏོང་བ་དང་སྒྱུ་འཕྲུལ་ཡ་མ་ཟུང་གི་ངོ་མཚར་འབྲི་བའི་སེམས་ཀྱི་འཆར་སྒོ་འདི།  དོན་དངོས་ཐོག་རྒྱལ་པོའི་ཆེ་བ་བཏོན་ཡོད་དམ་དམའ་ཕབ་ཡོད་པ་ཤེས་རབ་ཅན་གྱི་བློ་ངོར་གསལ་ལེར་མཁྱེན།“དེ་བཞིན་རྒྱལ་རབས་སྐོར་གསུངས་སྐབས།   ངས་ཆོས་རྒྱལ་སྲོང་བཙན་ལ་མཚན་བསྟོད་ཅིག་ཕུལ་ན།  བོད་ཆེན་པོའི་ཆོས་སྲིད་གཉིས་ཀྱི་མིག་འབྱེད་བླ་མའི་ཡང་བླ་མ་ཟེར་བ་ཞིག་མ་གཏོགས་ཚིག་གཞན་རྙེད་དཀའ་བ་ཞིག་རེད་ཅེས་དང་། བོད་པ་མང་པོའི་བསམ་པར་སྲོང་བཙན་དགུང་ལོ་བརྒྱད་བཅུ་སྐོར་ཞིག་མ་བཞུགས་ན་ཕྱག་ལས་དེ་ཙམ་གནང་མི་ཐུབ་བསམ་པ་དང་།  སྟོན་པ་དགུང་ལོ་ཇི་ཙམ་བཞུགས་པ་དེ་དང་མཚུངས་ཐབས་ཞིག་ཀྱང་བྱས་པ་ཡིན་ཤས་ཆེ།  དཔའ་མཛངས་སྙིང་སྟོབས་དང་ལྡན་པའི་སྐྱེས་བུ་རྟུལ་ཕོད་ཅན་ཚོའི་ཕྱག་རྗེས་ལ་ལོ་མང་པོའི་གྲུབ་འབྲས་དགོས་དོན་གང་ཡང་མེད།   དཔེར་ན་གྷི་རིཀ་གི་དམག་དཔོན་ཨ་ལེཀ་ཛེན་ཊར་རྒྱ་གར་ཚུན་ལ་ཡོང་ནས་ཡུལ་མང་པོ་དབང་བ་གྲགས་ཅན་དེ་ཡང་འཆི་དུས་ལོ་ཉི་ཤུ་ལྷག་སུམ་བཅུ་མ་ཟིན་སྔོན་ཙམ་དུ་ཡིན་པ་སོགས་བོད་ཀྱི་རྒྱལ་བློན་སོགས་ཀྱི་སྐོར་ལ་ཡང་དོན་མཐུན་གྱི་བསྔགས་བརྗོད་དང་ལོ་རྒྱུས།  དེའི་སྐབས་ཀྱི་ཡུལ་མིང་སོགས་མང་པོ་ཞིག་གསུངས་བྱུང་ཡང་།  ཞིབ་ཆ་མ་ངེས་པས་རང་བཟོའི་ཉེས་པ་འཇུག་མི་དགོས་པ་བྱས་ཏེ་འདི་ཙམ་བྱས་”ཞེས་བསྟན་པ་ཕྱི་དར་སྐབས་སུ་བརྩམས་པའི་བཀའ་ཆེམས་སོགས་གཏེར་ཡིག་ལ་གཏོགས་པའི་ཆོས་འབྱུང་ལོ་རྒྱུས་དང་དེང་རབས་སྲིད་དོན་ལོ་རྒྱུས་གཉིས་ཀྱི་བརྗོད་བའི་གནད་མི་གཅིག་པ་དང་།   བརྗོད་འདོད་དམིགས་ཡུལ་མི་གཅིག་པ།  རྗོད་སྟངས་ཞིབ་འབྲིའི་ཐབས་ལམ་མི་གཅིག་པའི་དབང་གིས། བཀའ་ཆེམས་གཏེར་ཡིག་དེ་དག་བརྗོད་བྱ་ཆོས་ཀྱི་བྱུང་འཕེལ་ལོ་རྒྱུས་ཀྱི་སྟེང་དུ་འཇོག་པ་དང་།  བརྗོད་འདོད་དམིགས་ཡུལ་ནང་པའི་བསྟན་པའི་རྩ་བ་བརྟན་པ་དང་ཁྱད་པར་དུ་གྲུབ་མཐའ་སོ་སོའི་ཆེ་བ་བརྗོད་པ།    རྗོད་སྟངས་རབ་རྟོག་དང་ལྷ་སྒྲུང་སོགས་འཆར་ཡན་རིང་ལུགས་ཀྱི་ལམ་ནས་བརྩམས་པས་འཕགས་པའི་སྐྱེ་བོ་རྣམས་ཀྱི་མཐོང་སྣང་མ་གཏོགས།  སོར་སྐྱེ་ཡི་ཆུ་བུར་མིག་གི་མཐོང་རྒྱ་ལས་རིང་དུ་སོང་ལ་དེང་རབས་ལོ་རྒྱུས་རིག་པའི་ཚད་གཞི་ལས་ཀྱང་རིང་དུ་སོང་བ་ཡིན།
གཉིས། སྲོང་བཙན་སོགས་རྒྱལ་བློན་གཙོ་ཆེའི་རིགས་ཀྱི་སྲིད་དོན་ལོ་རྒྱུས་ཀྱི་དཔྱད་པ།   
            “ཆོས་འབྱུང་ལོ་རྒྱུས་དང་“སྲིད་དོན་ལོ་རྒྱུས་”གཉིས་གཙོ་བོ་བརྗོད་བྱ་དོན་གྱི་ཆ་ནས་ཁྱད་ཆེ་བར་མ་ཟད།  དུས་ཀྱི་ཆ་དང་རྩོམ་སྟངས་སོགས་ཀྱི་ཆ་ནས་ཀྱང་དབྱེ་བ་ཡོད་དེ། ཆོས་འབྱུང་ལོ་རྒྱུས་རྣམས་ཧ་ལམ་བསྟན་པ་ཕྱི་དར་སྐབས་སུ་རྒྱལ་སྲིད་ཐོར་བ་དང་རྒྱལ་རྒྱུད་ཆད་པའི་དུས་སུ་གྲུབ་མཐའ་སོ་སོའི་མཁས་པ་དག་གིས་བྲིས་པ་ཡིན། དུས་དེར་བྱུང་བའི་རྒྱུ་མཚན་ཡང་བཙན་པོ་རྒྱལ་རབས་ཀྱི་ཕྱག་སྦལ་ཡིག་ཚང་གི་ཆེད་ལས་ལས་ཁུངས།  ཆེད་ལས་མི་སྣ་རྣམས་མི་བཞུགས་པ་དང་། སྤུ་རྒྱལ་གདུང་རྒྱུད་ཀྱི་ཡིག་ཚང་སྲོལ་ལུགས་རྣམས་ཉམས་པ།  ས་གནས་བཅད་བཟུང་དང་གྲུབ་མཐའ་སོ་སོར་གྱེས་པའི་དབང་གིས།  “གཏེར་ཡིག་ཕྱག་དཔེ་དང་“ཞལ་ཆེམས་”ཕྱག་དཔེ་མང་དུ་འཕེལ་བ་དང་འབྲེལ་ནས་ཆོས་འབྱུང་ལོ་རྒྱུས་དེ་ཡང་ཆེས་ཆེར་འཕེལ་བར་གྱུར།  བཙན་པོ་རྒྱལ་རབས་མ་ཐོར་ཡར་སྔོན་དུ་ཕྱག་སྦལ་དང་ཡིག་ཚང་ཆེད་ལས་ཀྱི་ལས་ཁུངས་དང་མི་སྣ་ཆེད་དུ་ཡོད་པས། དེ་དག་གིས་བྲིས་པའི་ལོ་རྒྱུས་རྣམས་ད་ལྟ་ཏུན་ཧོང་ཡིག་རྙིང་ལས་བྱུང་བ་ཇི་བཞིན་སྲིད་དོན་གྱི་ལོ་རྒྱུས་དངོས་བྲིས་ཡོད་པ་ཡིན་ལ།  དེ་དག་ཀྱང་“ཅན་ལྔ་ལོག་ནོན་གསང་བ་ཡང་ཆུང་ཕྱེད་”ཅེས།  ཡོ་ག་ལྷ་གྱེས་ཅན།  ཟངས་མ་གཞུགས་རལ་ཅན། ལྟབ་མ་དགུ་བརྩེགས་ཅན།     ཟིང་པོ་མགོ་སྔོན་ཅན།  གསང་བ་ཕྱག་རྒྱ་ཅན།  ཞེས་ཅན་ལྔ་དང་།  ལོ་རྒྱུས་ཆེན་པོའམ་ལོག་གནོན་ཆེན་པོ་དང་དྲུག  གསང་བ་ཡང་ཆུང་ཅན་ནི་གཤིན་བང་སོ་བཏབ་པའི་རབས་ཡིན་པས་ཕྱེད་དུ་བཞག་པ་བསྣན་པས་བདུན་དུ་བགྲང་བ་དེ་དག་གིས་བོད་ཀྱི་ལོ་རྒྱུས་ཀྱི་དབུ་ཡི་ཆ་སྟོད་ལྷ་རབས་དང་།  བར་མངའ་དར། ཐ་མ་གྱེས་མདའ་འམ་སིལ་ཆད་དེ་བོད་ཀྱི་རྒྱལ་སྲིད་ཐོར་བའི་བར་གྱི་སྲིད་དོན་ལོ་རྒྱུས་རྐྱང་བསྡུས་ནས་བརྗོད་ཡོད།    དུས་དེར་སྤུ་རྒྱལ་གདུང་རྒྱུད་ཀྱི་ཡིག་ཚང་སྲོལ་ལུགས་རྣམས་གནས་པས་ན།  མི་སྒེར་གྱིས་སྲིད་གཞུང་གི་བཀའ་དང་ཡིག་ཚང་སྲོལ་ལུགས་ལས་འགོངས་ནས་གང་འདོད་དུ་བྲིས་ཆོག་པ་ཞིག་མིན། དེ་བས་བསྟན་པ་ཕྱི་དར་ཡར་སྔོན་དུ་སྲིད་གཞུང་གི་དགོངས་དོན་བཞིན་དུ་བྲིས་པའི་ལོ་རྒྱུས་རྣམས་བརྗོད་བའི་དོན་དང་རྩོམ་སྟངས་གང་གི་ཆ་ནས་སྲིད་དོན་ལོ་རྒྱུས་ཀྱི་རྩོམ་སྟངས་སུ་གཏོགས་ལ། ལོ་རྒྱུས་ཀྱི་གནད་འགག་དང་དོན་རྐྱེན་རྣམས་ཀྱང་སྒྲོ་སྐུར་དང་བྲལ་ནས་བྲིས་པ་ཤ་སྟག་ཡིན་པ་ད་ལྟའི་ཏུན་ཧོང་གཏེར་ཡིག་དང་རྡོ་རིང་ཡི་གེ་དག་ལ་གཟིགས་པས་ཀྱང་ཟུར་ཙམ་ཤེས་ཐུབ།   
            ཁོང་གིས་བོད་ཀྱི་ལོ་རྒྱུས་དེབ་ཐེར་དཀར་པོའི་ཁ་བྱང་དུ་《བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ་》ཞེས་“བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བ་”བྱ་བའི་གོ་དོན་སྟེང་ནས་ཀྱང་ཁོང་གི་ལོ་རྒྱུས་ཞིབ་འཇུག་གི་གནད་གཙོ་བོ་དང་སེམས་ཀྱི་གཞོལ་ཕྱོགས།  དེང་རབས་ལོ་རྒྱུས་རིག་པའི་ཤེས་རྟོགས་སྨྲ་བ་དང་ཞིབ་འཇུག་རིགས་ལམ་དང་ཐབས་ཤེས་གསར་བ་སྤྱད་ཡོད་པ་རྟོགས་ཐུབ།  《དེབ་ཐེར་དཀར་པོ་》ཡི་དབུ་རུ། “རང་རེའི་རྣམས་ལ་ཡང་སྔོན་ཀྱི་དུས་སུ། རྒྱལ་བློན་དེ་དག་གིས་ལོ་དང་ཟླ་བ་རེ་བཞིན་ཇི་མཛད་ཀྱི་ལོ་རྒྱུས་རྒྱལ་རབས་ཤིན་ཏུ་རྒྱས་པ་ཡོད་པར་གོར་མ་ཆག་ལ། འོན་ཀྱང་ལྷ་སྲས་དར་མའི་རྗེས་སུ་འབངས་གྱེན་ལོག་བྱུང་བ་ནས་བཟུང་བོད་ཁམས་སིལ་བུར་འཐོར་ཏེ།  རྒྱལ་རྒྱུད་རྣམས་ཀྱིས་བཞུགས་ས་ཡུལ་དུ་མར་སྤོས་པ་དང་།  སྟོད་སྨད་ཀྱི་རྟོར་དམག་གི་འཇིགས་པ་ལན་གཉིས་སམ་གསུམ་དུ་བྱུང་བ་སོགས། ཁམས་ཀྱི་དར་རྒུད་སྣ་ཚོགས་བྱུང་བའི་བར་ལ་རྒྱལ་རབས་རྣམས་ཀྱང་རྩ་མེད་དུ་ཡལ་ཏེ།   དུས་ཕྱིས་ཙ་ན་ཆོས་དང་འབྲེལ་བའི་མཛད་ཕྲིན་ཅི་གནང་གི་ལོ་རྒྱུས་ཙམ་ལས་ལྷག་མར་མ་ལུས་པ་འདི་ལྟར་གྱུར་ཅིང་།     ཞེས་དང་།  “དེས་ན་འདིར་གང་ཞིག་ཆེད་དུ་བརྗོད་པར་བྱ་བ་ནི།   བཙན་པོ་ཡབ་སྲས་དེ་དག་གིས། འཇིག་རྟེན་སྲིད་ལུགས་དང་འབྲེལ་བའི་མཛད་སྒོ་ཅི་དང་ཅི་གནང་གི་ལོ་རྒྱུས་དང་།  དྲག་པོ་གཡུལ་གྱི་སྒོ་ནས་ཆབ་སྲིད་དང་རྒྱལ་ཁམས་ཀྱི་རྒྱ་ཁྱོན་ཇི་ཙམ་དུ་བསྐྱེད་པའི་མཛད་ཚུལ་ཙམ་ཞིག་གཙོ་བོར་བཏོན་ཏེ་འཆད་པ་ལགས་པས།  རྒྱལ་པོ་ཡབ་ཡུམ་གྱི་ཐུན་མོང་མ་ཡིན་པའི་ངེས་པ་དོན་གྱི་རྣམ་ཐར་དག་དང་།  དམ་པའི་ཆོས་ཀྱི་ཕྱོགས་སུ་ཕྱག་རྗེས་ཅི་ལྟར་བཞག་པའི་ཚུལ་རྣམས་ནི།  ཆེས་ཡོངས་སུ་གྲགས་པ་ལགས་པས་འདིར་ཅུང་ཟད་ཙམ་ཡང་ཟློས་པའི་ངལ་བ་མ་བྱས་སོ་”③ཞེས“མིའི་ཞབས་རྗེས་ས་ཐོག་ཏུ་བཀོད་པ་ཡི་ལོ་རྒྱུས་རིག་པའི་ངོ་བོ་དང་རྩ་དོན། ཚད་གཞི་དང་ཁྱད་ཆོས་ཁོ་ན་འབུར་དུ་བཏོན་ནས་ཞིབ་འཇུག་གི་དྲང་ལམ་དུ་ཞུགས་ཡོད་པ་ཡིན།   དེ་བས་དགེ་ཆོས་ལགས་ཀྱི་“མངོན་འགྱུར་རྟགས་ཀྱི་བདེན་པ་”དང་“མིའི་ཞབས་རྗེས་ས་ཐོག་དུ་བཀོད་པ་”“མཐོང་ན་འཇིགས་པའི་བདེན་པ་གཅེར་བུ་དང་“རྟེན་འབྱུང་རྒྱལ་པོའི་བཞག་ཁྲིམས་སོགས་”ལོ་རྒྱུས་རིག་པའི་ལྟ་བ་དང་།  བཀའ་ཐང་སོགས་ལས་བྱུང་བའི“རྒྱལ་པོ་ཡབ་ཡུམ་གསུམ་ཇོ་བོ་ཐུགས་རྗེ་ཆེན་པོ་ལ་བྱེ་མ་ལ་མར་ཁུ་ཐིམ་པའམ་རྡོ་ཚན་ལ་ཁ་བ་བཞིན་དུ་ནུབ་སོ།།  དེ་ནས་རྒྱལ་པོ་ཡབ་ཡུམ་གསུམ་འོད་ཀྱི་གོང་བུ་ཅིག་ཏུ་བྱས་ནས། དགུང་ལོ་བརྒྱད་བཅུ་རྩ་ལྔ་པ་ཤིང་མོ་གླང་གི་ལོ་དཔྱིད་ཟླ་ར་བའི་ཉའི་ཉིན་པར་སྐར་མ་རྒྱལ་དང་ལྡན་པ་ལ་ལྷ་ཐུགས་རྗེ་ཆེན་པོའི་ཐུགས་ཀར་ཐིམ་སོ”བྱ་བའི་འཕགས་པའི་མཐོང་སྣང་གཉིས་ལ་ལོ་རྒྱུས་དང་ལྷ་སྒྲུང་རིག་པའི་དབྱེ་མཚམས་དང་ལོ་རྒྱུས་དང་རྩོམ་རིག་རིག་པའི་དབྱེ་མཚམས་ཡོད་པ་ཤེས་དགོས།   
            དེ་བས་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་བྲིས་པའི་སྲིད་དོན་ལོ་རྒྱུས་དང་རིག་གནས་དཔྱད་རྩོམ་གང་གི་ནང་དུའང་ལྷ་སྒྲུང་དང་ངག་སྒྲོས།   སྙེམས་བཤད་དང་ཨུ་ཚུགས་སོགས་ཀྱིས་མ་ལྷད་པར།  མི་རིགས་སོ་སོས་ཡིག་རིགས་ལ་བཀོད་པའི་ཡུལ་བསྐོར་ཟིན་བྲིས་དང་ལོ་རྒྱུས་ཟིན་བྲིས། རྡོ་རིང་ཡི་གེ བྲག་བརྐོས་ཡི་གེ  རིག་དངོས་གཏེར་མ་སོགས་ལོ་རྒྱུས་རྒྱུ་ཆ་རང་ངོས་ན་གཏམ་བརྗོད་ནུས་པ་ལྡན་པ་རྣམས་དཔང་དུ་བྱས་ཏེ་དེབ་ཐེར་བརྩམས་པ་ཡིན།  དེ་བས་གོང་གསལ་རིག་དངོས་སུ་གཏོགས་པ་ཏུན་ཧོང་གཏེར་ཡིག་དང་བཙན་པོ་སྐབས་ཀྱི་རྡོ་རིང་ཡིག་ཆ་འདི་དག་ཁོང་གིས་ཤིན་ཏུ་གཅེས་སུ་བཟུང་ཞིང་།     དེ་དག་འཚོལ་སྡུད་དང་ཉར་ཚགས།  འགྲེལ་བཤད་བྱེད་པའི་སྐོར་ལ་དཀའ་ངལ་མི་ཉུང་བ་མྱངས་པའི་གནས་ཚུལ་དག་གྲོགས་ཀྱི་གླེང་མོ་ལས་ཐེངས་གང་མང་དུ་བྱུང་། དེ་ཡང་ཆབ་སྲིད་དང་རིག་གནས་མིག་རྒྱང་གིས་བལྟས་ན། འདས་པའི་དུས་ཀྱི་ལོ་རྒྱུས་རྒྱུ་ཆ་འདི་མཐའ་དག་བོད་མི་རིགས་ཀྱི་ལོ་རྒྱུས་ཤུལ་བཞག་རིན་ཐང་བྲལ་བ་དང་། མ་འོངས་པའི་བོད་མི་རིགས་ཀྱི་ལས་དབང་དང་རིག་གནས་ལ་འབྲེལ་བ་དམ་པའི་རིག་དངོས་སུ་ངོས་འཛིན་བྱས་ཡོད། དཔེར་ན། དེ་སྔ་ཀ་བློན་སྦུག་ཏུ་བྷ་ཁོ་ཊི་དང་(J་ Bacot)མཉམ་འབྲེལ་གྱིས་ཁོང་གིས་བརྡ་འགྲེལ་དང་ཕབ་ཞུ་སོགས་དཀའ་སྡུག་མང་པོ་མྱངས་ཤིང་བྷ་ཁོ་ཊིའི་དཔེ་དེབ་པར་བསྐྲུན་མ་བྱུང་གོང་དགེ་འདུན་ཆོས་འཕེལ་གྱིས་ཕྱི་ལ་བསྒྲགས་མི་ཆོག་པའི་དམ་བཅས་ནས་ལོ་རྒྱུས་ཡིག་ཆ་རིན་ཐང་ཅན་དེ་དག་ཉར་ཚགས་དང་འགྲེལ་བཤད་བྱས། “བཙོན་ནས་ཧོར་ཁང་ལ་གནང་བའི་ཕྱག་བྲིས”སོགས་ཡིག་ཆ་དུ་མར་རྡོ་རིང་ཡི་གེ་དང་བོད་ཀྱི་བཙན་པོའི་ལོ་རྒྱུས་བར་གྱི་འབྲེལ་བ་དང་དེ་དག་གི་ལོ་རྒྱུས་རིན་ཐང་ལ་མཐོང་ཆེན་བྱེད་དགོས་པའི་བསླབ་བྱ་གནང་ཡོད་པ་དང་། ད་ལྟ་བོད་ལྗོངས་ཡིག་ཚགས་ཁང་དུ་བཞུགས་པའི་རྡོ་རིང་ཡིག་གེ་མྱུར་སྐྱོབ་སྐོར་དགེ་འདུན་ཆོས་འཕེལ་གྱིས་སྲིད་གཞུང་ལ་ཡར་ཞུ་ཕུལ་བའི་སྙན་ཞུ་འདི་ལས་ཀྱང་ཁོང་གིས་བཙན་པོའི་རྒྱལ་རབས་སྐབས་ཀྱི་ལོ་རྒྱུས་ཡིག་ཆ་རྣམས་ཀྱི་རིན་ཐང་ལ་དོ་ཁུར་བས་པ་ཤེས་ཐུབ།  
            ཁོང་ཉིད་ལྷ་སྒྲུང་དང་ངག་རྒྱུན།  ཕྱི་རོལ་རིག་བྱེད་གཏམ་རྒྱུད་དང་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད། བྱུང་ཡུལ་བཀོད་དང་རྨོངས་དད་འདུ་ཤེས་སོགས་སྒྲུབ་བྱེད་དུ་བཟུང་ནས་བོད་ལ་ལོ་རྒྱུས་རྩོམ་པའི་སྲོལ་ངན་དེར་ཡིད་སྐྱོ་ནས། 《དེབ་ཐེར་དཀར་པོ་》ནང་། “ཕྱོགས་ལྷུང་ཞེན་པས་དམར་པོར་མ་བྱས་ཤིང་།།  ངོ་བསྲུང་ཚིག་གིས་སྔོན་པོར་མ་བྱས་ལ།།  ཕྱིས་འབྱུང་གཏམ་གྱིས་སེར་པོར་མ་བྱས་པ།། དེ་ཕྱིར་འདི་ནི་དེབ་ཐེར་དཀར་པོ་ཡིན།།ངོ་མཚར་གཏམ་གྱིས་ཁ་དོག་མ་བསྒྱུར་བའི།། བདེན་པའི་ནོར་བུ་རྗེན་པར་མཐོང་བ་ན།།  བྱིས་པའི་སྐྱེ་བོས་མཚར་དུ་མི་འཛིན་ཀྱང་།།  ལེགས་པའི་རིན་ཐང་རང་གི་ཁོང་ན་གནས།། དྲེགས་ལྡན་འུག་པ་ཁྲོས་པའི་ཧ་ཧ་དང་།། བླུན་པོ་ཕག་གིས་བརྙས་པའི་ཧུམ་སྒྲ་དང་།།   བློ་ཆུང་བྱིས་པ་དགོད་པའི་སྣ་གཉེར་ལ།།  འཇིགས་པའི་ཡ་ང་བདག་ལ་ཡོད་མ་ཡིན།། ང་རྒྱལ་འབྱུང་བོ་ལངས་པའི་གྲིབ་མ་དང་།། ཕྲག་དོག་འདྲེས་མོ་ངུ་བའི་འོ་དོད་ལ།།  དགོས་མེད་རིག་པ་རིང་དུ་འདྲིས་པའི་དབྱིངས།། ད་ནི་བདག་ལ་འཇིགས་པའི་འདུ་ཤེས་ཟད།།”   ཅེས་ཕྱོགས་སུ་ལྷུང་བ་དང་ཞེན་པའི་ཁ་འཛིན།    ཆེན་པོའི་ངོ་བསྲུང་དང་གཅམ་བུའི་བསྟོད་ཚིག  ཕྱིས་འབྱུང་ངག་རྒྱུན་དང་ངོ་མཚར་གཏམ་རྒྱུད། ང་རྒྱལ་དང་ཕྲག་དོག་སོགས་གང་གིས་ཀྱང་མ་ལྷད་པར།     མི་རིགས་ལ་བློ་དཀར་དང་ལོ་རྒྱུས་ལ་དོ་ཁུར།  བདེན་ལུགས་དང་གནས་ལུགས་ལ་བརྩི་འཇོག མི་གཤིས་དང་ལྟ་བ་གཟུ་བོར་གནས་པའི་ངང་ནས་བོད་ཀྱི་སྲིད་དོན་ལོ་རྒྱུས་འཆད་པའི་དགོངས་པ་བསྟན། 
གསུམ། 《འཇམ་དཔལ་རྩ་རྒྱུད་》ཀྱི་ལུང་བསྟན་དང་གཏེར་ཆོས་ལོ་རྒྱུས་ཀྱི་ཤུགས་རྐྱེན།   
            གཏེར་ཆོས་ལུང་བསྟན་དང་ཞལ་ཆེམས་ལུང་བསྟན་གྱི་རིགས་འདི་དག་ཧ་ལམ་བསྟན་པ་ཕྱི་དར་གྱི་སྐབས་སུ་བྱུང་ཞིང་།  དེ་དག་གིས་ཀྱང་བསྟན་པ་ཕྱི་དར་སྐབས་ཀྱི་ཆོས་རྣལ་མ་དང་ལོ་རྒྱུས་གཙང་མའི་ངོ་གདོང་ལ་ལྷད་སྐྱོན་ངེས་ཅན་ཞིག་ཐེབས་ཡོད།    དེ་བཞིན་《འཇམ་དཔལ་རྩ་རྒྱུད་》ཀྱི་ལུང་བསྟན་རྣམས་བོད་ལ་བསྟན་པ་ཡིན་པར་འདོད་པའི་གོ་འཛོལ་གྱིས་རང་རེའི་རྒྱལ་བློན་རྣམས་ལ་སྐྱེས་རབས་ཕྲེང་བ་བྲིས་པ་དང་།  ཁྱད་པར་དུ་གླང་དར་མས་ཆོས་བཀག་པ་དེ་བོན་ལ་དད་པས་བྱས་པ་དང་།  སེམས་སུ་གདོན་ཞུགས་པ།  ལྷ་ལུང་དཔལ་རྡོར་གྱིས་གླང་དར་དགྲོང་བ་དེ་ལུགས་མཐུན་དུ་སྒྲུབ་ནས་དཔའ་བོའི་ཚུལ་དུ་བསྒྲགས་པ་སོགས་ཕྱོགས་ལྷུང་ཁོ་ན་བྲིས།   “ད་ནི་བྱང་ཕྱོགས་གངས་རི་དང་དེ་ལས་འཕྲོས་པའི་དོགས་དཔྱོད། ཧི་མ་ལ་ཡའི་རི་རྒྱུད་སྤྱི་ལ་གངས་ཅན་དུ་བྱས་པས།  ནུབ་ཕྱོགས་ཨོ་རྒྱན་ཡུལ་ནས་ཤར་དུ་ཀོང་ཡུལ་དང་དར་རྩེ་མདོ་ལ་ཐུག་པའི་བར་གངས་ཅན་གྱི་རི་རྒྱུད་གཅིག་གི་ཁོངས་ལ་ཡོད་པར་བྱ་དགོས་ཤིང་།   དེ་བཞིན་སྐབས་འགར་ཀ་མ་རུ་པ་སོགས་ཀྱང་གངས་ཅན་དུ་ཡོད་པར་གསུངས་ལ། སྟོན་པ་འདས་ནས་ལོ་བརྒྱ་ན་ཁ་བ་ཅན་དུ་མཚོ་བྲི་བར་བཤད་པ་ཡང་།  སྟོན་པ་འདས་ནས་ལོ་བརྒྱ་ནས་ཉི་མ་གུང་པས་གསེག་ཤིང་གིས་ཁ་ཆེའི་ཡུལ་མཚོས་གང་བ་བརྟོལ་ཅེས་བཤད་པ་དེ་དང་ལྷག་པར་འགྲིག་གོ། དེ་བཞིན་བལ་ཡུལ་ཡང་ཁ་བ་ཅན་དུ་ཡོད་པར་གསུངས་ཏེ། 《འཇམ་དཔལ་རྩ་རྒྱུད་》ལས། གངས་ཅན་རི་ཡི་ནང་གནས་པའི།    ཞེས་པ་ནས་ཀླ་ཀློ་རྣམ་པ་སྣ་ཚོགས་ཡིན་ཅེས་པའི་བར་གྱི་ལུང་བསྟན་འདི་དག་སྟེ། རྒྱ་དཔེ་ལས། ནཻཔཱལནཎྜལེཁྱཱཏེཧིམཱདྲེཿཀུཀཀྵིམཤྲིཏེ། ཞེས་བྱུང་བས། བལ་ཡུལ་ཅེས་ནི་བྱ་བ་ཡི། གངས་ཅན་རི་ཡི་ནང་གནས་པར། ཅེས་བསྒྱུར་དགོས་པའི་ཕྱིར་ཏེ། ནཻཔཱལ་བལ་ཡུལ་གྱི་མིང་ཡིན་པས་སོ།   དེས་ན་ཨཱ་ལའི་རྐྱེན་མཐའ། དེལྦཱལ་ལྷ་ལྡན་དང་།   ནཻཔལཱ་བལ་ཡུལ་གཉིས་རྒྱ་ཡིག་གཟུགས་ཉེ་བས་དཔེ་ནོར་བ་ཞིག་ཡིན་ནོ། ནོར་སྲིད་མོད། ནཻཔལཱ་དག་ལ་ལྷ་ལྡན་བྱ་བ་མ་དག་པ་ཅིས་ཤེས་ཞེ་ན། འདིའི་རྒྱལ་པོ་རྣམས་ཀྱི་མིང་རྒྱ་དཔེ་ལ་བྱུང་བ་ཐམས་ཅད་བལ་ཡུལ་གྱི་རྒྱལ་པོ་རྐྱང་གི་མིང་ཡིན་པ་འདི་ལྟར། གོང་གི་མཇུག་དེ་མ་ཐག་ཏུ། རྒྱལ་པོ་མི་ཡི་ལྷ་ཞེས་པ།། ལི་ཙི་བི་རྣམས་རིགས་སུ་བྱུང་།།  ཁྱུ་མཆོག་ཁྱུ་མཆོག་བཟང་པོ་དང་།། དེ་བཞིན་ས་འོད་ས་འོད་བཟང་།། དེ་བཞིན་ཕ་རོལ་གནོན་ཉིད་དང་།།  རྐང་པའི་འགྲོས་ཤེས་བསྟན་པ་ཡིན།། ས་སྲུང་དང་ནི་བེའུ་དང་།། འོད་ལྡན་ཉིད་ནི་ཕྱི་མ་ཡིན།། མཐའ་མ་འཆར་རྒྱལ་ངང་ཚུལ་དེ།། ཀླ་ཀློ་རྣམ་པ་སྣ་ཚོགས་ཡིན།། ཅེས་པའི་བར་བྱུང་ཞིང་། མཇུག་སྡུད་དུ་ཡང་། དེ་ཚེ་བལ་ཡུལ་བདག་པོ་ནི།། མཚོན་གྱིས་འཐབ་པས་རྣམ་པར་འཇིགས།།  ཞེས་དང་།  དེའི་རྒྱ་སྐད་དུ་ཡང་།  ཤྲསྟྲསཏབིངྷྲསྟཱནེཔཱལཱངྷིཔཏིསྟདཱ་ཞེས་བལ་ཡུལ་གྱི་མིང་གསལ་བར་བསྟན་ཏོ།  དེ་བལ་ཡུལ་གྱི་སྐོར་ཡིན་མིན་ལ་གཟུར་གནས་ཀྱི་དྲི་ཙམ་ཚོར་བ་སུས་ཀྱང་བསྙོན་མི་ནུས།  ཡིད་མི་ཆེས་ན་རྒྱ་དཔེ་ལ་བལྟ་འཚོལ་ལ།  དེ་ཙམ་དུ་རྙེད་དཀའ་བ་ཡང་མ་ཡིན་ནོ། འོན་ཀྱང་ཁྱོད་ཅག་གིས་བཞེད་པའི་རྡོ་རྗེའི་ཚིག་གཅིག་ལ་མ་མཐའ་ཡང་དོན་ཐ་དད་པ་གཉིས་གསུམ་རེ་ཡོད་འདུག་ཅིང་། ལུང་བསྟན་འདི་རིགས་དེ་ལས་ཀྱང་གོ་གང་ཡངས་ཡངས་སུ་འགྲེལ་ལུགས་དུ་མ་བྱས་ཆོག་འདུག་པས།  རང་གིས་བཟོས་པའི་ཤིང་རྟའི་ལམ་སྲོལ་དེ་ལ། ད་དུང་ཡང་རང་ཉིད་ཅི་དགར་ཕེབས་ཆོག་བཞིན་དུ་ངེད་ལ་ཁྲོ་དགོས་པའི་དོན་མེད་དོ་”④ཞེས་བྱུང་།   འདི་ལྟ་བུའི་ངོ་མཚར་དང་རླབས་པོ་ཆེ་ལ་དགའ་དྲག་པས།  “ལྷོ་བྲག་གཙུག་ལག་ཕྲེང་བས(འཇམ་དཔལ་རྩ་རྒྱུད་ཀྱི)ལུང་བསྟན་འདི་བོད་ཀྱི་སྐོར་ཡིན་པ་ངས་གསར་དུ་ཤེས་ཀྱང་། ཞག་བཞི་བཅུའི་རྗེས་སུ་འགོས་ལོའི་དེབ་སྔོན་དུ་བྲིས་འདུག་པ་མཐོང་གསུངས་པ་ཡང་རེ་འཁང་དེ་ཙམ་མཛད་མ་དགོས་པ་ཞིག་བྱུང་འདུག་གོ། དྭངས་བསིལ། རྣམ་པ་གཅིག་ཏུ་ན།  གསུངས་པ་རེ་ལ་དགོངས་པ་མཐའ་ཡས་ཤིང་།།  བསམ་པ་རེ་ལ་འཆར་སྒོ་གྲངས་མེད་ཕྱིར།། གོ་བར་དཀའ་བའི་རྡོ་རྗེའི་ཚིག་རྣམས་ལ།།  གོ་ཚད་མ་ལུས་དོན་དུ་འགྲེལ་བར་བ།།  ཞེས་གྲོས་འདེབས་སོ།  རྩ་རྒྱུད་འདི་ཉེ་དུས་སུ་ལྷོ་ཕྱོགས་ཡུལ་གྱི་ལྷ་ཁང་རྙིང་པ་ཞིག་ལས་རྙེད་པ་ཡིན་འདུག་ཅིང་། དགོངས་འགྲེལ་འགྲེལ་ཆེན་དུ་ཐོགས་མེད་ཀྱི་ལུང་བསྟན་དྲངས་པར།  དེ་བཞིན་གཤེགས་པ་ང་འདས་ནས།  སོགས་ཀྱི་ཚིག་དང་པོ་གཉིས་བུ་སྟོན་གྱིས་ད་ལྟའི་རྩ་རྒྱུད་ལ་མི་སྣང་གསུངས་པ་འདི་ལ་ཡང་མི་སྣང་ངོ། ལུང་བསྟན་འདི་ལ་གཞི་བཅོལ་བའམ་ཡང་ན་རང་དགར་བློ་བཟོ་བྱས་ཏེ། ཁ་ཅིག་རྗེ་གཉའ་ཁྲིའི་གདུང་བཤད་པ་ན། ཀོ་ས་ལའི་རྒྱལ་པོ་ལ་བུ་ལྔ་ཚིགས་སུ་སྐྱེས་པ་བཀྲ་མི་ཤིས་པར་བསམས་ནས་ཆུར་བསྐྱུར་བ་བོད་དུ་ཁྱེར་ནས་རྙེད་པ་ལ་གཉའ་ཁྲི་བཙན་པོ་ཡིན་སོགས་བྲིས།  ལར་སྤུན་ལྔ་སྐྱེས་པ་བཀྲ་མི་ཤིས་པར་བཤད་པ་འདི་བོད་ལ་ནི་ཆེས་སྔ་བོའི་དུས་སུ་གྲགས་ཤིན་ཏུ་ཆེ་བ་ཞིག་བྱུང་འདུག་མོད། གང་ལྟར་ལྟས་ཀྱང་ཡུལ་གཞན་དུ་སྒྲོས་ཀྱང་མེད་ལ་སྐྱ་བསེངས་བུ་ལྔ་སོགས་བཀྲ་ཤིས་པའི་ཚད་དུ་བྱེད་པ་ཡིན།  རྒྱ་གར་ནས་བོད་ལ་གྱེན་དུ་འགྲོ་བའི་ཆུ་གཅིག་ཀྱང་མེད་པས་འདི་ཙམ་གྱི་མཐོང་རྒྱ་ཡང་མེད་པར་ལོ་རྒྱུས་དེ་འདྲ་ཁུངས་ཆེན་དུ་བས་ཏེ་འོ་ཅག་ལ་ཛཱགས་མོ་བྱེད་པ་འདི་ཚོ་ད་ལྟ་ལུང་འདིའི་རྗེས་སུ་རི་བོང་ཅལ་འདྲོགས་ཀྱི་འུར་ཤིན་ཏུ་ཆེ་བའི་དཀྱིལ་དུ་སླེབས་འདུག་པས་བདེན་པའི་རྒྱུ་མཚན་འདིས་འགོག་ནུས་པ་ནི་ལྟ་ག་ལ་ཞིག འོན་ཀྱང་ཤེས་རབ་བག་ཙམ་ཡོད་པ་རྣམས་ལ་ངོ་སྤྲད་དོ།   དེས་ན་བློ་བཟོ་ཡིན་སྙམ་ལ་བཙན་པོ་རྗེ་འབངས་རྣམས་ཀྱི་ཐུགས་རློམས་བཞིན་གུང་བདུན་རིམ་གྱི་སྟེང་ནས་ལྷ་སྲས་བོད་དུ་བྱོན་པར་བཤད་པ་དེ་ཡུལ་གཞན་གྱི་རྒྱལ་པོའི་འབྱུང་ཁུངས་ཀྱི་རྫུན་རབས་རྣམས་དང་ཡང་འགྲོས་མཐུན་པས་ཤིན་ཏུ་ལེགས། མདོར་ན། གྲི་གུམ་ཡན་ཆད་ལ་སྒྲུང་རྒྱུད་ཀྱི་ཚུལ་དུ་བཤད་པ་ལས་ཐབས་མེད།   དེས་ན་བོད་ཀྱི་རྒྱལ་པོ་ཤཱཀྱའི་རིགས་སུ་བཤད་ཅིང་། གཏམ་དེ་ལ་ཡལ་ག་ཐོགས་ཏེ་སོག་པོ་ཇིང་གིར་སོགས་ཀྱང་དེའི་རིགས་སུ་བཤད་པའི་ཁུངས་ཀྱང་ལུང་བསྟན་འདི་ཙམ་ཡིན་ལ། ལྷ་སའི་མིང་ལྷ་ལྡན་དུ་སྤོས་པ་ཡང་ལུང་འདི་ལ་བརྟེན་པས། ད་དུང་ཡང་ཁུངས་སུ་བྱེད་འདོད་ན་གོང་ལྟར་རྡོ་རྗེའི་ཚིག་གི་ལུགས་སུ་འགྲེལ་ཆོག་ལ་”⑤ཞེས་ལེགས་སྦྱར་སྐད་ཀྱི་གོ་སྟོབས་ལ་བརྟེན་ནས་ལུང་བསྟན་དེ་དག་བོད་ཀྱི་ལོ་རྒྱུས་ལ་སྦྱར་བའི་རྫུན་ཕུག་བརྟོལ་བ་དང་མཉམ་དུ་བསྟན་པ་ཕྱི་དར་སྐབས་ཀྱི“བསྒྲགས་པ་ཆོས་ལུགས་གླེང་བ་”བྱ་བ། རྒྱལ་པོའི་གདུང་རྒྱུད་རྒྱ་གར་དུ་འདེད་པའི་ལོ་རྒྱུས་ཀྱི་གལ་གནད་འགངས་ཆེན་དེ་ཡང་རང་བཞིན་གྱིས་གསལ་བོར་བྱས། 
བཞི། རྗེས་དཔག་ཚད་མ་དང་དངོས་དཔང་གཙོ་བོར་འཛིན་པ་དེ་དེང་རབས་ལོ་རྒྱུས་རིག་པའི་ཁྱད་ཆོས་གཙོ་བོ་ཡིན།   
            འདས་པའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ།  ལོ་རྒྱུས་རིག་གནས་ཀྱི་ཚན་ཁག་ལ་བྱང་བའི་མཁས་དབང་གྲངས་ཀྱིས་མི་ཆོད་པ་ཡོད། ཡིན་ནའང་དེ་དག་ཚང་མའི་ལོ་རྒྱུས་མཚན་ཉིད་རིག་པའི་ལྟ་བ་དེ་སེམས་གཙོ་རིང་ལུགས་དང་གཟུགས་འདས་རིག་པའི་ལྟ་བ་དག་ལས་མ་འདས་པས།   མཁས་པ་དེ་དག་གིས་ལོ་རྒྱུས་འགྲེལ་བའི་རིགས་ལམ་དང་ཐབས་ཤེས་ཚང་མ་ལྷ་རིག་པའི་མཚན་ཉིད་རིག་པ་དང་།   ལྷ་སྒྲུང་རྩོམ་རིག་གི་རྒྱུ་ཆ་དང་འདུ་ཤེས་འཁྱེར་ནས་འཕགས་པའི་མཐོང་སྣང་གིས་ལོ་རྒྱུས་ལ་འགྲེལ་བཤད་བྱེད་པ་ཡིན།   དེ་བས་རྒྱ་གར་ཡིན་ནའང་འདྲ། རང་རེའི་བོད་པ་ཡིན་ནའང་འདྲ། ལོ་ངོ་བརྒྱ་ཕྲག་གི་རྗེས་སུ་ལོ་རྒྱུས་དང་གཏམ་རྒྱུད་ཡོད་ཚད་ལྷ་སྒྲུང་རང་བཞིན་ཅན་དུ་འགྱུར་འགྲོ་ལ།  དེ་ནི་ལྷ་སྒྲུང་དང་རྨོངས་དད་ལ་བརྟེན་ནས་ལོ་རྒྱུས་རྩོམ་པ་དང་། ལོ་རྒྱུས་ལ་གོ་བ་ལེན་པ།  ལོ་རྒྱུས་ལ་དཔྱད་པ་གཏོང་བའི་སྲོལ་རྒྱུན་ཞིག་ཡིན།  དེ་བས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ནམ་ཡང་དེ་གཉིས་ཀྱི་དབྱེ་བ་གསལ་བོར་ཕྱེ་ནས། ལྷ་སྒྲུང་དང་ལུང་བསྟན་གྱི་ཡིག་ཆ་རྒྱུ་མཚན་དུ་བྱས་ནས་འབྲི་བའི་ལོ་རྒྱུས་གཟུགས་འདས་རིགས་པའི་ལྟ་བ་ལ་དོགས་སློང་བས་ཡོད་པར་མ་ཟད། རྗེས་དཔག་གི་བློ་དང་དངོས་དཔང་རྒྱུ་མཚན་དུ་བྱས་ནས་ལྷ་སྒྲུང་དང་ལུང་བསྟན་གྱིས་བྲིས་པའི་ལོ་རྒྱུས་ལ་འགྲེལ་བཤད་དང་དག་ཐེར་བྱས་ཡོད།   
            དེས་ན་ལོ་རྒྱུས་རིག་པའི་སྐབས་སུ་དངོས་དོན་དང་དངོས་དཔང་གི་བདེན་པ་མཐར་ཐུག་དེ་སྒྲུབ་བྱེད་དུ་འཛིན་དགོས། གཞན་ཡང་ལོ་རྒྱུས་རིག་པའི་གོ་དོན་ལ་“ལོ་རྒྱུས་བྱ་བ་དང་“བདེན་པ་”བྱ་བ། “བསྙོན་མེད་”བྱ་བའི་ཐ་སྙད་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན། ལོ་རྒྱུས་ཡིན་ན་བདེན་པ་དང་བསྙོན་དུ་མེད་པའི་དོན་རྐྱེན་ཞིག་ཡིན་དགོས། “དེས་ན་འདིར་འཆད་པར་འགྱུར་བ་ནི།    རྒྱལ་པོ་སོགས་ལ་དེའི་དུས་མཉམ་དུ་བྱུང་བའི་མཁས་པ་འགའ་ཞིག་གིས་ལོ་རྒྱུས་བྲིས་པ་དུམ་རེ་ཙམ་རྙེད་པ་དང་།  རྒྱལ་པོ་རང་རང་གི་རྡོ་རིང་གི་ཡི་གེ་ཅན་དང་།    ཟངས་ཀྱི་གླེགས་བུ་སོགས་ད་ལྟའི་བར་ལུས་པ་འགའ་ལ་རྒྱལ་པོའི་ལོ་རྒྱུས་འགངས་ཆེན་རིགས་དང་། ཁྲིམས་ལུགས་སོགས་བྲིས་པ་དང་། དེ་བཞིན་རྒྱལ་ཐོག་སོ་སོའི་ཀརྴཔན་རེ་གཉིས་རྙེད་པ་ལས་ལོ་ཚིགས་གསལ་བར་ངོ་འཕྲོད་པ་དང་། དེ་དུས་ཙ་ན་རྒྱལ་ཁབ་གཞན་གྱི་ཕོ་ཉ་སླེབས་པ་དག་གིས་རྒྱ་གར་ཡུལ་དུ་གང་མཐོང་བྲིས་པ། ཡུལ་སོ་སོའི་སྐད་ལས་བསྒྱུར་བ་ཕན་ཚུན་བསྡུར་བཟོད་དང་། ལོ་རྒྱུས་ན་གསལ་བ་བཞིན་གྱི་གྲོང་དང་། ཕོ་བྲང་། དགོན་གནས། མཆོད་རྟེན་སོགས་ཀྱི་ཤུལ་དང་། ཞིག་རོ་དྲན་པ་གསོ་ནུས་པ་དངོས་སུ་བྱུང་བ་རྣམས་སྔོན་གྱི་ལོ་རྒྱུས་དང་ཇི་ཙམ་ནུས་པར་བསྡུར་ཏེ་བཀོད་པ་དག་ཡིན།”⑥ཞེས་བྱུང་བ་དང་། “དེ་ལས་ཡུལ་ལྷ་འགའ་ཞིག་ལ་བཙན་དང་རྒྱལ་པོར་འབོད་པ་ཡང་།   སྔོན་གྱི་སྐད་ལ་བསམ་ཚེ་དེ་དག་རྒྱལ་པོ་དང་བཙན་པོར་བཀུར་བ་ཡིན་སྙམ་ཞིང་།  བཙན་རྒྱལ་ཟ་གནམ་ཟིན་བྱ་བ་སོགས་ཀྱང་ཐོས་ཏེ།   ཡང་ན་ནི་ལྷ་བཙན་པོ་གནམ་དུ་གཤེགས་པ་རྣམས་གནམ་ན་དེ་ལྟར་བཞུགས་པར་བསྒྲགས་ཏེ་མཆོད་པ་ཡིན་ནོ།  བཙན་ཐོ་བྱ་བར་བརྩིགས་ཏེ་སྟེང་དུ་མདའ་མདུང་མང་པོས་བརྒྱན་པ་འདི་ཡང་། རྒྱལ་པོའི་ཕོ་བྲང་ལ་དཔེ་བྱས་པར་འདུག་སྟེ།   སྲོང་བཙན་དུས་ཀྱི་དམར་པོ་རིའི་ཕོ་བྲང་གི་དཔེ་རིས་བཙན་ཁང་གི་དབྱིབས་བཞིན་དུ་ཡོད་པ་ལ་ལྟོས་ཤིག  རི་མོ་འདི་ཁུངས་དག་ཡིན་ཏེ།  ལྔ་པའི་གསུང་གི་ལྷ་སའི་དཀར་ཆག་ཏུ་ཕོ་བྲང་དེའི་དཔེ་རིས་ཇོ་ཁང་ནང་དུ་ཡོད་པར་གསུངས་ཀྱང་དུད་དྲེགས་ཆགས་པས་རི་མོ་དེ་དེང་སང་མི་སྣང་མོད།   པོ་ཏ་ལའི་ཤར་གྱི་སྒོ་འཁྱམ་དུ་རི་མོ་འདི་སྣང་བ། ལྔ་པའི་དུས་ཀྱི་དེ་ག་རང་ཉམས་གསོ་བྱས་པ་ཡིན་ཟེར་བས། དེ་དུས་ལྷ་སའི་རི་མོ་དངོས་དེ་ལ་དཔེ་བྱས་པར་ཐེ་ཚོམ་མེད་པས་སོ།”⑦ཞེས་བྱུང་།  དེས་ན་རང་རེའི་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཕལ་མོ་ཆེར།  ལོ་རྒྱུས་ཞིབ་འཇུག་སྐབས་སུ་མེད་མི་རུང་བའི་ལས་ཀའི་གོ་རིམ་གལ་ཆེན་རྣམས་ཆད་པ་སྟེ། ཡིག་ཆ་དང་རིག་དངོས་ཀྱི་དཔང་པོ།  དངོས་ཕེབས་དང་བཅར་འདྲི། རྩད་གཅོད་དང་རྟོག་དཔྱོད། རིགས་འདེད་དང་གོ་བསྡུར། བླང་དོར་དང་གདམ་བསལ། དོགས་གཅོད་དང་གསར་འགྲེལ་སོགས་ལས་ཀའི་གོ་རིམ་གལ་ཆེན་རྣམས་སྤངས་ནས།  རྟོག་བཟོ་དང་སྒྲོ་འདོགས།  ལྷ་སྒྲུང་དང་ངག་རྒྱུན།   གོ་ཐོས་དང་ཟེར་སྒྲོས་སོགས་ཏན་ཏན་རྒྱུན་མཚན་དུ་བྱས་ཤིང་། ལོ་རྒྱུས་ཀྱི་གནད་གལ་ཆེན་རྣམས་ལ་དཔྱོད་པ་ན།  རྟེན་འབྱུང་གིས་བསྐྲུན་པའི་ངོ་མཚར་དང་མིའི་ལེགས་བྱས་ཀྱི་རིག་གནས་གང་ཡིན་གྱི་ཁྱད་པར་ཡང་མི་འབྱེད་པར། རི་ལིང་ཐོ་རྣམས་གེ་སར་རྒྱལ་པོའི་རྟ་ཕུར་དུ་འདོད་པ་དང་།  ས་ཁུག་གཤོང་རྣམས་གེ་སར་བཅིབ་རྟའི་རྨིག་རྗེས་སུ་ངོས་འཛིན་པ། རང་ཁྱིམ་ཕུག་པའི་ཕྱི་སྒོ་ཙམ་དུའང་མ་བུད་པར་བསམས་ཤིང་སྙེམས་ནས་བྲིས་པའི་ལོ་རྒྱུས་དེ་དག་ལ་ཡིད་རྟོན་ཅིའང་མེད་པས། ལོ་རྒྱུས་ཞིབ་འཇུག་གི་རྩད་གཅོད་གོ་རིམ་དང་རིགས་ལམ་ཡང་དག་པ་འདི་རྣམས་ངེས་པར་ཚང་དགོས་པའི་གལ་ཆེན་རང་བཞིན་བསྟན།   
            དཔེར་ན་ལོ་རྒྱུས་ཡིག་ཆ་དང་ལྗོངས་རྒྱུ་ཟིན་བྲིས། དམངས་སྲོལ་གྱོན་ཆས་དང་ཅ་ལག་ཡོ་བྱད།   སྐུ་བརྙན་དང་རི་མོ་སོགས་ཀྱི་དངོས་དཔང་ལ་བརྟེན་ནས་ལོ་རྒྱུས་ཀྱི་གནད་མང་པོ་གསལ་བཤད་བྱས་པ་སྟེ།  དམངས་སྲོལ་རིག་གནས་དེ་ལོ་རྒྱུས་རིག་གནས་ཀྱི་ནང་དོན་དང་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དམངས་སྲོལ་རིག་གནས་ལ་བརྟེན་ནས་ལོ་རྒྱུས་ཞིབ་འཇུག་བྱེད་པ་དེ་ལོ་རྒྱུས་ཞིབ་འཇུག་ལ་ཕན་ཆེ་བའི་ཐབས་ལམ་གསར་བ་ཞིག་ཡིན་པ་གསལ་བཤད་བྱས།  “དེ་མིན་སྔོན་དུས་ཀྱི་ཡིན་ངེས་པའི་སྐུ་བརྙན་བྲིས་འབུར་ཅི་རིགས་ཞིག་མཇལ་རྒྱུ་བྱུང་ན་ཡང་རྣམ་པ་གསལ་བར་འཆར་ནུས་མོད་ཀྱི་དེ་འདྲ་ཡང་རྩད་ཆོད་པ་དཀའ། དེ་དུས་ཕྱིའི་རྒྱལ་ཁབ་ཀྱི་ཁྲོད་ན་བོད་དང་མཛའ་འབྲེལ་ཆེ་བ་ནི་ཏ་ཟིག་པ་རྣམས་ཡིན་ལ།  ཏ་ཟིག་ཡུལ་དུ་ནི་སྐབས་དེར་ནང་བའི་བསྟན་པ་དར་བར་མ་ཟད། ཤེས་རིག་ཡོན་ཏན་གྱི་ཆ་ལ་ཡང་ཁོང་རྣམས་འགྲན་ཟླ་དང་བྲལ་གཤིས། བོད་ཀྱི་རྗེ་བློན་རྣམས་ཀྱང་ཕལ་ཆེར་ཏ་ཟིག་པའི་སྲོལ་ལུགས་གནང་བ་ཡིན་ནམ་སྙམ་སྟེ། སྲོང་བཙན་གྱིས་དར་དམར་པོའི་ཐོད་གཞེས་པ་སོགས་ཀྱང་བཤད་ལ།  ཟ་འོག་གི་བེར་དང་།  ཕྱགས་ལྷམ་སྣེ་འཁྱིལ་གྱོན་པ་སོགས་ཀྱང་ཏ་ཟིག་གི་སྲོལ་དང་འདྲ། ལར་ཟ་འོག་ནི་སྔོན་དུས་སུ་རྒྱ་དཀར་ནག་གཉིས་ཀར་ཡང་གྱོན་སྲོལ་མེད་པར་འདུག རྗེས་སུ་དཔོག་པའི་ཐབས་གཞན་ཞིག་ནི་འདི་ལྟར།  རྒྱལ་ཁམས་སོ་སོའི་ཡུལ་ལྷ་རྣམས་ནི་ཡུལ་དེ་དང་དེའི་སྔོན་གྱི་མི་གཙོ་བོ་དག་གི་ཆ་ལུགས་སུ་ཡོད་པ་ཡིན་ལ།   དེས་ན་རང་རེའི་རྣམས་ཀྱིས་ཀྱང་བཙན་དང་རྒྱལ་པོ་ཞང་བློན་སོགས་སུ་འབོད་པའི་ཡུལ་ལྷ་འདི་དག་ལ་བལྟས་ནས། སྔོན་གྱི་བཙན་པོ་དང་རྒྱལ་པོ་རྣམས་དྲག་པོ་གཡུལ་གྱི་ཆ་ལུགས་ཇི་ལྟར་མཛད་པའི་རྣམ་པ་རགས་ཙམ་ཞིག་དཔྱད་ན་མི་འཚམ་པ་ཆེར་མེད་པར་སེམས་ཏེ། མངའ་རིས་བླ་དྭགས་སུ་ཆོས་རྒྱལ་གྱི་གདུང་རྒྱུད་དུ་གྲགས་པ་ད་ལྟའི་བར་ཡོད་པ་རྣམས་ནས། ལོ་གསར་སོགས་ཀྱི་ཚེ་སྔོན་གྱི་ཆས་ཡིན་ཟེར་ནས་ཞྭ་དམར་བཙན་ཞྭའི་དབྱིབས་ཅན་རྩེ་མོ་མཐོ་ཞིང་ཕྲ་བའི་ཡས་ཟུར་དུ་ཚེ་དཔག་མེད་ཀྱི་སྐུ་བརྙན་ཞིག་དར་དམར་གྱིས་བཅིངས་པའི་ལྷག་མ་མདུན་ནས་བསྣོལ་བསྒྲིགས་ཏེ་གྱོན་པ་སོགས་ཡིན་འདུག དེར་མ་ཟད་བཙན་དང་རྒྱལ་པོའི་འཁོར་གྱི་རུ་འདྲེན་སྡེ་བཞི་བྱ་བ་དེ་ཡང་ཕལ་ཆེར་སྔོན་གྱི་སྲོལ་ལ་འདྲ་སྟེ། དེ་བཞིན་རྡོ་རྗེ་ལེགས་པ་དང་རྒྱལ་པོ་སོགས་ཐང་ཞུ་གྱོན་པའི་གཟུགས་སུ་ཡང་བྱས་ལ། ཐང་ཞུ་འདི་ཡང་བོད་རང་གི་སྲོལ་ལས་ཡུལ་གཞན་གང་ལ་ཡང་མི་འདུག་ཅིང་།  རྒྱ་གར་ཤར་ངོས་ཀྱི་ལྷར་མ་པ་རྣམས་ནི་བོད་རིགས་ལས་མཆེད་པར་ཁོང་ཅག་གིས་རྒྱལ་རབས་སུ་ཡང་གསལ་བ་བཞིན་ལ།  དེ་དག་གི་སྔ་མའི་རྒྱལ་པོ་རྣམས་ཀྱང་ཐང་ཞུ་གྱོན་པ་ཡིན་འདུག་པས། འོ་ན་རང་རེའི་བཙན་པོས་ཀྱང་སྐབས་འགར་ཐང་ཞུ་ཡང་གསོལ་བ་ཡིན་ནམ་སྙམ།   དེ་མཚུངས་དམར་པོ་རི་ལ་ཁྲི་བཙུན་གྱིས་བཞེངས་པའི་ཕོ་བྲང་དམར་པོ་རྩེ་མོ་མདའ་མདུང་གིས་བརྒྱན་པ་དེ་ལ་དཔེ་བྱས་ནས། འབངས་རྣམས་ཀྱང་བཙན་གྱི་བཞུགས་ས་ལ།  མདའ་དང་མདུང་གིས་སྤྲས་པའི་སྐུ་མཁར་དམར་པོ་དང་ལ་རྩེ་ལ་སོགས་པ་བརྩིགས་པར་སེམས།   མདོར་ན་བཙན་དང་བཙན་པོ་གཉིས་ཀའི་ཆས་དང་།   སྐུ་མཁར། ལ་ཐོད།  རུ་དར་ལ་སོགས་པ་དམར་ཟིང་ངེ་བ་ཞིག་ཡོད་པ་ཡིན་ནམ་སྙ།”⑧ཞེས་བྱུང་།  དེས་ན་དམངས་སྲོལ་རིག་གནས་ཀྱི་མིག་རྒྱང་ལས།   “སྔོན་དུས་ཀྱི་ཡིན་ངེས་པའི་སྐུ་བརྙན་བྲིས་འབུར་ཅི་རིགས་ཞིག་མཇལ་རྒྱུ་བྱུང་ན་ཡང་རྣམ་པ་གསལ་བར་འཆར་ནུས་ཞེས་པའི་ལོ་རྒྱུས་དངོས་དཔང་རིག་པ་དང་གནའ་རྫས་ཞིབ་འཇུག་རིག་པའི་རིགས་ལམ་སྤྱོད་པ་འདི་དམ་པ་འདི་ཉིད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་རིགས་ལམ་གལ་ཆེན་ཞིག་ཡིན།   དེ་ཡང་ཤིན་ཏུ་མད་དེ།  ཐང་རྒྱལ་རབས་ཀྱི་སྐབས་སུ་རྒྱ་བཟའ་ཀོང་ཇོ་གཉེན་སློང་དུ་འོང་བའི་བློན་པོ་མགར་ལ་རྒྱ་རྗེ་ཐང་ཐའེ་ཙུང་གིས་མཇལ་འཕྲད་གནང་བའི་རྣམ་པ་དུས་ཐོག་དེར་བྲིས་པ།   རི་མོ་བ་ཡན་ལིས་པིན་གྱི“རྒྱལ་པོ་ཁྱོགས་ལ་བཞུགས་པའི་རི་མོ་”(步辇图,阎立本作)བྱ་བ་ལས། བློན་པོ་མགར་གྱིས་གྱོན་པ་དར་གོས་དམར་ཁྲའི་བེར་བ་ལ་སྐ་རགས་ཕྲ་མོ་བཅིངས་པ་དང་།  ཐོད་དཀྲིས་རྣམས་ཀྱང་སྐབས་དེའི་ཏ་ཟིག་གི་གྱོན་ཆས་ཁོ་ནར་འདུག་པས།  སྐབས་དེར་རྒྱལ་བློན་རྣམས་ཀྱིས་ཆ་ལུགས་དེ་སྔོན་ཐོན་མི་རིགས་ཀྱི་སྲོལ་ལུགས་ལ་སློབ་སྦྱོང་བྱེད་པའི་ཁྱད་ཆོས་ཤིག་ཏུ་མངོན།   གཞན་ཡང་ཐང་གི་སྐབས་སུ་བྲིས་པའི་ཏུན་ཧོང་བྲག་ཕུག་ཏུ་བོད་ཀྱི་རྒྱལ་པོས་ཕྱོགས་ཀྱི་ཕོ་ཉ་བསུ་བ་དང་ཆོས་མཉན་པ་སོགས་ལྡེབ་རིས་བཅུ་ལྷག་བྲིས་ཡོད་པ་རྣམས་ཀྱང་དར་གོས་ཀྱི་བེར་བ་དང་ཐོད་དཀྲིས་ཏ་ཟིག་ཇི་བཞིན་དང་།  ཕྱགས་ལྷམ་སྣེ་འཁྱིལ་ཨ་ལུང་ལྟ་བུར་བྲིས་པ་གཟིགས་པར་ཞུས། “ཡུལ་གྱི་ལྷ་དང་སྔོན་གྱི་མི་གཉིས་དཔེ་སྦྱར་ནས་དཔྱད་པ་བྱས་པ་འདི་འདྲ་ལ།  མང་པོ་དག་བྱིས་པའི་རིགས་པ་ལྟ་བུར་སེམས་ངེས་མོད་ཀྱི། རྒྱ་གར་གྱི་གངྒཱའི་ལྷ་མོས་རྐང་གདུབ་གྱོན་པ་ནས། ཨ་མདོའི་རྨ་རྒྱལ་སྦོམ་རྭས་ཕྱིང་ཞྭ། རྒྱ་ནག་གི་ཀོན་ཡིན་ཕུ་སཱས་བེར་སྔོན་གྱོན་པའི་བར་ཞིབ་ཏུ་ལྟོས་དང་། ཡུལ་མིའི་ཆ་ལུགས་སུ་བས་མ་བྱས་མངོན་སུམ་དུ་མཐོང་བར་འགྱུར་རོ།”⑨ཞེས་བྱུང་།  
            གཞན་ཡང་དབང་མཛད་བཅུ་གཉིས་དང་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་སོགས་གདོད་མའི་དུས་ཀྱི་གཏམ་རྒྱུད་དག་ལས་ཀྱང་ལོ་རྒྱུས་གསལ་བཤད་ལ་ཕན་པའི་ཚིག་སྒྲོས་མང་ཏེ།    《ལྡེའུ་ཆོས་འབྱུང་》ཡོ་ག་ལྷ་གྱེས་སུ། གནམ་རིམ་པ་བདུན་སྟེང་གི་ལྷ་རྣམས་ཀྱིས་ཀྱང་སློག་པའི་གོས་གྱོན་ཡོད་པ་ལ་སེམས་ན་མཁས་དབང་དགེ་འདུན་ཆོས་འཕེལ་ཉིད་ཀྱི་ལོ་རྒྱུས་རྟོག་དཔྱོད་རིགས་ལམ་འདི་དོན་ལ་གནས་པར་མ་ཟད་དུས་རབས་ཀྱི་སྔོན་དུ་སོང་ཡོད་པ་ཡིན། “ཐ་ན་གཏམ་རྒྱུད་དེ་དག་ལས་ཀྱང་བརྗོད་བ་རྒྱལ་པོ་ལ་སོགས་པ་དེ་དག་ཇི་ལྟར་ཡིན་མི་ཤེས་སུ་ཆུག་ཀྱང་། རྩོམ་མཁན་ཁོང་རང་གི་དུས་ཀྱི་རྒྱལ་པོ་སོགས་རྣམ་པ་ཇི་ལྟར་ཡོད་པ་དང་། ཞར་དང་ཞོར་ལ་ཤེས་པར་ནུས་པས་ལོ་རྒྱུས་དངོས་ལ་ཡང་ཕན་ཚབས་ཆེ་སྟེ།  དཔེར་ན། རང་རེའི་སྒྲུང་ཡིག་ཆེན་པོ་ལ་བལྟས་ནས་གེ་སར་འདི་འདྲ་ཡིན་ནོ་ཞེས་ཐག་ཆོད་མི་ནུས་སུ་ཆུག་ཀྱང་། རྩོམ་པ་པོ་ཁམས་དང་།  ཨ་མདོའི་འབྲོག་པ་དེ་ཚོའི་སྐད་ལུགས་འདི་འདྲ་རེད། སྤྱོད་ལམ་དང་། བཟའ་བཏུང་འདི་འདྲ་རེད།  བསམ་བློ་འདི་འདྲ་རེད་སོགས་ལེགས་པར་གོ་ནུས་པ་ཡིན་ནོ།  དེའི་ཕྱིར་ཤེས་རབ་ཡོད་ན་ཕྱོགས་གང་ནས་ཀྱང་གནད་ཆེན་པོ་རེ་རྙེད་ནུས་པས། ཧྲིལ་གྱིས་འདོར་བ་དང་། ཧྲིལ་གྱིས་ལེན་པ་འདི་གཉིས་ཀ་རྣམ་དཔྱོད་ཀྱི་ལམ་མ་ཡིན་ནོ་ཞེས་ཤེས་པར་བྱའོ་”⑩ཞེས་བྱུང་། 
ལྔ། གདོད་མའི་ལྷ་སྒྲུང་རིག་པ་དང་དེང་རབས་ལོ་རྒྱུས་རིག་པའི་དབྱེ་མཚམས།   
            འཛམ་གླིང་སྟེང་རྒྱལ་ཁབ་དང་མི་རིགས་སོ་སོ་གང་ཡིན་ནའང་འདྲ།   ཆོས་ལུགས་དང་ལོ་རྒྱུས་རིག་གནས་གཉིས་ཆེས་གདོད་མའི་དུས་སུ་མཉམ་དུ་བྱུང་བ་ཡིན་ལ། མི་ལ་ཤེས་རིག་མ་སྨིན་ཞིང་སྣ་འཛོམས་བསམ་གཞིགས་སོ་སོར་མ་གྱེས་པའི་སྐབས་སུ།  སེམས་ཁམས་ངོ་མཚར་གྱིས་བརྟས་པ་བྱིས་བློའི་དུས་སུ་བྱུང་བའི་རིག་པའི་རྒྱུན་ཆགས་ཤིག་ཡིན།  ཐོག་མའི་ཆོས་ལུགས་དེ་ལྷ་སྒྲུང་ནས་བརྩམས་ཤིང་ལྷ་སྒྲུང་དེ་རྟོག་བཏགས་ཀྱི་ངོ་བོ་ཅན་ཡིན། ཐོག་མའི་ལོ་རྒྱུས་དེ་གཏམ་རྒྱུད་ནས་བརྩམས་ཤིང་གཏམ་རྒྱུད་དེ་སྒྲོ་འདོགས་ཀྱི་ངོ་བོ་ཅན་ཡིན། དེའང་ཆོས་ལུགས་ལྷ་སྒྲུང་གི་ཐབས་ཤེས་ལ་བརྟེན་ནས་འཕེལ་བས་ན་ད་ལྟའི་བར་དུ་ཆོས་ལུགས་དང་རྨོངས་དད་གཉིས་གཟུགས་དང་གྲིབ་མ་བཞིན་དུ་འགྲོགས་ཡོད་ལ།  ལོ་རྒྱུས་གཏམ་རྒྱུད་ཀྱི་ཐབས་ཤེས་ལ་བརྟེན་ནས་བརྩམས་པས་ན་ད་ལྟའི་བར་དུ་ལོ་རྒྱུས་དང་རྩོམ་རིག་གཉིས་མ་བུ་བཞིན་དུ་འགྲོགས་ཡོད། ཡིན་ནའང་ཆོས་ལུགས་དང་རྨོངས་དད་གཉིས་ཐ་དད་ཡིན་པར་མ་ཟད་དེ་གཉིས་ཀྱི་དམིགས་ཡུལ་ཀྱང་ཐ་དད་ཡིན་མོད། རྨོངས་དད་ནི་རྒྱུན་དུ་ཆོས་ལུགས་སུ་རྫུས་བས་ཀུན་གྱིས་ཡིད་ཆེས་ཏེ་ཡུན་རིང་དུ་གནས་ཐུབ་པར་གྱུར། དེ་བཞིན་ལོ་རྒྱུས་དང་གཏམ་རྒྱུད་གཉིས་ཀྱང་སོ་སོ་ཡིན་པར་མ་ཟད་དེ་གཉིས་ཀྱི་དམིགས་ཡུལ་ཡང་ཐ་དད་ཡིན་མོད། རྩོམ་རིག་ལོ་རྒྱུས་སུ་རྫུས་བས་མི་ཀུན་གྱིས་ཡིད་ཆེས་ཏེ་ཡུན་རིང་དུ་གནས་ཐུབ་པར་གྱུར། དམ་པ་འདི་བོད་སྔ་མའི་མཁས་པ་རྣམས་ཀྱིས་འཕགས་པའི་མཐོང་སྣང་དང་དམངས་ཁྲོད་ལྷ་སྒྲུང་དཔང་དུ་བཙུགས་ནས་ལོ་རྒྱུས་རྩོམ་པའི་རིག་གནས་སྲོལ་རྒྱུན་དེ་ལ་ཡིད་སུན་ནས། “དེས་ན་འདིར་སྐྱེ་བོ་ཕལ་བས་མིག་རྒྱང་གིས་ཅི་ཙམ་ཆོད་པ་དེ་ཙམ་ཞིག་གཙོ་བོར་བས་ནས་འཆད་པ་ལྟ་བུར་བླངས་ཀྱི། འཁོར་བའི་ཐོག་མའམ་མིའི་འབྱུང་ཁུངས་བསྩལ་བ་སོགས་བཏང་སྙོམས་སུ་བཞག་པ་ལ།   གལ་ཏེ་རྣམ་པར་རྟོགས་པའི་ངར་ལངས་ན་ནི་རེ་ཞིག་ཇི་ལྟར་མོས་པའི་ལུང་ལ་བརྟེན་པར་བ་བ་ཙམ་སྐབས་སུ་བབས་ཀྱང་། གཞན་ཤེས་རབ་ཅན་ངྷམིན་གྱི་མ་བུའི་འབྱུང་ཁུངས་ལྟ་བུའི་ལྟ་བ་སོགས་ཀྱང་ཆེས་ངོ་མཚར་མོད། རང་རེའི་ཡུལ་དུ་ཤོང་བའི་གནས་མ་མཆིས་སོ།་་་་་་འོན་ཀྱང་ཁྱད་པར་འདི་ཡོད་དེ།  རྒྱ་གར་གྱི་མུ་སྟེགས་རྣམས་ནི་རླབས་པོ་ཆེ་ལ་དགའ་བའི་རིགས་ཅན་ཡིན་པས་བྱུང་རབས་འཆད་པ་ན་རྒྱལ་པོ་ག་གེ་མོ་ལོ་འབུམ་ཕྲག་གཅིག་རྒྱལ་སྲིད་བསྐྱངས་སོ།   བཙུན་མོ་བྱེ་བ་ཕྲག་བརྒྱད་ཅུ་མཆིས་སོ་སོགས་སྨྲ་བ་ཡིན་ལ་ཞེས་དང་།   “རྒྱ་གར་རིགས་པའི་འབྱུང་གནས་ལྟ་བུ་འདི་ལ་མི་བཟད་པའི་ཉམ་ཐག་པ་ཆེན་པོ་ཞིག་བྱུང་བ་ནི།  འདི་ལྟར་སྔོན་གྱི་ཚེ་སྐྱེས་བུ་ཆེན་པོ་སའི་རྒྱན་དུ་གྱུར་བ་ཇི་རྙེད་ཅིག་བྱུང་ཡང་དེ་དག་ལ་རིས་དང་། རྒྱུད་དང་། བྱ་བ་ན་ཚོད་སོགས་མིའི་ལུགས་སུ་བྱས་ནས་དུས་བསྒྲིགས་པའི་རྒྱལ་རབས་རྒྱ་ནག་དང་ཏ་ཟིག་དང་རོ་མན་སོགས་ཀྱིས་བྲིས་པ་དེ་ལྟ་བུ་ཀསྨིར་རྒྱལ་རབས་རཛཏརངྒིནི་བྱ་བ་གོ་དཀའ་བའི་སྙན་དངགས་ཀྱི་ཚིགས་བཅད་དུ་བྱས་པ་ཀླ་ཀློ་སླེབས་ཀྱི་བར་ཁ་ཆེ་ཡུལ་དུ་གང་བྱུང་བྲིས་པ་འདི་གཅིག་པུ་མ་གཏོགས་ཡེ་མ་བྱུང་བ་ཡིན་ནོ།  འདིའི་ཆ་ནས་རྒྱ་གར་རྒན་པོ་དེ་རྣམས་རྒྱ་ནག་དང་། ཏ་ཟིག་སོགས་ལས་སྨོས་ཅི་དགོས། བོད་ལས་ཀྱང་ཅུང་ངན་ཏེ།  བོད་རྣམས་གཉའ་ཁྲི་བཙན་པོ་ནས་མངའ་རིས་ཆོས་རྒྱལ་ཡབ་སྲས་ཀྱི་བར་སྒྲོ་འདོགས་ཅི་རིགས་པར་བསྲེས་སུ་ཟད་མོད། རྒྱལ་རབས་ཀྱི་མིང་བཏུ་ནུས་པ་ཙམ་ཡོད་པ་ཡིན་ལ། ཆོས་རྒྱལ་མྱ་ངན་མེད་དང་། ཟླ་བ་སྦས་པ་ལྟ་བུ་ཡང་རྒྱལ་ཐོག་རེ་གཉིས་ཙམ་ལས་སྔར་གང་བྱུང་དང་།  ཕྱིས་གང་དུ་སོང་བ་མི་ཤེས་པ་ཡིན་ནོ། ཆེས་ཡིད་འཕྲོག་པ་བྱིས་པ་ཆུང་ངུའི་གཤིས་ལུགས་དེ་གོང་དུ་འཕེལ་ཏེ་རྒྱལ་རབས་རྣམས་རྩ་མེད་བོར་བ་བྱུང་ཞིང་། བླུན་པོ་རྣམས་ངོ་མཚར་བའི་སླད་དུ་སྒྲུང་གི་མིང་ལས་རྒྱལ་རབས་ཀྱི་མིང་ཐོགས་པའི་གནས་མ་མཆིས་ཤིང་། དེ་ཉིད་ལ་ཚད་མར་བྱས་ཚེ་སྐྱེ་བོ་འབུམ་ཕྲག་དུ་མ་དག་གི་ཤེས་རབ་འཆལ་ཏེ་ཕྱིས་འདི་ལྟ་བུའི་ངོ་མཚར་དང་མ་བསྲེས་པ་དག་ཚྭ་མེད་པའི་ཚོད་མ་བཞིན་དུ་མྱང་མི་འདོད་པ་བྱུང་བ་ཡིན་ནོ། དེ་ལྟར་སྤྲེའུའི་དམག་གིས་རིའི་རྩེ་མོ་བཅད་དེ་རྒྱ་མཚོ་ལ་ཟམ་པ་བརྩིགས་ནས་ལངྒ་བཅོམ་པ་སོགས་རྫུན་མཁན་ཆེན་པོ་དག་གིས་ཀྱང་སྙིང་ཁམས་ཀྱིས་མི་ལྕོགས་པ་དག་བྲིས་པ་ལ། སྐྱེ་བོ་ཐམས་ཅད་ད་དུང་ཡང་ཡིད་ཆེས་ཏེ་ལུང་དེ་ལྟ་བུ་དག་ལག་ཏུ་ཐོགས་ནས་མངོན་སུམ་དང་།   རྗེས་དཔག་གིས་གྲུབ་པའི་དོན་དག་ལ་གོལ་བར་བྱེད་པས་སྒྲ་བྱུང་གི་ཚད་མ་བྱ་བ་དེ་ལ་དཔལ་ཆོས་ཀྱི་གྲགས་པ་ཤིན་ཏུ་ཡང་ཐུགས་ཕྱུངས་ཤིང་། སྐྱེས་བུ་རེང་བུར་སྐྱེས་གྱུར་ཅིག།  སྐྱོན་དང་ཡོན་ཏན་མ་མཐོང་ལ།། གྲུབ་མཐའ་མི་བཟད་གདོན་འདི་ནི།།  ཀྱེ་མ་སུ་ཡིས་བྱས་པ་ཡིན།།     སོགས་བཀའ་བཀྱོན་མང་དུ་མཛད།”⑾ཅེས་བྱུང་།  བོད་ཀྱི་རིག་གནས་གཤིས་ཀ་དང་མོས་ཕྱོགས་དེ་དག་ལ་ཡིད་སྐྱོ་ནས།  “བླུན་པོ་ངོ་མཚར་བསྐྱེད་པའི་ཧར་གྱི་གཏམ།།  ཆེན་པོའི་ངོ་བསྲུང་བརྩེགས་པ་གཅམ་བུའི་ཚིག།   དད་པའི་འཁུན་བུ་སློང་བའི་སྒྲུང་གཏམ་དག།  རིང་དུ་སྤངས་ཏེ་དྲང་པོའི་ལམ་དུ་ཞུགས།། ཆུ་རི་སྒང་གཅིག་རྟ་བ་རྒྱུགས་པ་དང་།། མགོ་མེད་མི་ཡིས་རྩམ་ཐང་བརྫུན་ཚིག་དང་།།  ཚོས་མདོག་སྣ་ལྔ་སྒྲིག་པའི་ཐུང་བ་སོགས།།  མཐོང་བའི་མི་ལ་ལྷག་པར་རྒྱུས་ཆེ་བས།། བདེན་པ་སྨྲ་བའི་ལྕེ་ནི་ངོ་ཚས་ཤི།”ཞེས་བྱུང་།   
            “དེས་ན་རང་རེའི་བོད་པ་རྣམས་ལ་ཡང་སྔོན་གྱི་དུས་ན་རྒྱལ་ཁབ་ཀྱི་ས་ཁྱོན་རྒྱ་གར་གྱི་མྱ་ངན་མེད་དང་།  རྒྱ་ནག་གི་ཐང་གི་རྒྱལ་ཁམས་བྱུང་བས། རྒྱལ་བློན་སོགས་ཀྱི་ལོ་ཟླ་རེ་བཞིན་ཅི་མཛད་ཀྱི་ཡི་གེ་རྒྱས་པར་ཡོད་པར་གོར་མ་ཆག་མོད།  ལི་ཡུལ་ནས་གསར་རྙེད་དག་ལ་ཡང་། དུས་ཕྱིས་ཐུགས་ཀ་ནས་དམག་བྱུང་བའི་གཏམ་རྒྱུད་གོང་ནས་གོང་དུ་འཕེལ་ཏེ།   དུས་བསྒྲིགས་པའི་རྒྱལ་རབས་འོག་ནས་འོག་ཏུ་ཆག   དེ་བཞིན་དུས་ཚོད་བསྒྲིགས་ཏེ། རྟ་དབྱངས་ཕྱོགས་གླང་གི་དུས་སུ་བྱུང་ན་ཀ་ནི་ཤ་ཀ་དེའི་སློབ་མར་མི་འགྲིག་སོགས་ཞིབ་ཏུ་སྨྲ་བ་ལ།  ཐོས་རྒྱ་དང་ཤེས་རབ་བཟང་པོ་ཞིག་དགོས་པས།   སྨྲ་མཁན་ལ་ཡང་ཚེགས་ཆེ།   མཉན་མཁན་གྱི་དད་པ་ཡང་ཆུང་ངུར་འགྲོ། དེ་ལས་ལོ་ཧྲིལ་པོ་རྒྱ་གར་དུ་བཞུགས་པ་དང་།    དེའི་དགུན་བོད་དུ་བྱོན་པ་དང་།   དབྱར་རྒྱ་ནག་ཏུ་གྲོང་བ་སོགས་ཅི་ཐོས་ཐོས་བྲིས་ནས་སྐད་ཅིག་བསྐལ་བ་དང་། བསྐལ་བ་སྐད་ཅིག་ཏུ་བསྒྱུར་བའི་བདག་ཉིད་ཆེན་པོའི་རྣམ་ཐར་གདུལ་བྱ་སོ་སོའི་ངོར་བསྟན་པ་ཡིན་པས། ཅུང་ཟད་ཙམ་ཡང་མི་འགལ་ཞེས་སྨྲས་ཚེ་རླབས་ཆེ་ལ་བྱིན་ཆགས།   སྨྲ་མཁན་གྱིས་ཀྱང་གང་འདོད་འདོད་བྲིས་ན་འགལ་བ་མེད་པས་ཀུ་ཡངས། ཉན་མཁན་ཀྱང་བག་གྲོ་བ་ཞིག་འོངས་པས།    ཐམས་ཅད་ཀྱིས་སྔ་མའི་ཕྱོགས་སུ་བཟུང་། གལ་ཏེ་འཕགས་ཆེན་གྱི་རྣམ་ཐར་ཡིན་པས་དུས་སྒྲིག་མི་བཏུབ་ན། སངས་རྒྱས་ནི་འཕགས་ཆེན་གྱི་གཙོ་བོ་ཡིན་པས།  ཁྱེད་ཅག་གིས་དགོངས་སྙིང་རྟ་ཡིན་པ་སོགས་ཞིབ་ཏུ་དཔྱད་ནས་ཅི་བྱེད།  ངས་ཀྱང་ཀུན་དགའ་བོ་ཀླུ་སྒྲུབ་ཀྱི་ཀློག་གི་སློབ་དཔོན་དུ་སྨྲ་ཡི་གནོད་པ་སྟོན་ཅིག དེ་ན་འདི་ལྟ་བུའི་ཕྱོགས་ལ་འུར་བསླངས་ནས་བདེན་གཏམ་སྦྲང་མའི་སྐད་ཙམ་མཆིས་པ་རྣམས་དབུགས་ཐག་མི་བཅད་པར་གསོལ་བ་འདེབས།  ངོ་མཚར་ཅན་གྱི་གཏམ་རྒྱུད་ཆོས་ལྡན་གྱི་བྱུང་རབས་སུ་བྱས་པ་དག་གི་ཁྲོད་ན་ཡང་ཨི་ར་ཡེལ་གྱི་རྒྱལ་པོ་སོ་ལོ་མོན་གྱིས་ཞལ་ལྕེ་བཅད་པའི་གཏམ་དང་།   མ་ཁ་དང་བ་ག   ཏ་ཟིག་གི་ཀླ་ཀློ་རྣམས་ཀྱི་གནའ་བོའི་གཏམ་རྒྱུད་མི་དང་ཡུལ་གྱི་མིང་ཙམ་བརྗེས་ནས་ཧྲིལ་བོར་ཡོད་པ་ཟུར་ཙམ་བཀླགས་པས་ཀྱང་ཤེས་ནུས་པ་ཡང་མང་དུ་ཡོད་པ་ཡིན།  དཔེར་ན་གེ་སར་ཡང་གྲུ་གུའི་རྒྱལ་པོ་མི་ཉག་ལ་གཡུལ་འགྱེལ་མཁན་ཞིག་ཡོད་པ་དེའི་གཏམ་ཡིན་མདོག་ཁ་བས་ཙ་བ་ཙམ་ཡོད་ཀྱང་མི་སྲིད་མོད། ཆེ་ཆེར་ཐལ་བས་མཛུབ་མོ་འཛུགས་ས་འདི་ཡིན་སྟོན་རྒྱུ་མེད་པ་ཞིག་ཡིན་ནོ།།”⑿ཞེས་བྱུང་། དེས་ན་ད་ལྟའི་དུས་སུ་ལོ་རྒྱུས་ལ་དཔྱད་པ་གཏོང་བཞིན་པའི་བོད་པའི་ཆོས་སྲིད་མཁས་པ་རྣམས་ཀྱིས་རང་གི་སྲོལ་རྒྱུན་ལོ་རྒྱུས་ལ་ཇི་ལྟར་བལྟ་བའི་འདུ་ཤེས་དང་།   དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་དངོས་གཙོ་སྨྲ་བ་“མངོན་འགྱུར་རྟགས་ཀྱི་བདེན་པ་ར་སྤྲོད་པ་”དང་“མིའི་ལོ་རྒྱུས་ས་ཐོག་ཏུ་བྱུང་བ་”འབྲི་བའི་རིགས་ལམ་ཐད་བླང་བྱ་གང་དག་ཡོད་ཅེ་ན།   གཙོ་བོ་བོད་ལ་ད་ལྟའི་བར་ཡང་དག་པའི་མཚན་ཉིད་རིག་པའི་ལྟ་བ་དང་དེང་རབས་ལོ་རྒྱུས་རིག་པའི་ལྟ་བ་མ་ཚུགས་པ་སྟེ། བདེན་ལུགས་འཛིན་པ་ན་“སྲོག་ལ་བབས་ཀྱང་འབད་པས་བསྲུང་བར་བྱ་”བའི་བདེན་ལུགས་སྨྲ་བའི་སྙིང་སྟོབས་ཞན་པ་དང་།   རིག་གནས་ཀྱི་བློ་སྤོབས་“བདེན་གཏམ་སྦྲང་མའི་སྐད་ཙམ་”འབྱིན་པ་དང་བྲལ་བ།   རྨོངས་བཤད་“ཐུགས་ཀ་ནས་དམག་བྱུང་བ་”སོགས་ལ་འུར་ལངས་དགའ་བ་སོགས་བོད་མི་རིགས་ཀྱི་རིག་གནས་གཤིས་ཀ་མི་ལེགས་པ་འདི་དག་ཤིན་ཏུ་ཉེན་ཁ་ཚ་བས་ངེས་པར་དུ་བསྐྱུངས་དགོས་སོ།།  
            གཞན་ཡང་རང་རེའི་བསྟན་པ་ཕྱི་དར་སྐབས་ཀྱི་ཆོས་འབྱུང་ལོ་རྒྱུས་དག་ཏུ་ནི།  སྒྲུབ་བྱེད“ལུང་དང་རིག་པ་དངོས་དཔང་”གསུམ་ལས་ལུང་གཙོ་བོར་བྱེད་པས་ན། ཞལ་ཆེམས་ལུང་བསྟན་དང་གཏེར་ཆོས་ལུང་བསྟན་རྣམས་དང་།  གྲུབ་མཐའི་སྲོལ་འབྱེད་པ་རྣམས་ཀྱི་རྔོ་རྗེ་ལུང་རྣམས་སྒྲུབ་བྱེད་གཙོ་བོར་འཛིན་པར་མ་ཟད། ཐ་ན་ལྷ་སྒྲུང་དང་ངག་རྒྱུན་ལ་གཏོགས་པ་ངོ་མཚར་གཏམ་རྒྱུད་དང་སྒྲུང་རྒྱུད་རྣམས་ཀྱང་སྒྲུབ་བྱེད་ལུང་དུ་འགོད་པ་མང་། བོད་གནའ་རབས་ཀྱི་སྲོལ་རྒྱུན་ལོ་རྒྱུས་རིག་པ་ལྟར་ན།   ལུང་ནི་ལོ་རྒྱུས་ཞིབ་འཇུག་རིགས་ལམ་ཀྱི་རྩ་བར་འཛིན་པ་དང་། ཕྱོགས་ཞེན་དུ་གྱུར་བའི་ཨུ་ཚུགས་ཀྱི་རིག་འདེད་ཀྱང་མི་ཉུང་བ་མཐོང་ཞིང་།  སོ་སྐྱེས་ཀྱི་མཐོང་རྒྱ་དང་རྒན་པོ་རྣམས་ཀྱི་མྱོང་བརྒྱུད།  རིག་དངོས་ཀྱི་དཔང་པོ་དེ་རྣམས་བློ་ཆུང་བྱིས་པའི་གོ་སྟོབས་སུ་ངོས་འཛིན་པར་བྱེད། “དེས་ན་སངས་རྒྱས་འཁྲུངས་བའི་སྔོན་དུ་བྱུང་བ་དག་ལ་ནི། དེ་ལྟ་བུའི་མཚན་མ་དང་། རྗེས་ཤུལ་གང་ཡང་རྙེད་མི་ནུས་པས་འཆད་པ་ན་ཡང་ལུང་ཙམ་ལ་བརྟེན་དགོས་ཤིང་།   ལུང་དེ་དག་ཀྱང་ནང་ཕན་ཚུན་མཐུན་པ་མ་ཡིན་པས། འདི་བདེན་ནམ་དེ་མི་བདེན་ཅེས་དཔྱད་པ་ན་ཡང་།  དཔལ་ཆོས་ཀྱི་གྲགས་པ་སློབ་མ་དང་བཅས་པ་རྣམས་ཀྱིས་ལན་གཅིག་མིན་པར་གསུངས་པ་བཞིན།   ལུང་རྣམས་ནི་གཅིག་ལ་གཅིག་ངེས་པ་བསྐྱེད་པའི་གེགས་བྱེད་ནུས་ཀྱི་ཕན་ཚུན་གནོད་སྒྲུབ་ཏུ་ཁྱེར་དཀའ་བས་སོ། དེའི་ཕྱིར་རྒྱལ་པོ་ང་ལས་ནི་ལྟ་བུ་ཞིག་ལ་ཕྱི་ནང་གི་ལོ་རྒྱུས་མི་མཐུན་པ་གཉིས་བྱུང་ཚེ། རང་རང་སོ་སོའི་རྗེས་འབྲངས་དག་གིས་རྒྱུ་མཚན་མེད་པར་དད་པས་ཡིད་ཆེས་ན་ནི་དེར་ཟད་ཀྱི་ཕན་ཚུན་བསྡུར་ཏེ་འདི་གཉིས་ཀྱི་ནང་ནས་གང་བདེན་ཅེས་རྩོད་ཚེ་གཅིག་གིས་གཅིག་ནམ་ཡང་སུན་ཕྱུངས་མི་ནུས་པས་ཕན་ཚུན་ཁྲོ་ཞིང་ཚིག་རྩུབ་སྨྲ་བ་ཙམ་གྱི་མཐའ་ཅན་དུ་འགྱུར་རོ།།  དེ་བཞིན་ལུང་མང་པོ་ཤིན་ཏུ་ལྐོག་ཏུ་སོང་བ་རྐྱང་བསྟན་ནས་གནས་གཞན་གཉིས་ཀྱི་སྐོར་ཅི་ཡང་མ་བཤད་པ་མང་བས་དེ་དག་ལ་ཅི་ལྟར་བརྟག་གོ།  དེས་ན་ཤིན་ལྐོག་སྟོན་པའི་ལུང་ལ་བརྟག་ཐབས་ཅི་ཙམ་བཤད་ཀྱང་མཐར་གཏུགས་ཚེ།  ལུང་དེའི་ནང་ན་རང་ཚིག་སྔ་ཕྱི་འགལ་བ་ཡོད་མེད་བལྟ་བ་འདི་ཙམ་ལས་གཞན་མེད་པ་ཡིན་ལ། ཤེས་རབ་ཅན་རྣམས་ཀྱིས་རང་དགར་བློ་བཟོ་བྱས་པའི་ལོ་རྒྱུས་རྣམས་ལ་ཡང་རང་ཚིག་སྔ་ཕྱི་མི་འགལ་བ་སྟོན་ནུས་པ་དུ་མ་ཡོད་པས་འདི་ཤིན་ཏུ་ཡང་དབྱེ་དཀའ་མོད། ཚིག་དོན་ཤིན་ཏུ་མད་པ་ཞིག་གོ། དེའི་ཕྱིར་བདེན་རྫུན་ཇི་ལྟ་བས་ཀྱང་རུང་གི་ངོ་མཚར་ཧ་ཅང་ཐལ་ཆེ་བའི་གཏམ་རྣམས་ལོ་རྒྱུས་དཀྱུས་མ་དང་མ་བསྲེས་པར་ཟུར་དུ་བཤད་ན། དད་པ་མི་ཉམས་པ་དང་། རྒྱལ་རབས་མི་འཇིག་པ་དང་།  བླུན་པོ་སྨྲ་ཁམས་ཅན་རྣམས་ལང་ལ་མི་འཆོར་བ་སོགས་ཀྱི་དགོས་པ་རྒྱ་ཆེན་པོ་མཆིས་སོ།”⒀ཞེས་བྱུང་། དེང་རབས་ལོ་རྒྱུས་རིག་པ་དང་དམ་པ་འདིའི་ལྟ་བ་ལྟར་ན།  ལོ་རྒྱུས་ཞིབ་འཇུག་རིགས་ལམ་ཀྱི་ཆེས་རྩ་བ་ནི“སྨྲ་ཤེས་ཀྱི་དངོས་པོ་”དང“སྲོག་ལྡན་གྱི་ལོ་རྒྱུས”ཞེས་བྱ་བ། རིག་དངོས་ཀྱི་དཔང་པོ་མངོན་སུམ་པ་ལ་ཡང་དག་རིགས་ལམ་གྱིས་དཔྱད་པ་དེ་གཙོ་བོར་འཇོག་དགོས་ཤིང་། ལུང་ལ་ནི་ཚད་ལྡན་ཡིན་མ་ཡིན་དང་དག་མ་དག  གཟུ་བོར་གནས་མ་གནས་དང་སྨྲ་བ་པོ་མཁས་མི་མཁས་སོགས་ཀྱི་དབང་གིས་བདེན་རྫུན་སྣ་ཚོགས་སུ་འབྱུང་བས།  འཛམ་གླིང་ཁོར་མོ་ཡུག་ཏུ་ཆོས་ལུགས་ཡོད་དོ་ཅོག་གི་སྟོན་པ་རྣམས་ཀྱིས་མགྲིན་གཅིག་ཏུ་འདོད་པའི་ལུང་རྣམས།“འཛམ་གླིང་རིལ་མོ་ཡིན་པ་”དང་“གོ་ལས་ཉི་མར་བསྐོར་བ་”སོགས་དངོས་དཔང་ལ་བརྟེན་པའི་བདེན་པ་གཅེར་བུ་དེ་དག་གིས་དུས་གཅིག་ལ་རྡུལ་དུ་བརླག་པ་དེའང་ལུང་ལ་མཐའ་གཅིག་ཏུ་ཡིད་སྟོན་མེད་པའི་མངོན་རྟགས་ཡིན།   རིག་པ་ལ་ཡང་གང་ཟག་ཅིག་གི་ཤེས་རབ་དང་མཐོང་རྒྱའི་དབང་གིས་རྣམ་དག་ཡིན་མ་ཡིན་དང་རྣོ་མི་རྣོ་ཡི་ཁྱད་པར་ཡོད་དེ།   རིག་པ་ཚད་ལྡན་ཡིན་མིན་ནི་གང་ཟག་དེའི་མཚན་ཉིད་རིག་པའི་ལྟ་བ་ཚད་ལྡན་ཡིན་མིན་ལ་རག་ལས།  མཚན་ཉིད་རིག་པའི་ལྟ་བ་ནི་གཞུང་ལུགས་ཀུན་གྱི་རྒྱལ་པོ་ལྟ་བུ་ཡིན། མཚན་ཉིད་རིག་པའི་ལྟ་བ་ནོར་ན་གཞུང་ལུགས་མཐའ་དག་ནོར་སྲིད་ལ།   སྒྲུབ་བྱེད་རིག་པ་དེའང་ནོར་ཞིང་ཞིབ་འཇུག་གི་སྡོམ་ཚིག་རྣམས་ཀྱང་རང་ཤུགས་ཀྱིས་ནོར་བ་ཡིན་པས།    དེ་ལ་མཁས་པ་འཕྱུགས་ན་འདོམ་གང་བྱ་བ་དེ་ཡིན།   
            དེ་བཞིན་ལྷ་སྒྲུང་དུ་གྱུར་བ་འདི་དག་གི་ལོ་རྒྱུས་རྒྱབ་ལྗོངས་གསལ་བོར་བྱེད་རྒྱུ་དེ་ཡང་ལོ་རྒྱུས་རིག་པའི་ལས་འགན་གལ་ཆེན་ཞིག་ཡིན། དཔེར་ན། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས།  ལྷ་དང་ལྷ་མིན།  དྲི་ཟ་དང་གནོད་སྦྱིན།  ཀླུ་དང་མིའམ་ཅི་སོགས་ཨརྱན་ཀྱི་རུས་རྒྱུད་ལས་རྙེད་པ་དང་། བིདེཧ་ལུས་འཕགས་གླིང་གི་ཡུལ་ཤར་ཕྱོགས་ཡངས་པ་ཅན་གྱི་ཡུལ་དུ་ད་ལྟའི་བར་དུ་ཡོད་པ་དང་།  གོདལྦརི་བ་གླང་སྤྱོད་ཀྱི་སྐད་དོད་ད་ལྟ་ཡང་མིང་དེ་བཞིན་རྒྱ་གར་ནུབ་ཏུ་ཡོད་པ།   ཀུརུ་སྟེ་སྒྲ་མི་སྙན་གྱི་སྐད་དོད་རྒྱ་གར་བྱང་རང་དུ་ཡོད་པ།  “གླིང་རྣམས་ཀྱི་སྐད་དོད་བིདེཧ། གོདལྦརི། ཀུ་རུ་རྣམས་ཤེས་པར་བྱས་ནས་ཨཙར་སོགས་རྒྱ་གར་རྒྱུས་ཡོད་ཅིག་ལ་དྲིས་ན་གསལ། གླིང་བཞིའི་སྐད་དོད་《སྒྲ་སྦྱོར་བམ་གཉིས་》སུ་ཡང་དེ་ག་རང་དུ་མཛད་དོ།   དེ་ལྟར་གླིང་བཞི་ག་ཕྱོགས་ཀྱང་མ་འཛོལ་བར་རྒྱ་གར་རང་དུ་ཆ་ཚང་ཞིག་བྱུང་བ་ངོ་མི་མཚར་རམ།  འདི་དེ་རིང་གི་བར་དུ་རྒྱ་བོད་མི་སུ་ལ་ཡང་སྣང་བ་མ་བྱུང་འདུག་གོ  འདི་དག་བསམ་ཚེ་ཡིག་རིགས་དྲུག་བཅུ་རྩ་བཞིའི་ནང་དུ་ཡུལ་གྲུ་མི་འདྲ་བ་དུ་མའི་ཡི་གེ་བགྲང་བའི་ཁྲོད་ན། ལྷ་དང་། ཀླུ་དང་། གནོད་སྦྱིན། དྲི་ཟ། མིའམ་ཅི། ལུས་འཕགས། བ་གླང་སྤྱོད། སྒྲ་མི་སྙན་ལ་སོགས་པའི་ཡི་གེ་བགྲང་བ་དེ་ཡང་རྒྱ་གར་ན་སྔོན་དར་བའི་ཡུལ་གྲུ་དེ་སྐད་བྱ་བ་དག་གི་ཡི་གེ་མི་འདྲ་བ་རྣམས་ཡིན་སྙམ་ཞིང་། ད་དུང་ཡང་ལུས་འཕགས་ཕྱོགས་སུ་ཡི་གེ་མེད་མོད།   སྐད་ཟུར་བ་ཞིག་ཡོད་པ་དེ་ལ་མིཐིལི་ཞེས་བརྗོད་ཅིང་།  མིཐིལ་ལུས་འཕགས་ཀྱི་གྲོང་ཡིན་པ་འདུལ་བ་ལུང་དུ་ཡང་གསལ་ལ་སྐབས་འགར་དེ་ལུས་འཕགས་ཀྱི་སྐད་དོད་དུ་ཡང་བྱས་འདུག་གོ་”⒁ཞེས་བྱུང་།  ལོ་རྒྱུས་དོན་རྐྱེན་རྣམས་སོ་སོ་འབྱུང་བའི་དུས་དང་རྐྱེན་ངེས་ཅན་དང་ངེས་པར་འབྲེལ་ནས་འཕེལ་བས།  དོན་རྐྱེན་ཞིག་ལོ་རྒྱུས་སུ་འགྱུར་དགོས་ན་བྱ་དངོས་དེ་ཐོག་མར་ལོ་རྒྱུས་སྟེང་ཇི་ལྟར་བྱུང་བ་དང་། དེ་ནས་འཕེལ་རྒྱུས་འཕོ་འགྱུར་གྱི་གོ་རིམ་གང་དག་བརྒྱུད་མྱོང་བ།    འཕེལ་རྒྱུས་འཕོ་འགྱུར་གྱི་གོ་རིམ་ཁྲོད་ཕྱི་ནང་གི་རྐྱེན་གང་དག་དང་འབྲེལ་བ་བྱུང་བ། འབྲེལ་བ་དེ་དག་གི་མཐའ་འབྲས་ལ་ད་ལྟའི་གནས་སྟངས་དང་རྣམ་པ་ག་འདྲ་ཡིན་པ། ཡང་ན་ད་ལྟའི་རྒྱུ་རྐྱེན་དང་འཕོ་འགྱུར་གྱི་ཆོས་ཉིད་ལ་དཔག་ནས་མ་འོངས་པ་ན་ཇི་ལྟ་བུར་འགྱུར་འགྲོ་བ་སོགས་ཀྱི་ཚོད་དཔོག་རྣམས་ཀྱང་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་ངེས་ཅན་ཞིག་རྨང་གཞིར་འཛིན་པ་མ་གཏོགས།  མིའི་དབང་ཤེས་ལྔའི་ནུས་པ་ལས་འགོངས་པའི་དབང་ཤེས་དྲུག་པའི་ལྟ་བ་དང་།  རྟེན་འབྱུང་གི་ནུས་པ་དང་བྲལ་བའི་ལོ་རྒྱུས་ཀྱི་འབྲས་བུ་ཞིག་འབྱིན་འདོད་པ་དེ་ནི་དེང་རབས་ལོ་རྒྱུས་སྨྲ་བ་རྣམས་ཤིན་ཏུ་ཁྲེལ་བའི་གནས་སོ།།
དྲུག ཁོང་གི་ལུང་རིགས་དངོས་དཔང་སུམ་སྦྱོར་གྱི་ལོ་རྒྱུས་དཔྱད་བསྡུར་རིག་པའི་ཁྱད་ཆོས།   
            དགེ་འདུན་ཆོས་འཕེལ་གྱིས་ལོ་རྒྱུས་རིག་གནས་ལ་དཔྱད་པ་གཏོང་སྐབས་ཁྱད་ཆོས་གལ་ཆེན་འགའ་ཡོད་པ་ལས། གཅིག་ནི་ལུང་རིགས་དངོས་དཔང་གསུམ་འཛོམས་པའི་སྟེང་ནས་དཔྱད་པ་དང་།  གཉིས་ནི་མི་རིགས་དང་སྐད་རིགས་སོ་སོ་བའི་སྟེང་གི་ལོ་རྒྱུས་ཡིག་ཆ་བསྡུར་ནས་ཟུར་བལྟ་བྱེད་པ། གསུམ་ནི་ལོ་རྒྱུས་དང་འབྲེལ་བའི་ཤེས་རིག་ཚན་ཁག་སོ་སོའི་རིགས་ལམ་དང་ཞིབ་འཇུག་འབྲས་བུ་སྤྱད་ནས་ལོ་རྒྱུས་ལ་འགྲེལ་བཤད་བྱེད་པ་དེ་ཡིན། འདི་ལྟ་བུའི་ཞིབ་འཇུག་ཐབས་ཤེས་དང་རིགས་ལམ་དེ་ཕྱི་གླིང་དེང་རབས་མཚན་ཉིད་རིག་པའི་ལྟ་བ་དང་སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་ཞིབ་འཇུག་སྐབས་ཀྱི་“དོགས་སློང་དང་འཚོལ་ཞིབ།   གསར་འགྲེལ”བྱེད་པའི་ཞིབ་འཇུག་བསམ་བློ་དང་ཐབས་ཤེས་གསར་བ་ཡིན།   
དཔེར་ན། ལུང་རིགས་དངོས་དཔང་གསུམ་འཛོམས་པའི་སྟེང་ནས་དཔྱད་པའི་དཔྱད་རྩོམ་ལ་“རི་བོ་ཧི་མ་ལའི་བསྟན་བཅོས་”ལས་རི་ཁ་བ་ཅན་དང་གངས་ཅན་ནགས་ཞེས་པ་ལས་འཕྲོས་ཏེ་བསྟན་བྱ་གངས་ཅན་ནགས་ཀྱི་ཡུལ་ངོས་བཟུང་བའི་སྟེང་། ཡིག་ཚང་རིག་པའི་མིག་རྒྱང་གིས་མདོ་སོགས་ལས་བྱུང་བའི་གངས་ཅན་དང་སེང་གེ་སྐོར་གྱི་ལུང་དང་།    ས་ཁམས་རིག་པ་དང་སྲོག་ཆགས་རིག་པ། སྐྱེས་དངོས་རིག་པ།  ལོ་རྒྱུས་རིག་པ།  སྐད་བརྡ་རིག་པ།  ཡི་གེ་རིག་པ། གནའ་རྫས་རིག་པ། དམངས་སྲོལ་རིག་པ།  མཛེས་རིས་རིག་པ། ལོ་ཙཱ་རིག་པ། ལྷ་སྒྲུང་རིག་པ་བཅས་ཤེས་རིག་ཚན་ཁག་གང་མང་གི་མིག་རྒྱང་གིས་འཚོལ་ཞིབ།  གསར་འགྲེལ་བྱེད་པའི་ཞིབ་འཇུག་བསམ་བློ་དང་ཐབས་ཤེས་གསར་བ་ཡིན་ཏེ།    སྐབས་དེ་དག་ཏུ་ཞིབ་འཇུག་ཐབས་ཤེས་དང་རིགས་ལམ་གསར་བ་འདི་སྤྱོད་མཁན་བོད་ན་དགེ་འདུན་ཆོས་འཕེལ་གཅིག་པུ་མ་གཏོགས་བྱུང་མི་འདུག ཁོང་དང་དུས་མཚུངས་མཁས་པ་རྣམས་ཀྱིས་ནི་སྲོལ་རྒྱུན་གྱི་ཞིབ་འཇུག་བྱེད་ཐབས་ཏེ་གཏན་ཚིགས་ཁོ་ནའི་རིགས་ལམ་ལ་བརྟེན་ནས“དགོངས་འགྲེལ་”དང་“ཡང་འགྲེལ་”སོགས་འགྲེལ་བ་ཁོ་ནའི་སྟེང་དགག་བཞག་སྤང་གསུམ་བྱེད་པའི་ཞིབ་འཇུག་བྱེད་ཐབས་སྤྱོད་པ་ཡིན།  
            ལོ་རྒྱུས་དཔྱད་གཞིའི་ཡིག་ཆ་སྣ་ཚོགས་ཀྱི་དཔྱད་བསྡུར་ལ་བརྟེན་ནས་ལོ་རྒྱུས་ཀྱི་བདེན་རྫུན་ལ་བརྡར་ཤ་གཅོད་པ་དེ་ལོ་རྒྱུས་རིག་པའི་ཞིབ་འཇུག་རིགས་ལམ་ཁྱད་པར་བ་ཞིག་ཡིན་ལ། ཁྱད་པར་དུ་དགེ་འདུན་ཆོས་འཕེལ་ཀྱིས་རྒྱུན་དུ་སྤྱོད་པའི་ལོ་རྒྱུས་ཞིབ་འཇུག་གི་རིགས་ལམ་གཙོ་བོ་ཞིག་ཡིན།  ཁོང་གི་ལོ་རྒྱུས་ཞིབ་འཇུག་གི་རྒྱུ་ཆའི་ཁྲོད་དུ།  གདོད་མའི་ལྷ་སྒྲུང་དང་དམངས་ཁྲོད་ངག་རྒྱུན་གྱི་རྒྱུ་ཆ་མང་བ་མ་ཟད།  སྲིད་སྐྱོང་རྒྱལ་རབས་དང་བློན་རབས་ཀྱི་ལོ་རྒྱུས་མང་བ་དང་།  བོད་ཁམས་སུ་བྱུང་བའི་ལོ་རྒྱུས་ཡིག་རྙིང་གི་རྒྱུ་ཆ་མང་བ།  རྒྱ་གར་ཏ་ཟིག་སོགས་སུ་བྱུང་བའི་བོད་ཀྱི་རྒྱུ་ཆ་མང་བ།  བོད་རིགས་རང་གིས་བྲིས་པའི་ལོ་རྒྱུས་རྒྱུ་ཆ་མང་བ།  རྒྱ་དང་མི་རིགས་གཞན་གྱིས་བྲིས་པའི་ལོ་རྒྱུས་རྒྱུ་ཆ་བེད་སྤྱོད་བཏང་བ།  གཞན་ཡང་ལོ་རྒྱུས་རིག་པ་དང་དམངས་སྲོལ་རིག་པ།    ཆོས་ལུགས་རིག་པ་དང་ལྷ་སྒྲུང་རིག་པ། རྩོམ་རིག་རིག་པ་དང་སྤྱི་ཚོགས་རིག་པ།   སྐད་བརྡ་རིག་པ་དང་ཡི་གེ་རིག་པ་སོགས་ཤེས་བྱའི་ཚན་ཁག་གི་ཞིབ་འཇུག་རིགས་ལམ་དང་ཐབས་ལམ་སྤྱད་དེ་ལོ་རྒྱུས་རིག་པར་ཞིབ་འཇུག་མཛད་པ་མང་།  དཔེར་ན།  རང་རེའི་བོད་ཀྱི་ས་ཁམས་དང་ཡུལ་ཁམས་སུ་བྱུང་བའི་ལོ་རྒྱུས་ཀྱི་ཡིག་རིགས་དང་རྒྱུ་ཆ་རྣམས་རྨང་གཞི་བྱེད་པ་ལྟ་ཅི། རྒྱལ་ཁབ་གཞན་དང་ཡུལ་ཁམས་གཞན།  མི་རིགས་གཞན་དང་སྐད་རིགས་གཞན། ཤེས་རིག་ཚན་ཁག་དང་རིགས་ལམ་གཞན་ནས་བྱུང་བའི་རྒྱུ་ཆ་རྣམས་ཕྱོགས་བསྡོམས་དང་ཞིབ་བསྡུར་བྱས་ནས་ལོ་རྒྱུས་ཀྱི་གལ་གནད་གཙོ་བོ་རྣམས་ལ་དགག་གཞག་གི་སྡོམ་ཚིག་འགོད་པ་འདི་ལ་བདེན་པའི་གནས་ལུགས་དང་ཞིབ་འཇུག་ཐབས་ལམ་ཀྱི་རིན་ཐང་ཤིན་ཏུ་ཆེ།   《དེབ་ཐེར་དཀར་པོ་》ལས་རྒྱ་ནག་གི་ལོ་རྒྱུས་ཚད་མ།  ཟི་མ་ཆིན་གྱི་《ལོ་རྒྱུས་དེབ་ཐེར་》དང་།  ཟི་མ་ཀོང་གི་《སྲིད་སྐྱོང་མེ་ལོང་》   ཆེན་པོ་ཐང་གི་ལོ་རྒྱུས་ཅིན་རྗེས་མའི་ལིག་ཞུན་སོགས་ཀྱིས་ལོ་ཚིག་བསྒྲིགས་པ་《ཐང་ཡིག་རྙིང་མ་》དང་།  སུང་རྒྱལ་རབས་ཀྱི་ཨོ་ཡང་ཞུག    སུང་ཆི་སོགས་ཀྱིས་མཛད་པའི་《ཐང་ཡིག་གསར་མ་》སོགས་ལས་ཐད་ཀར་བོད་ཀྱི་ལོ་རྒྱུས་སྒྲུབ་བྱེད་དུ་དྲངས་ནས་བྲིས་པ་དང་། གཞན་ཡང་རྒྱ་གར་དང་རྒྱ་ནག བལ་བོ། ལི་ཡུལ། དྲུ་གུ་འཇང་དང་ཧོར་སོགས་མི་རིགས་གཞན་གྱི་ལོ་རྒྱུས་ཡིག་ཆ་ལས་བྱུང་བའི་བོད་ཀྱི་ལོ་རྒྱུས་དམ་དུམ།  ཏུན་ཧོང་ནས་བྱུང་ཞིང་ཕྱི་གླིང་དུ་འཁྱར་བའི་བོད་ཀྱི་ལོ་རྒྱུས་ཡིག་ཚང་ལག་བྲིས་མ་གདོད་མའི་ངོ་བོ་མ་འགྱུར་ཞིང་ཕྱི་མའི་བྲིས་ལྷད་མ་ཞུགས་པ།  དུས་དང་པོ་ཤོག་གུ་གང་ལ་སྣག་སྨྱུག་གང་གིས་ཡིག་གཟུགས་གང་བྲིས་པ་ད་ལྟ་ལྟར་དུ་ཡོད་པ། དེབ་ཐེར་གཉིས་ཙམ་ལོང་བ་འདི་དག་ལ་རིགས་པས་དཔྱད་ཅིང་བརྟགས་ནས་བོད་ཀྱི་ལོ་རྒྱུས་སུ་བཀོད་ཡོད་པས།   ལོ་རྒྱུས་ཀྱི་རིག་དངོས་དང་ཡིག་ཆ་རྒྱ་ཆེན་པོ་ལ་བརྟེན་ནས་བོད་ཀྱི་ལོ་རྒྱུས་རིག་པར་ཞིབ་འཇུག་བྱས་པའི་འབྲས་བུ་འདི་ཡང་དགེ་འདུན་ཆོས་འཕེལ་ཉིད་ཀྱི་ཁྱད་ཆོས་ཡིན་ལ། ཁོང་ཉིད་ཡིག་རིགས་མང་པོར་བྱང་ཞིང་ལོ་རྒྱུས་རིག་པར་ལྷན་སྐྱེས་ཀྱི་བག་ཆགས་རྣོ་བ། ཐོས་པ་མང་དུ་མཛད་ཅིང་ཡུལ་ཁམས་མང་པོར་ཉུལ་བ།  རིགས་ལམ་གསར་བ་དང་རིག་གནས་ཀྱི་སྙིང་སྟོབས་གཞན་ལས་ཁྱད་དུ་འཕགས་པའི་མཐུན་རྐྱེན་དང་འབྲལ་ཐབས་མེད་དོ།།
            ལུང་ཁུངས།
            ①②《དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས》ཐུབ་བསྟན་ཆོས་དར། རྒྱ་གར་ཕྱག་བྲིས་མ།  1979ལོའི་ཟླ་10པ།  P13     P140
            ③《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》  དེབ་བཞི་བ་བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་།   1990ལོ།  P211/212  
            ④⑤⑥⑩⑾⒀⒁《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》དེབ་དང་པོ། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་།   1990ལོའི་ཟླ་4པ།   P86    P87   P188   P182   P186    P188   P162  
            ⑦⑿《གེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》 དེབ་གཉིས་པ། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་།   1990ལོའི་ཟླ་4པ།  P94 P95  
            ⑧⑨《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》 དེབ་གསུམ་པ། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་།  1990ལོའི་ཟླ་4བ། P220   P223  
            དཔྱད་རྩོམ་འདི་《རྒྱལ་གཅེས་བོད་རིག་པའི་མཁས་པ་དགེ་འདུན་ཆོས་འཕེལ་གྱི་རིག་གཞུང་བསམ་བློ་》ཞེས་པའི་ནང་ཚན་ཡིན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1